རྗེའི་བསྟོད་པ་ཐོར་བུ་ཕྱོགས་བསྒྲིགས་ས་ལེ་སྦྲམ་གྱི་ཕྲེང་བ།
རྗེའི་བླ་མའི་བསྟོད་པ་ཐོར་བུའི་སྐོར་འདི་རྗེའི་བསྟོད་ཚོགས་ཆེན་མོར་ཚན་པ་ཞིག་གི་ཆེད་དུ་སྡུད་བཞིན་ཡོད་པས་ཁྱོད་ཀྱིས་རང་གིས་མཐོང་ཐོས་བྱུང་བའི་མཁས་པ་དག་ལས་རྗེ་བླ་མར་བསྔགས་པའི་ཚིགས་བཅད་ཐོར་བུ་ཡོད་པ་དག་འདིར་བསྐུར་རོགས་ཞུ་དང་། བདག་གིས་མ་འོངས་པར་ཁྱེད་རྣམ་པའི་གཟིགས་མོར་འགྲེམ་པའི་རྗེའི་བསྟོད་ཚོགས་ཆེན་མོར་འགོད་ངེས་ཡིན།
ཤེས་རབ་བསྟན་དར་གྱིས་ཕུལ།
སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །མང་ཐོས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འདུལ་འཛིན་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འཕྲིན་ལས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །
-----རེད་མདའ་བ་ཆེན་པའི་རྣམ་ཐར་ལས་བཤུས།
སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །མང་ཐོས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འདུལ་འཛིན་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འཕྲིན་ལས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །
-----རེད་མདའ་བ་ཆེན་པོའི་རྣམ་ཐར་ལས་བཤུས།
བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །བླ་མ་བཀའ་བཞི་པའི་བསྟོད་པ་འདི་སློབ་མ་འགས་བསྐུལ་ནས།ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །
-----རྗེ་བཙུན་རེད་མདའ་བའི་གསུང་ཐོར་བུ་ལས་བཤུས།
གཞོན་ནུའི་དུས་ནས་མང་ཐོས་ཕ་རོལ་སོན། །ཕ་མཐའ་ཡས་པའི་བློ་གྲོས་མཁྱེན་པ་རྒྱས། །གང་གི་བློ་ཡིས་སྲིད་པའི་རྒུད་པ་བཅོམ། །བཟང་པོའི་ཐུགས་རྗེས་ཞི་བའི་རྒུད་པ་བསལ། །གྲགས་པའི་འོད་ཀྱིས་འགྲོ་བའི་རྨོངས་པ་སེལ། །རྗེ་བཙུན་ཡབ་སྲས་ཞབས་ལ་སྤྱི་བོས་འདུད། །
-----རྒྱལ་ཚབ་དར་མ་རིན་ཆེན་གྱི་བཞི་བརྒྱ་བའི་རྣམ་བཤད་ལས་བཤུས།
བློ་གྲོས་སྟོབས་ཀྱིས་ཉེས་ཀུན་དྲུངས་ཕྱུང་ནས། །བཟང་བོའི་སྤངས་རྟོགས་ཡོན་ཏན་རབ་རྫོགས་ཤིང་། །གྲགས་པའི་འོད་ཟེར་ས་གསུམ་ལྷ་མེར་གསལ། །ཐུགས་རྗེའི་དཔལ་གྱིས་འགྲོ་ཀུན་བུ་བཞིན་གཟིགས། །བཤེས་གཉེན་བཟང་བོའ་ིཞབས་ལ་སྤྱི་བོས་འདུད། །
----རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད།
སྙིང་རྗེའི་རྩ་བ་རབ་བརྟན་བློ་གྲོས་གྲིབ་བསིལ་ལྷག་བསམ་བཟང་བོའ་ིར་བར་གནས། །མཐའ་ཡས་གྲགས་པའི་གཟི་ལྡན་དམ་ཆོས་ཡལ་ག་རྒྱས་པའི་མེ་ཏོག་དཔལ་ཡོན་ཅན། །འཕྲིན་ལས་བཟང་བོའ་ིའབྲས་བུ་མཆོག་དེས་གདུལ་བྱའི་རེ་བ་མཐའ་དག་རྫོགས་མཛད་པ། །དཔལ་ལྡན་བླ་མ་དཔག་བསམ་དང་མཚུངས་མཁས་པའི་མཁས་པ་དེ་ལ་རྟག་ཏུ་འདུད། །
----- རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད།
བློ་གྲོས་ཆེན་པོས་ཉེས་པའི་ཚོགས་ཀུན་བཅོམ། །བཟང་བོའ་ིསྤྱོད་པས་ཆོས་ཀུན་ཇི་བཞིན་གཟིགས། །གྲགས་པའི་འོད་ཀྱིས་འགྲོ་བློའི་རྨོངས་པ་སེལ། །གདུལ་བྱའི་དཔལ་གྱུར་བཟང་བོའི་ཞབས་ལ་འདུད། །
-----རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད། མདོ་རྒྱུད་ཀུན་གྱི་ལམ་གྱི་གནད་རྫོགས་པ། །ཇི་བཞིན་གཟིགས་ཤིང་བརྩེ་བའི་འདོམས་མཛད་པས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ཡི། །བློ་བཟང་གྲགས་པའི་དཔལ་ལ་གསོལ་བ་འདེབས། །
-----རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད།
སྨྲ་བའི་ཁྱུ་མཆོག་ཁྱོད་ལ་མངོན་སུམ་དུ། །འཇམ་པའི་དབྱངས་ཀྱིས་རྒྱལ་བའི་ཆོས་ཚུལ་ཀུན། །ལེགས་པར་འདོམས་མཛད་ས་གསུམ་འགྲོ་བའི་མིག །མཚུངས་མེད་བླ་མ་དེ་ལ་མགོས་ཕྱག་འཚལ། །
-----མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད།
རབ་གསལ་མཁྱེན་པའི་ཡེ་ཤེས་གཅིག་གིས་ཤེས་བྱའི་ཚད་ནི་ཐུང་ངུར་མཛད། །ཐུགས་ལ་བྱམས་པའི་བདུད་རྩི་ཡོངས་སྨིན་བརྩེ་བའི་ཞགས་པས་འགྲོ་འདི་ བཅིངས། །རྒྱལ་བ་མ་ལུས་གཅིག་ཏུ་བསྡུས་པའི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་། །ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་དེའི་ཞབས་སྐྱེས་འདབ་ཕྲེང་སྤྱི་བོས་མཆོད། །
-----མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད།
བློ་བཟང་དྲི་མེད་མཁྱེན་པའི་མེ་ལོང་ཆོས་ཀུན་མ་འདྲེས་གསལ་བར་སྣང། །གྲགས་པ་རབ་དཀར་བདུད་རྩིའི་དཔའ་རླབས་ཕྱོགས་ཀྱི་འཁོར་ལོ་མཐའ་དག་འགེངས། །དཔལ་ལྡན་དཀྱིལ་འཁོར་བདག་པོས་དབང་བསྐུར་གྲུབ་པའི་དབང་ཕྱུག་ཀུན་གྱི་རྗེ། །རྡོ་རྗེ་འཆང་དབང་སྤྲུལ་བའི་གར་མཛད་བླ་མ་མཆོག་ལ་གུས་ཕྱག་འཚལ། །
མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད།
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དྲི་མེད་ནོར་བུའི་ཅོད་པན་གང་གི་དབུ་ལ་འཕོས་པ་ཡིས། །བློ་བཟང་མཁས་པ་ཀུན་གྱི་མགོ་བོར་ཞབས་སྐྱེས་པདྨོའ་ིགེ་སར་གསལ་བར་རྒོད་པ་ཅན། །གྲགས་པའི་ཕྲེང་བ་ཕྱོགས་ཀྱི་བདག་པོའ་ིཕྲག་པ་དག་ལ་ཟླ་ཟེར་རལ་བ་རྣམ་པར་བཀོད། །དཔལ་ལྡན་ཐུབ་བསྟན་ནོར་འཛིན་གཞི་ལ་བཀའ་ཡིས་དབང་བསྒྱུར་བླ་མ་མཆོག་ལ་ཕྱག་འཚལ་ལོ། །
-----མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད།
བློ་བཟང་དབྱངས་ཅན་ངག་གི་དཔལ་མངའ་བ།། གྲགས་པའི་རྫ་རྔ་ཕྱོགས་ཀྱི་མཛེས་མས་བརྡུང་།།དཔལ་ལྡན་མཁས་པ་ཀུན་གྱི་མགོས་གཏུགས་པ།། ཁྱོད་ཀྱི་ཞབས་ལ་བདག་ཀྱང་ཕྱག་བགྱིད་དོ།།
----མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་མཆོད་བརྗོད་ལས་བཤུས།
རྨད་བྱུང་བློ་གྲོས་འོད་ཀྱིས་མཐའ་མེད་ཤེས་བྱའི་དེ་ཉིད་གསལ། །གཞན་དོན་ཁུར་འཁྱེར་བསྐལ་བཟང་འགྲོ་ལ་ཟབ་ལམ་མཚོན་པའི་མིག །ཡང་དག་ལམ་སྟོན་གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་དུ་གཡོ། །ཐུབ་བསྟན་ཉིན་མོའི་དཔལ་གྱུར་རྗེ་བཙུན་བླ་མའི་ཞབས་ལ་འདུད། །
— གུང་རུ་རྒྱན་བཟང་བས་(༡༣༨༣-༡༤༥༠) མཛད་པའི་རྗེའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ལེགས་བཤད་སྒྲོན་མེ་ལས་དྲངས།
གང་བློ་ནམ་མཁའི་ཁྱོན་ལྟར་ཡངས་པ་ལ། ། ལུང་རིགས་བཟང་བོའི་དཀྱིལ་འཁོར་རབ་རྒྱས་ཤིང་། ། གྲགས་པའི་འོད་སྟོང་འདུལ་བྱའི་དཔལ་དུ་ཤར། ། བཤེས་གཉེན་བཟང་བོའི་ཞབས་ལ་གུས་པས་འདུད། །
-----རྗེ་དབོན་བློ་བཟང་ཉི་མའི་གསུང་«ལེགས་བཤད་སྙིང་བོ་གསལ་བ»ལས་བཤུས།
བློ་གྲོས་གཏིང་མཐའ་མི་མངོན་ཟབ་མོའི་དབྱིངས་ལས་གཡོ་བ་མི་མངའ་ཡང་། །སྐལ་ལྡན་སྐྱེ་བོ་སྨིན་གྲོལ་ལམ་ལ་འགོད་མཛད་བཟང་པོའི་འཕྲིན་ལས་ཀྱི། །རྣམ་དཀར་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དག་ལ་གར་བྱེད་པ། །རྒྱལ་བའི་དབང་པོ་བློ་བཟང་སྲས་བཅས་ཞབས་སེན་པདྨོར་སྤྱི་བོས་འདུད། །
-----རྒྱལ་དབང་དགེ་འདུན་གྲུབ་ཀྱི་གསུང་འབུམ་ལས་གསུང་ཐོར་བུ་ལས་བཤུས།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།།ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།།བོད་ཁ་བ་ཅན་གྱི་སྐལ་ལྡན་ལ།།མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།།
----རྒྱལ་དབང་དགེ་འདུན་གྲུབ་ཀྱིས་མཛད།
དུས་གསུམ་རྒྱལ་བའི་མཁྱེན་བརྩེ་འཕྲིན་ལས་ཀུན། །གཅིག་ཏུ་བསྡུས་པའི་རྗེ་བཙུན་ཐུགས་རྗེའི་གཏེར། ། མཉམ་མེད་འགྲོ་བའི་མིག་གཅིག་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །
----- རྗེ་དགེ་འདུན་གྲུབ་ཀྱི་སློབ་མ་གནས་རྙིང་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་(༡༤༤༦-༡༤༩༦) གྱིས་མཛད།
བསྟན་ལ་སྟོན་པ་ཉིད་ལས་ཀྱང་། །དུས་འདིར་མཛད་པ་རྒྱ་ཆེ་བ། །ཙོང་ཁ་བ་ཞེས་ས་གསུམ་ན། །སྙན་པར་གྲགས་དེ་གཙུག་ན་མོས། །
-----ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་མཛད།
དེ་དག་དགོངས་པ་ཇི་བཞིན་དུ།།རྟོགས་པ་སྔོན་ཆད་འདིར་མ་བྱུང་།།རེ་ཞིག་ཇི་བཞིན་གཟིགས་ནས་བྱོན།།མཉམ་མེད་ཙོང་ཁ་བ་ལ་འདུད།།
----- བྱང་སེམས་ཀུན་དགའ་བཟང་བོས་མཛད།
དེ་དག་དགོངས་པ་རྟེན་འབྱུང་ཟབ་མོའི་དོན།།གནད་རྣམས་མ་ལུས་ཉིད་ཀྱིས་ཐུགས་ཆུད་ནས།།གཞན་ལ་འདོམས་མཛད་མཚུངས་མེད་ཙོང་ཁ་བ།། སྲས་དང་བཅས་ལ་གུས་པས་སྤྱི་བོར་འདུད།།
----མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད།
རྒྱལ་བས་གསུངས་པའི་མདོ་རྒྱུད་མ་ལུས་པའི། །བསྟན་པ་ཐམས་ཅད་འགལ་མེད་བདེ་བླག་ཏུ། །ལམ་བཟང་གསལ་བར་སྟོན་པ་གཅིག་པུ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
-----མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་རྣམ་བཤད་ལས་བཤུས།
ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས། །སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་། །གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།།མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།།
----འདུལ་ནག་པ་དཔལ་ལྡན་བཟང་བོས་མཛད།
བློ་ཆེན་མཆོག་གྱུར་འཕགས་པ་ཀླུ་སྒྲུབ་ཀྱི།།གཞུང་བཟང་མཆོག་གྱུར་དབུ་མ་རྩ་བ་ཡི།།འགྲེལ་མཛད་མཆོག་གྱུར་ཟླ་བ་གྲགས་པའི་ལུགས།།ཇི་བཞིན་གསལ་མཛད་ཙོང་ཁ་བ་ལ་འདུད།།
-----ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་ཡིས་མཛད།
