རྨི་ལམ་ནས་བླ་མ་བཙལ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-06-24 12:59:56     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

         སུ་ལ་རྨི་ལམ་དུ་བླ་མ་འཚོལ་བའི་རྣམ་ཐར་ཡོད་དམ། སུ་ཞིག་གིས་རྨི་ལམ་དུ་དགེ་བའི་བཤེས་གཉེན་བཙལ་ནས་རྙེད་དམ། སུ་ཞིག་གིས་རྨི་ལམ་ནས་བླ་མ་ལས་ཆོས་གསན་བཞིན་ཡོད་དམ། 
        རྨི་ལམ་ནས་བླ་མ་འཚོལ་བའི་སྐོར་ནི་ཁྱོད་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྲིད། འོན་ཀྱང་དེ་ནི་བདག་གིས་རྟོག་བཟོ་བྱས་པའི་གཏམ་རྒྱུད་མ་ཡིན་པར་སྔོན་གྱི་ལོ་རྒྱུས་སུ་འཁོད་པ་ཞིག་ཡིན། 
        རྗེ་ཙོང་ཁ་བ་དགུང་ལོ་སོ་བཞིར་བཞེས་དུས།ཁོང་གི་རྨི་ལམ་ཡ་མཚན་ཞིག་རྨིས། དེ་ནི་ཁོང་གི་རྨི་ལམ་ཡ་མཚན་པ་མང་བོའི་ཁྲོད་ཀྱི་གཅིག་ཡིན།
ཁོང་གིས་ཁྲི་ཆེན་པོ་ཞིག་གི་སྟེང་ན་བླ་མ་ཁྱུང་པོ་ལྷས་པ་ཡིན་ཟེར་བ་བགྲེས་ཉམས་ཅན་དབུ་རྒྱན་གསོལ་ཞིང་རྡོར་དྲིལ་བཟུང་ནས་བཞུགས་འདུག་པ་ཞིག་རྨིས། 
        ད་དུང་ཡ་མཚན་པ་ཞིག་ནི་དེའི་སྐུ་མདུན་ན་ཁོང་རང་བཞུགས་ཤིང་། བླ་མ་བཞེངས་ནས་རྡོ་རྗེའི་འགྲོས་ཀྱིས་གར་སྟབས་དང་བཅས། རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་ནས་རྗེ་རང་ལ་གཡས་བསྐོར་ལན་གསུམ་མཛད། ཨེ་ཀཱ་པ་ཙི་ཀཱ་པ་ཞེས་སྒྲ་བསྒྲགས་ནས། རྗེ་འདིའི་དབུའི་སྟེང་དུ་རྡོ་དྲིལ་བཟུང་ནས་ཀརྨ་བཛྲ་ཞེས་བྱ་བའོ། །ཞེས་གསུངས་ནས་ཁྲི་ལ་བཞུགས་སོང་བ་ཞིག་རྨིས། 
        རྨི་ལམ་རྨིས་པའི་སྐབས་དེར་ཁོང་གིས་གསང་སྔགས་ཀྱི་དབང་ལུང་མན་ངག་བཤད་སྲོལ་ཁུངས་བཙུན་པ་ཡོད་དོ་ཅོག་གསན་རྒྱུའི་དགོངས་པ་གཏད་པའི་དུས་ཡིན། ཁོང་མནལ་སད་པ་ན་ཐུགས་ལ་བདེ་ཉམས་ཆེན་པོ་འཁྲུངས་ཤིང་། རྨི་ལམ་དེ་ནི་ལྟས་ཁྱད་པར་ཅན་ཞིག་ཏུ་དགོངས། 
        ཁོང་གིས་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ཞིག་འཚོལ་བཞིན་ཡོད། དེ་ནས་ཞ་ལུ་རི་སྦུག་ཏུ་བཞུགས་པའི་རིན་པོ་ཆེ་ཁྱུང་པོ་ལྷས་པ་ནི་གསང་སྔགས་ཀྱི་གདམས་པའི་བང་མཛོད་ལྟ་བུ་ཞིག་ཡིན་པ་མཁྱེན་ནས་དེ་ཉིད་ཀྱི་མདུན་དུ་གསང་སྔགས་གསན་པར་འབྱོན་པར་དགོངས།