གསུང་རབ་བདུད་རྩིའི་ཉིང་ཁུས་བློ་གྲོས་ཀྱི།།བཞིན་བཟང་མཛེས་པར་བྱས་པའི་ལང་ཚོ་ཡིས།།ཤེས་བྱའི་ལུས་ཕྲ་མཐའ་དག་བསྡུས་ཞེས་པའི།།གྲགས་པའི་དཔལ་གྱིས་ས་གསུམ་ཁྱབ་ལ་འདུད།།
-----འཇམ་དབྱངས་བླ་མ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད།
འོད་སྟོང་ཟེར་གྱིས་ཕྱེ་བའི་གུར་ཀུམ་གཟུགས།།དང་བའི་མེ་ལོང་དཀྱིལ་ན་སྣང་བ་བཞིན།།འགྱིང་ལེགས་དབང་བོའི་གཞུ་བཞིན་རབ་བཀྲ་བ།།བློ་བཟང་གྲགས་པའི་དཔལ་ལ་གུས་པས་འདུད།།
-----གཉལ་སྟོན་དཔལ་འབྱོར་ལྷུན་འགྲུབ་ཀྱིས་མཛད།
རྒྱ་བོད་མཁས་པ་ཀུན་གྱིས་རྟོགས་དཀའ་བའི།།ཟབ་མོའི་ལམ་མཆོག་དྲི་མེད་ལུང་རིགས་ཀྱིས།།ལེགས་པར་ཕྱེ་ནས་ཐུབ་བསྟན་རྒྱས་མཛད་པ།།རྒྱལ་བ་གཉིས་པ་ཙོང་ཁ་བ་ལ་འདུད།།
----- པཎ་ཆེན་བདེ་ལེགས་ཉི་མས་མཛད།
ཐུབ་བསྟན་ལྷུན་པོའི་སྤོ་ལ་ཆོས་ཀུན་གསལ་བའི་བློ་གྲོས་སྤྱན་སྟོང་ལྡན།།སྐལ་བཟང་གདུལ་བྱའི་དབང་བོ་ཉེ་དབང་དམ་ཆོས་བདུད་རྩིའི་དཔལ་སྟེར་ཞིང་།།གང་གིས་སྙན་པའི་གྲགས་པས་ལྷ་ཡི་རྔ་ཆེན་སྟོང་གསུམ་ཀུན་ཏུ་ཁྱབ།།བདུད་སྡེ་ལྷ་མིན་ཕམ་མཛད་བཤེས་གཉེན་མཆོད་སྦྱིན་རྒྱལ་བ་དེ་ལ་འདུད།།
----- ཁྲི་ཆེན་དགུ་བ་བློ་བཟང་ཉི་མས་མཛད།
དྲང་ངེས་མཁྱེན་པའི་བློ་གྲོས་དཀྱིལ་འཁོར་ལས།།ལུགས་བཟང་ལེགས་བཤད་འོད་བཟང་སྟོང་སྤྲོས་པས།།ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་གསལ་ཏོ་ཞེས།།གྲགས་པ་སྨྲ་བའི་ཉི་མ་ལ་ཕྱག་འཚལ།།
----- ཁྲི་ཆེན་བཅོ་ལྔ་བ་བསོད་ནམས་གྲགས་པས་མཛད།
གངས་ཅན་ཁྲོད་འདིར་ཀུན་མཁྱེན་གཉིས་པ་ཞེས། །ཡོངས་སུ་གྲགས་པའི་རྗེ་བཙུན་ཙོང་ཁ་པ། །ཤེས་རབ་སེངྒེ་དེ་སྲས་སྦྱིན་པ་དཔལ། །སྙིང་ནས་འདུད་དོ་འདོད་དོན་འགྲུབ་པར་མཛོད། །
-----རྒྱུད་ཆེན་ཀུན་དགའ་དོན་གྲུབ་(༡༤༡༩-༡༤༨༦)ཀྱིས་མཛད་པའི་རྒྱུད་ཊཱིཀ་ལས་དྲངས།
རྫོགས་ལྡན་དུས་འདིར་འོངས་པ་བཞིན། །ཐུབ་བསྟན་གླིང་བཞི་མ་ལུས་པ། །དབང་མཛད་ཆོས་ཀྱི་འཁོར་ལོས་བསྒྱུར། ། བློ་བཟང་ཞེས་བྱའི་གྲགས་པ་དཀར། །
-----རྒྱལ་དབང་དགེ་འདུན་རྒྱ་མཚོས་(༡༤༧༦-༡༥༤༢)མཛད།
བློ་བཟང་གང་གི་གྲགས་པའི་རྔ་སྒྲས་ཁོར་ཡུག་རི་བོའི་གནས་ལ་འགོངས།།དཔལ་ལྡན་མཁས་མང་གཙུག་རྒྱན་ངོས་ལ་ཞབས་རྡུལ་ཐིག་ལེ་སྟོང་ཡང་བཀོད།།མཁྱེན་སྤྱན་དྲི་མེད་ཀུན་ཏུ་ཡངས་པས་ཤེས་བྱའི་ཁྱོན་ཀུན་གསལ་ལེར་གཟིགས།།རྒྱལ་བའི་མཛད་པས་རབ་ཏུ་བསྔགས་མཛད་རྒྱལ་བ་གཉིས་པ་རྒྱལ་གྱུར་ཅིག།
----- རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད།
རིག་འཛིན་གྲུབ་པའི་དབང་ཕྱུག་པད་མ་འབྱུང་།། ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད།། རྡོ་རྗེ་འཆང་དངོས་བློ་བཟང་གྲགས་པའི་དཔལ།། སྣ་ཚོགས་སྤྲུལ་བའི་གར་མཛད་དེ་ལ་འདུད།།
----- རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད།
གང་གི་མཁྱེན་པའི་ཆ་ཤས་གཅིག་ལ་ཤེས་བྱ་མ་ལུས་གསལ་བར་བྲིས།།ལེགས་འདོམས་གསུང་གི་རྗོད་པ་གཅིག་གིས་ཟབ་དང་རྒྱ་ཆེའི་ཆོས་ཀུན་སྟོན།།རྨད་བྱུང་སྙིང་རྗེའི་ཞགས་པ་གཅིག་གིས་ལུས་ཅན་མ་ལུས་དམ་དུ་བཅིངས།།
བློ་བཟང་རྒྱལ་བའི་གདུང་འཚོབ་གཅིག་པུས་བསྟན་པའི་ས་ཆེན་ཅི་ཡང་མཛེས།།
_________རྒྱལ་བ་དག་འདུན་རྒྱ་མཚོས།
རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་འཇམ་དཔལ་དབྱངས། ། ཕུན་ཚོགས་རིན་ཆེན་རྒྱན་དང་རལ་ཁུར་དག །མི་མངོན་ངུར་སྨྲིག་རྟགས་འཆང་འགྲོ་བའི་ངོར། །བཤེས་གཉེན་ཚུལ་འཛིན་བློ་བཟང་གྲགས་པ་རྒྱལ། །
-----དྲུང་ཆེན་དངོས་གྲུབ་རྒྱ་མཚོས་མཛད་པའི་མཛོད་འགྲེལ་ལས་དྲངས།
སྣང་བ་རྟེན་འབྲེལ་བསླུ་བ་མེད་དང་རང་བཞིན་སྟོང་བ་འགལ་མེད་འཆར་བའི་མཐའ་བྲལ་དབུ་མའི་ལྟ་བ་དང་། །ཟབ་གསང་ལམ་གྱི་གནད་དོན་མཐར་ཐུག་འོད་གསལ་སྒྱུ་ལུས་ཟུང་འཇུག་རྣམས་ཀྱི་དཀའ་གནད་མདུད་རྒྱ་མ་ལུས་པ། །ཅིག་ཅར་འགྲོལ་སོགས་མདོ་སྔགས་ཆོས་ཀུན་འཚང་རྒྱའི་ཉམས་ལེན་ཁོ་ནར་འཁྱེར་ཤེས་སྔོན་མེད་ལེགས་བཤད་བདུད་རྩི་ཡིས། །ཐུབ་བསྟན་འདབ་བརྒྱ་སླར་ཡང་བཞད་མཛད་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་བཀའ་དྲིན་བསམ་བཞིན་ལན་བརྒྱར་འདུད། །
-----འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་རྗེའི་རྣམ་ཐར་ཐུབ་བསྟན་མཛེས་རྒྱན་ལས་དྲངས།
མདོ་རྒྱུད་ལུང་གི་ཆུ་ཁུར་ཅིར་ཡང་འཛིན།། དྲི་མེད་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག། སྟོང་ཉིད་འབྲུག་སྒྲའི་གད་རྒྱངས་མཐོན་པོ་ཅན།། བློ་བཟང་དབྱར་སྐྱེས་དབང་བོར་གུས་པས་འདུད།།
-----རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་སྤྱི་དོན་རོལ་མཚོའི་མཆོད་བརྗོད་ལས་བཤུས།
ཕྲ་ཞིབ་རྣམ་པར་དཔྱོད་པའི་བློ་གྲོས་རབ་ཏུ་ཡངས་པའི་རྡོ་རྗེ་རྩེ་བརྒྱ་གདེངས་ཙམ་གྱིས།།དྲི་བཅས་འཁྲུལ་ལྡན་གཞུང་ལུགས་བྱེ་བའི་ལོག་སྨྲའི་ཉེས་བཤད་ས་འཛིན་བགྲོད་པ་བཅོམ་པ་དང་།།ལྷན་ཅིག་རྒོལ་ངན་སྤོབས་པའི་སྦྱིན་སྐྱེས་ལུས་ཕྲ་མ་ཡི་མངལ་ཁུར་མཐའ་དག་ལྷུང་བྱེད་པའི།།སྔོན་མེད་ལྷ་དབང་མཁས་བཙུན་བཟང་བོའི་གྲགས་པ་རབ་འབར་ཀུན་མཁྱེན་བཙོང་ཁ་བ་དེ་རྒྱལ།།
-----རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོའི་འཇམ་དཔལ་ཞལ་ལུང་ལས་བཤུས།
ཡུལ་བྱང་ཕྱོགས་བསྟན་པའི་མངའ་བདག། ཕ་བློ་བཟང་གྲགས་པ་མཁྱེན་ནོ།།བདག་གསོལ་འདེབས་བུ་ལ་གཟིགས་ལ། །ལམ་ལོག་པར་མ་གཏོང་ཁྱེད་མཁྱེན། །
-----ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་པོད་དང་པོ་ལས་བཤུས།
བརྩེ་བའི་ཆུ་རྒྱུན་འགྲོ་འདིའི་ཡིད་བཞིན་མཚོར།།ཉིན་བཞིན་འབབ་ཀྱང་ད་དུང་མགོན་པོ་ཁྱོད།།དམིགས་མེད་ཐུགས་རྗེའི་གཏེར་དུ་གྱུར་པ་འདིས།།རྒྱལ་ཀུན་སོམ་ཉིའི་མལ་ན་ཟིམ་མེར་བཞུགས།།
----རྣམ་འདྲེན་བླ་མ་སྐལ་ལྡན་རྒྱ་མཚོས་མཛད།
གང་གི་ཐུགས་བསྐྱེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྒྲིབ་མེད་ནམ་མཁའི་ཁམས་དང་སྙོམས་པར་ཞུགས་པའི་ཐིག་ལེ་ཆེ།།ཤར་ཕྱོགས་མདོ་སྨད་བཙོ༷ང་ཁ༷ར་བོད་པ༷་བཀྲ་ཤིས་དགེ་བའི་སྙིང་བོས་ལྕི་ལྡན་ནོར་འཛིན་དཔལ་མོར་ལེགས་སྨིན་པ།།སྤངས་རྟོགས་མཐར་སོན་བློ༷་དང་སྙིང་རྗེས་རྒྱུད་བརླན་ཕན་བདེའི་གྲིབ་བསིལ་སྣུམ་པོས་སྐལ་བཟ༷ང་གདུལ་བྱའི་གདུང་ཀུན་སྐྱོབ།།གྲག༷ས་སྙན་ཚུལ་ཁྲིམས་དྲི་བསུང་གསར་པ་༷ཕྱོགས་བརྒྱར་འཕྲོ་བ་ངུ༷ར་སྨྲི༷ག་རོལ༷་པའི༷་གཙུ༷ག་རྒྱ༷ན་དེ་ཡིས་དགེ་ལེགས་སྩོལ།།(མཐའ་དག་གཟུགས་ཅན།)
-----སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
གང་གི་བློ༵་གྲོས་མཁྱེན་བཟ༵ང་གོམ་གཅིག་གིས།།ཇི་སྙེད་ཤེས་བྱའི་ས་གསུམ་གཞལ་བའི་ཚེ།།མི་ཤེས་སྟོབས་ལྡན་གྲག༵ས་པ༵འི་ལྷ་མིན་མཐུ།།མངོན་སུམ་འཇིག་པའི་མཁས༷་དེར་མགོས་ཕྱག་འཚལ།། (གཏམ་དང་སྦྱར་བའི་གསུམ་གཟུགས།)
-----སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
བག་ཡོད་ཁྲིམས་ཀྱིས་རྒྱུད་བསྡམས་ཚུལ་གནས་བློ༵འི།།སྐལ་བཟ༵ང་ཞིང་གི་གཙོ་བོ་རིག་གྲོལ་གྱི།།ཀུན་སྦྱོར་འཆིང་བ་འདུལ་མཛད་གྲག༵ས་པ༵འི་གཏེར།།དགེ་འདུན་བཙུ༷ན་པའི་མཆོག་དེར་མགོས་ཕྱག་འཚལ།།(ཆ་ཤས་གཟུགས་ཅན། )
----- སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
འཕགས་ཡུལ་ཡོན་ཏན་འོད་དང་ཀླུ་སྒྲུབ་ཞབས།།སྲིད་འདིར་བློ༵་བཟ༵ང་གྲག༵ས་པ༵འི་རི་དྭགས་འཛིན།།ས་གསུམ་ཀུན་ཏུ་བཟ༷ང་བོའི་བསིལ་ཟེར་གྱིས།།རེག་པས་གདུང་བ་འཕྲོག་དེར་མགོས་ཕྱག་འཚལ།།(ལྡན་གཟུགས།)
-----སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།
མ་ལུས་རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་ནི། །སྲིད་འདིར་ངུར་སྨྲིག་གར་གྱིས་རྣམ་རོལ་བ། །སྙིགས་དུས་འགྲོ་བའི་འདྲེན་པ་ཟླ་མེད་པ། །འཇམ་མགོན་བླ་མའི་ཞབས་ལ་གུས་བཏུད་ནས། །མགོན་དེའི་ཕྱི་ནང་གསང་བའི་ཡོན་ཏན་རྣམས།།གཅིག་ཏུ་བསྡུས་ནས་གསོལ་བ་འདེབས་པའི་ཚུལ། །དམིགས་བརྩེ་མ་ཞེས་གྲགས་པ་འདི་ཉིད་ཀྱི། །བྱིན་རྟེན་རིལ་བུ་སྒྲུབ་ཚུལ་འདི་ན་བཤད། །
----ཞོགས་དོན་ཡོན་མཁས་གྲུབ་ཀྱི་དམིགས་བརྩེ་མའི་སྒོ་ནས་བྱིན་རྟེན་རིལ་བུ་བསྒྲུབ་ཚུལ་ལས་བཤུས།
བློ་བཟང་ཉི་མའི་འོད་ཀྱིས་ཤེས་བྱ་ཡི།།ལྷ་ལམ་ཀུན་ཁྱབ་སྨྲ་ངན་མུན་བསལ་ནས།།གླིང་བཞིའི་གདུལ་བྱའི་པད་ཚོགས་གསལ་བྱས་ཞེས།།གྲགས་པ་མཁས་མཆོག་ཀུན་གྱི་ཅོད་པན་བརྗིད།།
----- ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད།
མཁྱེན་བརྩེ་མཐུ་ནུས་མཛད་འཕྲིན་ཀུན་དང་ཁྱད་པར་དུ། །མཐའ་བྲལ་ཟབ་མོ་འདོམས་ལ་དུས་གསུམ་རྒྱལ་རྣམས་ཀྱང་། །གཅིག་བསྡུས་ངུར་སྨྲིག་འཛིན་ན་ཁྱོད་ཀྱི་ཟླར་འོས་པའི། །འཇམ་མགོན་རྒྱལ་བ་གཉིས་པ་ལ་འདུད་དུས་ཀུན་སྤྱི་བོར་བཞུགས།
--------ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་།
བློ་གྲོས་བཟང་བོས་རྒྱལ་བའི་འཁོར་ན་རྒྱ་ཆེན་སྨོན་པའི་ས་བོན་ནི།།མ་སྨད་སྤྱོད་པའི་བརྟུལ་ཞུགས་ཆུ་རྒྱུན་གྱིས་བྲན་སྙིང་སྟོབས་རྩ་བ་བརྟན།།ལེགས་བཤད་དྲི་བསུང་སྤྲོ་བ་གྲགས་སྙན་དཔལ་གྱི་ཡལ་འདབ་བཟང་བོ་ཅན།།རྒྱལ་བའི་ཏོག་གྱུར་ཙོང་ཁ་བ་ལ་ཟོལ་བྲལ་སྙིང་ནས་གུས་ཕྱག་འཚལ།།
-----ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད།