        དེ་ལྟར་དགོངས་ནས་ཡོད་པའི་ནུབ་གཅིག་ཡང་བསྐྱར་མནལ་ལམ་ཡ་མཚན་པ་ཞིག་བྱུང་། སྐབས་དེ་སླར་ཡང་བླ་མ་དེ་རྨིས་པ་མ་ཟད། བླ་མའི་མཚན་ཡང་གསལ་བོར་རྨིས་ཤིང་ད་དུང་རྨི་ལམ་ནས་བྱིན་གྱིས་བརླབས། 
        ཁོང་གིས་ཁྲི་ཆེན་པོ་ཞིག་གི་སྟེང་ན་རིན་པོ་ཆེ་ཁྱུང་པོ་པ་ཡིན་ཟེར་བའི་བླ་མ་བགྲེས་པོ་ཞིག་བཞུགས་ཤིང་། དེའི་དྲུང་ན་རྗེ་རང་བཞུགས་འདུག་པ་ལ། བླ་མ་དེས་ཕྱག་གཉིས་ཀྱིས་ཐུགས་ཀའི་ན་བཟའ་བསལ་ནས་རྗེན་པར་བསྟན་པ་ན་ཐུགས་ཀར་སྔགས་ཀྱི་འཕྲེང་བ་རིང་པོ་རིམ་པ་དུ་མས་བསྐོར་ཅིང་། འཁོར་ལོ་ཡིག་འབྲུ་རྣམས་ཁྲ་ཧྲམ་མེ་འདུག་པའི་སྔགས་རྣམས་ཕལ་ཆེར་ཀློག་པ་ཞིག་རྨིས། 
        ཁོང་གིས་རྨི་ལམ་དེ་དག་ལ་ཞིབ་ཏུ་དཔྱད་པས་དེ་ཉིད་རང་ལ་གསང་སྔགས་སྟོན་པའི་བླ་མ་ཡིན་པའི་ངེས་པ་རྙེད་དེ་ཞ་ལུར་ཕེབས། 
        བླ་མ་དེར་མཇལ་བས་རྗེ་བླ་མ་རང་ཉིད་ཀྱང་ཧ་ལས། ཁོང་གི་མདུན་དུ་བཞུགས་པའི་བླ་མ་འདིའི་ལུས་ཀྱི་དབྱིབས་དང་གསུང་གི་གདངས། ཐུགས་ཀྱི་བརྩེ་བ་སོགས་ཡོད་ཚད་སྔར་མནལ་ལམ་དུ་བྱུང་བའི་བླ་མ་དེ་དང་ཁྱད་པར་ཅི་ཡང་མི་འདུག
        དེ་བས་ཁོང་ལ་དད་གུས་སྨྲ་མི་ཤེས་པ་ལྟ་བུ་སྐྱེས། དད་གུས་དེ་ནི་རང་གི་རྨི་ལམ་དེ་དངོས་ཡོད་ཀྱི་བཤེས་གཉེན་དུ་གྱུར་པས་ཡིན་ནམ། དངོས་ཡོད་ཀྱི་ངོ་མཚར་དེ་རྨི་ལམ་གྱིས་གསལ་བོར་བསྟན་པས་ཡིན། 
        བླ་མ་དེས་དབང་གནང་དུས་ཀྱི་གསུང་བཤད་ནི་རྨི་ལམ་ལས་ཀྱང་ཧ་ལས་པ་ཞིག་ཡིན། ཁོང་གིས་དབང་རེ་རེ་གནང་ནས་རྫོགས་དུས་ད་ནི་ཆོས་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་དོ་གསུངས། 
         ཁོང་གིས་རྗེ་བླ་མ་མ་རྙེད་པར་འགྱོད་པ་ནི་གཞན་ལས་ཀྱང་ཆེ་བ་ཤེས་ཐུབ་པ་མ་ཡིན་ནམ།འདི་ལ་བསམ་ན་ཁོང་གིས་རྨི་ལམ་དུ་བླ་མ་བཙལ་བ་མ་ཡིན་པར་བླ་མས་ཁོང་གི་རྨི་ལམ་བརྒྱུད་ནས་ཁོང་འཚོལ་བ་མ་ཡིན་ནམ། 
  
               ༢༠༡༦ཧོར་ཟླ་ལྔ་བའི་ཚེས་བཅུ་དྲུག་དགུང་མོར་བྲིས།


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།