རྨད་བྱུང་གསང་གསུམ་རང་བཞིན་རིན་ཆེན་ཁམས་ལས་ལེགས་གྲུབ་ཉིན་མོའི་མགོན། །ཆོས་དབྱིངས་སྤྲོས་བྲལ་མཁའ་ལ་རྟག་འཆར་སྒྲིབ་མེད་ཡེ་ཤེས་འོད་རྣོན་གྱིས། །འཇིག་རྟེན་རྒུད་པའི་མུན་ཚོགས་དྲུངས་འབྱིན་ཕན་བདེའི་འདབ་བརྒྱ་རྣམ་བཞད་པ། །འཇམ་མགོན་རྒྱལ་བའི་ཞབས་སྐྱེས་གསེར་འཁོར་དགེ་མཚན་འོད་ཆགས་སྤྱི་བོས་མཆོད། །
-----ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེས་(༡༧༥༧-༡༨༤༩) མཛད།
རྒྱལ་ཀུན་ཡེ་ཤེས་དྷཱི༔ཡིག་ཞུན་འཁྱིལ་ལས། །ལེགས་འཁྲུངས་མི་ཡི་ཟོལ་བསྟན་ཙོང་ཁ་པའི། །དྲི་མེད་ཞབས་སྐྱེས་རིན་ཆེན་རྡུལ་གྱི་ཕྲེང་། །བདག་སྙིང་པདྨའི་ཟེའུ་འབྲུར་རྟག་བཞུགས་གསོལ། །
-----མཁས་དབང་གཙོས་བསྟན་པ་རྒྱལ་མཚན་(༡༨༡༠-༡༨༧༤) གྱིས་མཛད།
མཁྱེན་པའི་རང་བཞིན་རྒྱལ་བ་ཀུན་གྱི་ངང་། །བཤེས་གཉེན་དམ་པའི་གཟུགས་སུ་ལེགས་ཤར་བའི། །སྙིགས་དུས་རྒྱལ་བ་གཉིས་པ་ཙོང་ཁ་པས། །དགེ་ལེགས་ཤིས་པ་རྒྱ་མཚོས་རིང་སྐྱོངས། །
-----མཁས་དབང་གཙོས་བསྟན་པ་རྒྱལ་མཚན་(༡༨༡༠-༡༨༧༤)གྱིས་མཛད།
ཤིན་ཏུ་དཔག་དཀའ་ཟབ་ཡངས་བློ་གྲོས་རྒྱ་མཚོ་ཆེན་པོ་ལས།།ལེགས་ཐོན་ཚུལ་གཉིས་ལུགས་བཟང་ཀུན་དའི་ཚལ་རབ་འབྱེད་མཁས་པའི།།སྔོན་མེད་ལེགས་བཤད་སྨྲ་བའི་ཟླ་ཞེས་གྲགས་པའི་དབྱངས་འཛིན་པ།།རྒྱལ་བ་གཉིས་པ་ཙོང་ཁ་བ་དེར་དང་བས་སྙིང་ནས་འདུད།།
----- སླེ་ལུང་བློ་བཟང་འཕྲིན་ལས་ཀྱིས་མཛད།
གང་གི་གསུང་རབ་དགོངས་ཟབ་འོ་མའི་མཚོ།།བློ་གྲོས་བཟང་བོའི་སྲུབ་ཤིང་གིས་བསྲུབས་པས།།ལེགས་བཤད་མར་གྱི་ཉིང་ཁུ་འདི་ཐོན་པས།།བཤད་སྒྲུབ་དར་ཞིང་རྒྱས་པའི་གསོས་སུ་གྱུར།།
----- སླེ་ལུང་བློ་བཟང་འཕྲིན་ལས་ཀྱིས་མཛད།
དཔལ་ལྡན་རྡོ་རྗེ་འཆང་དབང་དངོས། །རྗེ་བཙུན་འཇམ་དཔལ་སྙིང་པོ་ལ། །འདུད་དོ་བྱང་ཆུབ་ཐོབ་ནས་ཀྱང་། །གཙུག་ཏོར་རྩེ་ན་གར་མཛོད་ཅིག །
----- འོལ་ཁ་རྗེ་དྲུང་བློ་བཟང་འཕྲིན་ལས་སམ་སླེ་ལུང་བཞད་པའི་རྡོ་རྗེས་(༡༦༩༧-?)མཛད།
བློ་གསལ་མཁས་གྲུབ་ཉེ་དབང་ཚོགས་ཀྱིས་བསྐོར།།མཁས་བཙུན་བཟང་བོའི་ཁྱབ་བྱེད་སྟོང་ཕྲག་གཡོ།།ཡེ་ཤེས་རྩེ་བརྒྱས་སྒྲིབ་གཉིས་ས་འཛིན་རྐང་།།རབ་བཅོམ་གྲགས་འབར་ཙོང་ཁ་པ་ལ་འདུད།།
----- མཁན་ཆེན་དགེ་འདུན་རྒྱ་མཚོས་མཛད།
དགེ་ལེགས་ཀུན་གྱི་གཞི་རྩ་དྲིན་ཅན་རྗེ། །ཡབ་གཅིག་འཇམ་མགོན་བླ་མའི་ཞབས་ལ་འདུད། །སྙིགས་མའི་སྐྱོན་དང་དད་ཟས་དུག་ཆུ་ཡིས། །མངོན་པར་སྦགས་པའི་བུ་ངན་བསྐྱབ་ཏུ་གསོལ། །
--------བསེ་ངག་དབང་བཀྲ་ཤིས་ཀྱི་གསུང་འབུམ་པོད་དང་པོ་ལས་བཤུས།
སྣང་སྟོང་རྟེན་འབྲེལ་ཇི་བཞིན་ལེགས་གཟིགས་ནས། ། རྟག་ཆད་གཡང་ལས་འགྲོ་བ་དྲངས་མཛད་པ། ། སྟོན་པ་ཉིད་དང་དབྱེར་མེད་བློ་བཟང་གྲགས། ། སྨྲ་བའི་ཁྱུ་མཆོག་ཞབས་ལ་ཕྱག་འཚལ་ལོ། །
-----ཕུར་ལྕོག་ངག་དབང་བྱམས་པའི་གསུང་«འོད་དཀར་ཕྲེང་བ»ལས་བཤུས།
བློ་གྲོས་ཐོགས་མེད་ཤེས་བྱའི་གནས་ཀུན་ཁྱབ། །བཟང་པོའི་ཐུགས་རྗེས་འགྲོ་ཀུན་དམ་དུ་བཅིངས། །མཁས་དང་གྲུབ་པ་ཀུན་གྱི་རྩེར་སོན་པའི། །གྲགས་པས་ཕྱོགས་ཀྱི་འཁོར་ལོ་འགེངས་དེར་འདུད། །
------ ཕུར་ལྕོག་ངག་དབང་བྱམས་པ་རིན་པོ་ཆེས་(༡༦༨༢-༡༧༦༢)མཛད་པའི་རྗེའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་མཁས་པའི་གཞུང་ལམ་ལས་དྲངས།
ཆོས་སྐུའི་དབྱིངས་ནས་སྣ་ཚོགས་གཟུགས་ཀྱི་སྐུ།། ཡིད་འོང་ཆུ་འཛིན་འཛད་མེད་དཀྲིགས་པ་ལས།། གདུལ་བྱའི་ཞིང་ས་བརླན་པའི་བདུད་རྩིའི་ཆར།། འབེབས་མཛད་བློ་བཟང་རྒྱལ་བའི་དབང་བོར་འདུད།།
------ཕུར་ལྕོག་ངག་དབང་བྱམས་པས་མཛད་པའོ།།
རྒྱལ་བའི་ཡབ་གཅིག་བརྟན་པའི་འཁོར་ལོ་ཉིད། །རྒྱས་སྲས་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །རྒྱལ་བའི་མདོ་སྔགས་བསྟན་པ་འཛིན་མཛད་པ། །རྒྱལ་བ་གཉིས་པ་ཙོང་ཁ་པ་དེར་འདུད། །
-----ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ལས་བཤུས།
འཇམ་པའི་དབྱངས་ཀྱིས་མངོན་སུམ་རྗེས་བཟུང་སྟེ།།རྒྱལ་བའི་ཆོས་ཚུལ་ཀུན་དང་ཁྱད་པར་དུ།།ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ།། གསལ་མཛད་རྗེ་བཙུན་ཙོང་ཁ་བ་དེར་འདུད།།
----ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་པོད་གསུམ་པ་ལས་བཤུས།
རབ་ཡངས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ།།ཡེ་ཤེས་ཟེར་གྱིས་འགྲོ་བའི་བློ་མུན་སེལ།།མཐའ་དག་བསྟན་པའི་པད་ཚལ་བཞད་པའི་གཉེན།།འཇམ་མགོན་སྨྲ་བའི་ཉི་མས་དགེ་ལེགས་སྩོལ།།
----ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད།
ཐབས་ཤེས་ཟུང་དུ་འབྲེལ་བའི་རླུང་ཤུགས་ཀྱིས།།བྱང་ཆུབ་སྤྱོད་པའི་མཁའ་ལ་རྣམ་པར་རྩེན།།ཐུབ་བསྟན་གླིང་བཞི་གསལ་མཛད་པདྨོའི་གཉེན།།ཀུན་མཁྱེན་ཙོང་ཁ་བ་ཡིས་དགེ་ལེགས་སྩོལ།།
----- ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད།
ཐུབ་བསྟན་ཡོངས་རྫོགས་བློ་བཟང་ཆུ་མཚོ་ནས།།རྩོམ་འཆད་རྩོད་པའི་རླབས་འཕྲེང་མཁའ་ལ་འཕྱུར།།གྲགས་དཀར་གཟེགས་མ་ཕྱོགས་བཅུར་འགྲེམ་མཛད་པའི།།བློ་བཟང་གྲགས་པའི་དཔལ་ལ་སྤྱི་བོས་འདུད།།
----པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ལམ་རིམ་མྱུར་ལམ་ལས་བཤུས།
རྒྱལ་ཀུན་དགོངས་བཅུད་མདོ་སྔགས་སྙིང་བོ་དུས་ཀྱི་དབང་གིས་ཟུམ་པ་ན།། རྣམ་འདྲེན་ཀུན་གྱི་ཡེ་ཤེས་དཀྱིལ་འཁོར་ངུར་སྨྲིག་ཟློས་གར་ལྷུར་མཛད་དེ།། སྟོང་ཉིད་ལྟ་དང་གསང་ཆེན་ཐེག་པ་རྫོགས་ལྡན་སྤྲིན་བཞིན་རྒྱས་མཛད་པ།། སངས་རྒྱས་ཀུན་དངོས་ཙོང་ཁ་པ་ཞེས་སྙན་གྲགས་ནོར་འཛིན་ཁྱབ་དེར་འདུད།།
----ཀུན་མཁྱེན་འཇིགས་མེད་དབང་བོའི་ཅོ་ནེའི་བསྟན་འགྱུར་དཀར་ཆག་གི་མཆོད་བརྗོད་ལས་བཤུས།
མི་ཤེས་དྲ་བ་གཅོད་ལ་ཆེས་རྣོ་བའི།།བརྟན་པའི་འཁོར་ལོ་བདུད་སྡེའི་སྲོག་འཕྲོག་ཅན།།འཇིགས་མེད་སྟོབས་ཀྱི་འཇུག་པ་བཅུ་རྫོགས་པའི།།བློ་བཟང་གྲགས་པའི་དཔལ་ལ་མགོས་ཕྱག་འཚལ།།
-----རྒྱལ་བ་བསྐལ་བཟང་རྒྱ་མཚོའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་བ་ལས་བཤུས།
བློ་གྲོས་བཟང་བའི་དཀྱིལ་འཁོར་རྒྱས་པ་ལ།།རྨད་བྱུང་མཛད་པའི་རི་དྭགས་མཚན་མས་མཛེས།།གྲགས་པའི་འོད་ཀྱིས་ཐུབ་བསྟན་གསལ་མཛད་པ།།འཇམ་མགོན་ནམ་མཁའི་ནོར་བུས་དགེ་ལེགས་སྩོལ།།
-----རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ལས་བཤུས།
རབ་འབྱམས་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང༌། །རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་གངས་ལྗོངས་འདིར། །རྒྱལ་བསྟན་ཉི་མ་ཇི་བཞིན་གསལ་མཛད་པ། །འཇམ་མགོན་བླ་མའི་ཞབས་ལ་སྙིང་ནས་འདུད། །
-----སྒང་བ་རྒྱ་ནག་མཁན་པོ་རྗེ་སྐལ་བཟང་བསྟན་པ་རྒྱ་མཚོས།
ཐུབ་བསྟན་ཡོངས་སུ་རྫོགས་པའི་ཁུར་འཛིན་པར།། འཕགས་ཡུལ་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ལས།། འཛམ་གླིང་འདི་ན་མཚུངས་ཟླ་གཞན་མེད་པ།། བློ་བཟང་རྒྱལ་བ་གཉིས་པར་སྙིང་ནས་འདུད།།
-----གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་པོད་བརྒྱད་པ་ལས་བཤུས།
ཚིག་སྤྱིའི་བཤད་སྒྲུབ་མེ་ཁྱེར་སྣང་བ་ལ།། སྙིང་བོར་བགྱིད་རློམ་རྨོངས་པའི་མུན་ལྗོངས་སུ།། འཁྲུལ་བྲལ་བསྟན་པའི་ཉི་འོད་གསལ་མཛད་པ།། རྒྱལ་བ་གཉིས་པ་སྲས་དང་བཅས་ལ་འདུད།།
-----དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་གྱི་གདན་རབས་ལྷའི་རྔ་ཆེན་གྱི་མཆོད་བརྗོད་ལས་བཤུས།
བློ་བཟང་རྒྱལ་བ་ཀུན་གྱི་ཡབ་གཅིག་པུར།།གྲགས་པའི་བ་དན་སྲིད་ན་མངོན་མཐོ་བ།།འཇམ་དཔལ་སྙིང་བོར་རོལ་པའི་གར་མཁན་བྱེད།།ཐུགས་རྗེའི་སྤྱན་ཟུར་བདག་ལ་གཡོ་བར་མཛོད།།
----དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད།
ཁྱོད་ལ་བསྟོད་པའི་རྣམ་གྲངས་མང་མོད་རྟེན་འབྱུང་གཏམ་གྱི་ངོ་མཚར་རོས།།བློ་བཟང་རྒྱལ་བའི་ཐུགས་འཕྲོག་བསྔགས་པའི་ངང་མོ་མཐའ་བྲལ་དབྱིངས་སུ་རྩེན།།གངས་ཅན་ལྗོངས་ན་བསྟོད་པའི་མཆོག་ཅེས་དཔྱོད་ལྡན་མགྲིན་པའི་རྫ་རྔ་བརྡུངས།།ཞི་བའི་ལམ་མཚོན་སྤྲིང་ཡིག་བཀླགས་པས་འཇིག་རྟེན་སྣང་བྱེད་ཨ་ཧོ་རྨད།།
-----དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད།
བློ་ཆེན་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར།།བཟང་བོའི་བརྟུལ་ཞུགས་ངུར་སྨྲིག་འཛིན་པའི་ཟོལ།།འཛིན་མཛད་གྲགས་པས་ཡོངས་ཁྱབ་ཙོང་ཁ་བ།།བསླུ་མེད་གཏན་གྱི་སྐྱབས་ཁྱོད་དང་བས་མཆོད།།
----མ་ཧཱ་པཎ་ཆེན་མི་ཕམ་ཟླ་བས་མཛད།
སྡེ་བདུན་མཛད་པའི་དགོངས་དོན་ཡོངས་རྫོགས་པ། །དྲི་མེད་རིགས་པའི་སྤྱན་གྱིས་ལེགས་གཟིགས་ནས། །གཞུང་དེ་གདམས་པའི་མཆོག་ཏུ་འདོམས་མཛད་པ། །སྨྲ་བའི་ཉི་མ་ཙོང་ཁ་པ་ལ་འདུད། །མགོན་དེའི་ཆོས་ཀྱི་ཅོད་པཎ་དྲི་མ་མེད།།
-----རྟ་ནག་བློ་བཟང་དགེ་འདུན་གྱི་རྟ་ནག་རྣམ་འགྲེལ་ལས་བཤུས།
བདེ་བར་གཤེགས་པའི་གསུང་རབ་བྱེ་བའི་གནད་ལ་ནམ་ཡང་བློ་གྲོས་འཁྲུལ་བའི་དྲི་བྲལ་ཞིང་།། འཕགས་བོད་མཁས་གྲུབ་དུ་མའི་བློ་ཡིས་འབད་ཀྱང་མ་ལྕིགས་རིག་ལམ་སྟོང་གི་སྙིང་བོའི་བཅུད།། གསལ་བར་འདོམས་པས་དྲང་སྲོང་མཆོག་གི་རིང་ལུགས་དུས་ཀྱི་མཐར་ཡང་ཆེས་ཆེར་རྒྱས་མཛད་པ།། སངས་རྒྱས་ལས་ཀྱང་རྣམ་པར་སངས་རྒྱས་བློ་བཟང་གྲགས་པར་བྱང་ཆུབ་བར་དུ་སྙིང་ནས་འདུད།།
----ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་གྱི་མཆོད་བརྗོད་ལས་བཤུས།
མདོ་རྒྱུད་མ་ལུས་ཐུབ་པའི་དགོངས་པ་བཞིན།།འཆད་རྩོད་རྩོམ་ལ་འཕགས་དང་བོད་ཡུལ་ན།།འགྲན་ཟླ་མ་མཆིས་རྒྱལ་སྲས་སྙིང་སྟོབས་ཆེ།།རྒྱལ་བ་གཉིས་པ་སྲས་དང་བཅས་ལ་འདུད།།
----- ལྕང་སྐྱ་རོལ་པའི་རྡོ་རྗེ་ཡིས་མཛད།
གངས་རི་ར་བས་བསྐོར་པའི་ཡུལ་ལྗོངས་འདིར།།མདོ་རྒྱུད་དགོངས་འགྲེལ་འདབ་སྟོང་རྒྱས་པའི་ཚལ།།གསར་དུ་བཞད་པ་རྒྱལ་བའི་ཉི་མ་དང་།།མཚུངས་པར་བསྔགས་འོས་འཇམ་མགོན་བླ་མར་འདུད།།
----- ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད།
བློ་ཆེན་རྒྱལ་བའི་མཛད་བཟང་རྫོགས་པའི་དཔལ།།ཐུགས་བསྐྱེད་རལ་བའི་ཅོད་པན་རྩེར་བཅངས་པའི།།གྲགས་པ་ནམ་མཁའི་མཐའ་དང་མཉམ་སོང་བ།།བཅོན་ལྡན་འཇམ་དཔལ་དཔའ་བོས་བདག་སྐྱོངས་ཤིག།
----- ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད། དབང་ཕྱུག་བརྒྱད་ལྡན་ཙོང་ཁ་བའི།།ལུང་རྟོགས་རྒྱལ་བས་དཔག་དཀའ་བ།།འདིར་ཤོང་འཛམ་གླིང་ཡངས་པ་མཚར།།གང་དེར་མཆོད་དོ་བྱིན་རླབས་སྩོལ།།
-----སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱིས་མཛད། ཨེ་མ་དུས་གསུམ་རྒྱལ་བའི་བློ་གཏེར་ཀུན་བསྡུས་མཛད་བཟང་ཆ་ཤས་རྫོགས།།ལེགས་གསུང་བདུད་རྩི་འབུམ་འཛག་སྐྱེ་དགུའི་ཉོན་མོངས་ཚ་གདུང་འཇིག་འཕྲོག་ཅིང་།།འོག་མིན་བར་དུ་གྲགས་སྙན་ཁྱབ་དེར་འདུད་དོ་གང་སྐུའི་དྲི་མེད་ཤེལ།།དུས་ཀུན་བདག་ཡིད་མཚོ་མོར་གསལ་ཤར་བློ་གྲོས་མཆོག་སྩོལ་མགོན་ཁྱེད་ཀྱེ།།
-----སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱིས་མཛད།
ཆོས་རྣམས་མ་ལུས་དོན་དམ་དབྱིངས་སུ་ཐིམ་པའི་མིང་གི་ཚོགས། རྟོག་པའི་པིར་གྱིས་དུས་གསུམ་ཤེས་བྱའི་ཡི་གེར་བྲིས་སོ་ཅོག །བློ་བཟང་སྐད་ཅིག་གཅིག་ཡུལ་མ་འདྲེས་ཆུབ་པའི་གྲགས་པའི་དབྱངས། །རྒྱལ་ཀུན་བསྔགས་པའི་གླུ་རུ་ལེན་པ་ཀུན་མཁྱེན་ཙོང་ཁ་པ།།གང་གི་མཁྱེན་དང་བརྩེ་བའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་ཁྱབ་པའི་ཀློང་ཟབ་ལས། །ཚིག་འབྲུའི་ཐིགས་པ་རེ་ཡང་མཐའ་དག་འགྲོ་བའི་བསོད་ནམས་ཟོང་གིས་ཁུག་དཀའ་བའི། །ཟབ་རྒྱས་དམ་ཆོས་བདུད་རྩིའི་ཆར་ཆེན་རྩོལ་མེད་འཇོ་བ་གཅིག་ཏུ་འཁྱིལ་བ་ལ། །དགེ་ལྡན་རིང་ལུགས་རིན་ཆེན་འབྱུང་གནས་ཞེས་སུ་འཇིག་རྟེན་འདི་ན་སྙན་པར་གྲགས།།
-----ཐུའུ་བཀྭན་ཆོས་ཀྱི་ཉི་མའི་ཐུའུ་བཀྭན་གྲུབ་མཐའ་ལས་བཤུས།
སྒྲིབ་མེད་བློ་གྲོས་རབ་གསལ་ཉི་དཀྱིལ་ལས།།དྲི་མེད་ལེགས་བཤད་འོད་བཟང་རབ་སྤྲོས་པས།།སྔོན་མེད་ཉི་མ་ཤར་ཞེས་གྲགས་པ་འབར།།ཟླ་མེད་ཙོང་ཁ་པ་དེ་གཙུག་ཏུ་བཞུགས།།
-----ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་པོད་བཅུ་གཉིས་པ་ལས་བཤུས།
གང་ཞིག་མཉམ་མེད་ལྷག་བསམ་མཆོག་གིས་རྒྱལ་བའི་དམ་ཆོས་ཀུན་བཟུང་སྟེ། །སྙིང་རྗེའི་རོལ་པ་ཀུན་ནས་རྫོགས་པས་འགྲོ་བའི་ངང་ཚུལ་མ་བཟོད་པར། །དཔག་དཀའི་བློ་ལྡན་རྒྱལ་སྲས་རྣམས་ལའང་ཞུམ་པ་སྟེར་བྱེད་རྟོགས་དཀའི་གནད། །རྒྱལ་གསུང་སྙིང་པོ་མཐའ་དག་གསལ་མཛད་བཙོང་ཁ་པ་དེས་ད་དུང་སྐྱོངས། །
----པྲ་ཏི་རིན་ཆེན་དོན་གྲུབ་ལྷག་མཐོང་མཆན་ལས་བཤུས།
བུ་རམ་ཤིང་གི་རྨད་བྱུང་ལུང་རྟོགས་བསྟན།། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་གངས་ལྗོངས་འདིར།།འཛིན་ཅིང་སྤེལ་ལ་འགྲན་པའི་ཟླ་བྲལ་བ།། རྒྱལ་བ་གཉིས་པའི་དངོས་གྲུབ་དཔལ་སྩོལ་ཅིག།
----རྫོང་ཆུང་པཎྜི་ཏ་འཇིགས་མེད་ལུང་རིགས་རྒྱ་མཚོས་མཛད་པའོ།།
སྤུ་རྒྱལ་འཇིག་རྟེན་དགེ་བའི་གཞལ་མེད་ཁང་ཆེན་དུ།།ཐུབ་པ་དམ་པའི་ཆོས་ཀྱི་ནང་མཛོད་ལ་ཆགས་ཏེ།།བློ་གསལ་སྐལ་རིགས་ལ་ལྷག་པར་སྙིང་ཉེ་བའི།།གྲགས་པ་དོན་ལྡན་རྒྱལ་བ་གཉིས་པ་དེ་ཉིད་དོ།།
-----པཎ་ཆེན་མི་ཕམ་ཟླ་བས་མཛད།
སྐལ་བཟང་འཁོར་གྱི་དཀྱིལ་འཁོར་ཆེན་པོའི་དབུས།།གསལ་བརྗིད་ཆོས་ཀྱི་འབྲུག་སྒྲ་སྒྲོག་པའི་གཙོ།།གསེར་གྱི་རི་བོ་ལྟ་བུའི་སྐུ་མངའ་བ།།བློ་བཟང་ཐུབ་པའི་དབང་བོ་ལ་ཕྱག་འཚལ།།
----- པཎ་ཆེན་མི་ཕམ་ཟླ་བས་མཛད། དཔལ་ལྡན་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་དུ།།ཕུན་ཚོགས་ལྷ་བརྒྱའི་ཅོད་པན་ངལ་གསོའི་གནས།།ཞབས་ཀྱི་པདྨོ་མཆོག་གི་སྦྲང་རྩིའི་གཏེར།།བློ་བཟང་འཁོར་ལོའི་མགོན་པོ་ལ་ཕྱག་འཚལ།།
-----པཎ་ཆེན་མི་ཕམ་ཟླ་བས་མཛད།
- མཐའ་ཡས་རྒྱལ་བའི་མཁྱེན་བརྩེ་མཛད་པ་ཀུན།།གཅིག་ཏུ་སྤུངས་པ་གཟུགས་ཅན་བཞིན་གྱུར་པ།།ཡིད་འོང་མཚམས་སྤྲིན་གསར་བའི་བླ་གོས་ཀྱིས།།རྣམ་རོལ་བཙོང་ཁ་བ་དེར་སྙིང་ནས་འདུད།།
----པྲ་ཏི་རིན་ཆེན་དོན་འགྲུབ་ཀྱིས་མཛད།
བློ་གྲོས་གཏེར་མངའ་འཇམ་པའི་དབྱངས། །མཁས་བཙུན་བཟང་པོའི་ཟློས་གར་གྱིས། །ཐུབ་བསྟན་ཡོངས་རྫོགས་ཁུར་འཆང་བའི། །སྙན་པའི་གྲགས་པ་ས་གསུམ་རྒྱན། །
-----གྲུབ་དབང་འཇིགས་མེད་བསམ་གཏན་གྱི་གསུང་འབུམ་པོད་གཉིས་པ་ལས་བཤུས།
ཕུལ་བྱུང་བློ་གྲོས་བཟང་བོའི་དཀྱིལ་འཁོར་ལས། །ལེགས་བཤད་འོད་སྣང་འབུམ་དུ་འཛག་པ་ཡིས། །ཐུབ་བསྟན་གླིང་བཞིའི་ཁོར་ཡུག་གསལ་མཛད་པའི། །གྲགས་པ་དོན་ལྡན་འཇམ་མགོན་བླ་མར་འདུད། །
-----ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་པོད་གསུམ་པ་ལས་བཤུས།
མཁྱེན་རབ་འཇམ་དབྱངས་བརྩེ་བ་སྤྱན་རས་གཟིགས། །ནུས་མཐུ་གསང་བའི་བདག་པོ་ཉིད་ལགས་ན། །ལས་ཉོན་དྲག་པོས་གཟེར་བའི་སྐལ་ངན་བདག །འདི་ཕྱིའི་སྐྱབས་གནས་ཁྱོད་མིན་སུ་ལ་རེ། །ཐུགས་རྗེས་གཟིགས་ཤིག་བློ་བཟང་གྲགས་པ་མཁྱེན། །བློ་སྣ་ཆོས་ལ་སྒྱུར་ཅིག་ཙོང་ཁ་བ། །ལམ་གོལ་དམན་པར་མ་གཏོང་འཇམ་པའི་དབྱངས། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་ལགས། །
----མཚན་སྒྲོག་སྤྲུལ་སྐུ་ངག་དབང་འཇམ་དཔལ་བསྟན་པ་རབ་རྒྱས་ཀྱིས་མཛད།
རྨད་བྱུང་ཐུགས་བསྐྱེད་མཐའ་བྲལ་འཛིན་མའི་ཁྱོན།།གཞན་ཕན་ཕྱོགས་ཀྱི་འཁོར་ལོ་ཡོངས་རྫོགས་པས།།སྤངས་རྟོགས་ཡོན་ཏན་འབུམ་དུ་གྲོལ་བའི་གཏེར།།ལྷུན་གྲུབ་མཁའ་ཁྱབ་ཆོས་སྐུའི་གཞལ་ཡས་ནས།།རིགས་གསུམ་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར།།ཡབ་གཅིག་འགྲོ་བའི་མགོན་པོ་བློ་བཟང་གྲགས།།
རྣམ་འདྲེན་དབང་པོའི་ཏོག་གི་སྤྱན་སྔརུ།། ཡོངས་རྫོགས་རྒྱལ་བསྟན་སྤེལ་བའི་ཐུགས་བསྐྱེད་ཀྱིས།། རྒྱལ་སྲས་།ཀུན་གྱི་སྤོབས་པ་ཟིལ་གནོན་པའི།། སྙིང་སྟོབས་མཆོག་ཏུ་བརྟན་ལ་ཕྱག།འཚལ་ལོ། ཆུང་། རྒྱལ་བསྟན་ནུབ་པར་ཕྱོགས་ཚེ་མིའི་གཟུགས་ཀྱིས།། རྒྱལ་བའི་མཛད་པ་མཐའ་དག་བྱེད་པ་རུ། ་། རྒྱལ་བ་ཉིད་ཀྱིས་བདེན་པས་རྗེས་།བསྔགས་པ། རྒྱལ་བ་གཉིས་པའི་ཞ་བས་ལ་ཕྱག་འཚལ་ལོ།། བྱང་ཕྱོགས་སྙིགས་མ་ལྔ་བདོའི་མུན་ཀློང་དུ།། ཚང་ལ་མ་ནོར་གདམས་པའི་འོད་སྣང་གིས། ། ཐར་འདོད་སྐྱེ་རྒུའི་ཚོགས་རྣམས་དབུགས་འབྱིན་པ།། འགྲོ་བའི་དེད་དཔོན་མཆོག་ལ་ཕྱག་འཚལ་ལོ།་མདོ་སྔགས་ཟུང་འབྲེལ་ལེགས།བཤད་བཙོ་མའི་གསེར།་། བཤད་སྒྲུབ་རྩི་བས་སྟོད་འ་བར་བའི་འཁོར་ལོ་ཡིས། །ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བ། །མཚུངས་མེད་ཆོས་ཀྱི་རྒྱལ་བོར་ཕྱག་འཚལ་ལོ།།
-----དཔའ་རིས་རབ་གསལ།
མཁས་བཙུན་བཟང་པོའི་རུས་སྦལ་གཟུགས་ཀྱིས་རྒྱལ་བསྟན་འཛིན་མ་གྱེན་དུ་བཏེགས། །འཆད་རྩོད་རྩོམ་པའི་ཕས་རྒོལ་གཟུགས་ཀྱིས་མཁས་རློམ་ཚངས་པའི་འཇིག་རྟེན་མནན། །ལུང་རིགས་སྟོབས་ལྡན་ར་མ་ཎ་ཡིས་རྒོལ་ངན་མགྲིན་བཅུའི་སྲོག་འཕྲོག་པའི། །མེ་ཏོག་ལྟོ་ཅན་ཙོང་ཁ་པ་དེས་བྱང་ཆུབ་བར་དུ་བཤེས་མཛོད་ཅིག །
-----ཁལ་ཁ་ངག་དབང་དཔལ་ལྡན་(༡༨༠༦-?)གྱིས་མཛད་པའི་བདེན་གཉིས་རྣམ་བཤད་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་ལས་དྲངས།
མཁྱེན་རབ་བློ་ཡིས་ཤེས་བྱ་མ་ལུས་གཟིགས། །བརྩེ་བ་བཟང་པོས་འགྲོ་ཀུན་རྗེས་སུ་བཟུང་། །སྙན་པར་གྲགས་པས་ཞིང་ལ་ཡོངས་སུ་ཁྱབ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
-----ཤཱཀྱའི་དགེ་སློང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས།
མཁྱེན་པའི་དཀྱིལ་འཁོར་ལས་འཕྲོས་འོད་ཟེར་གྱིས། །རྨོངས་པའི་མུན་པ་རྟུག་པོ་དྲངས་ཕྱུང་ནས། །ཐུབ་བསྟན་ནམ་མཁའི་ཁྱོན་ཀུན་གསལ་མཛད་པ། །བློ་བཟང་ཉིན་བྱེད་དབང་པོར་གྲགས་ལ་འདུད། །
----- མཁར་ནག་ལོ་ཙཱ་བ་དཔལ་འབྱོར་རྒྱ་མཚོས་མཛད།
བློ་བཟང་མཛད་པའི་དྲི་བྲལ་མཁྱེན་པའི་མེ་ལོང་ནང་དུ་ཆོས་ཀུན་མ་འདྲེས་སོ་སོར་གསལ། །གྲགས་པའི་བ་དན་སྐྱོང་ལ་དངོས་གྲུབ་བདུད་རྩིའི་རླབས་ཕྲེང་ཕྱོགས་ཀྱི་འཁོར་ལོ་མ་ལུས་འགེངས། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་དབང་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །བསྟན་པའི་རྩ་ལག་ཡབ་སྲས་བརྒྱུད་འཛིན་ཞབས་ལ་གུས་མཆོད་ཕུན་ཚོགས་ཡིད་བཞིན་འགྲུབ་པར་མཛོད། །
-----ངག་དབང་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན་གྱིས་མཛད།
སྔོན་མེད་ལེགས་བཤད་འོད་རྣོན་འབུམ་གྱི་གཟིས། །སྨྲ་མཁས་རྒྱུ་སྐར་བྱེ་བ་ཟིལ་གནོན་པའི། །བློ༷་བཟ༷ང་ཉིན་བྱེད་གྲ༷གས་པ༷འི་གཞིར་གྱུར་པ། །རིགས་གསུམ་འདུས་སྤྱིར་ངེས་ཚེ་མཆོག་ཏུ་གུས། །
-----ཞྭ་དམར་པཎྚི་ཏའི་ལམ་རིམ་ལས་བཤུས།
ཡབ་གཅིག་ཉི་མ་བྱེ་བའི་ལང་ཚོའི་འཛུམ།།མཚམས་སྤྲིན་བླ་གོས་གསེབ་ཏུ་རབ་སྦས་ཀྱང་།གསུང་གི་དབང་ཕྱུག་ཉིད་གྱུར་གསུང་དབྱངས་ཀྱིས།།འཇམ་དཔལ་དབྱངས་ཏེ་ཙོང་ཁ་པ་ལ་འདུད། །
---- རྗེ་ཕ་བོང་ཁ་པའི་གསུང་དགའ་ལྷའི་ཁྲིད་ཀྱི་མཆོད་བརྗོད་ལས་བཤུས།
ཀུན་རྨོངས་བློ་ཡི་མུན་པ་སྟུག་པོའི་ཚོགས།།ཡེ་ཤེས་སྣང་བ་འབར་བས་ཟ་བྱེད་པ།།སྨྲ་བའི་ཉི་མ་འཇམ་མགོན་ཆོས་ཀྱི་རྗེ།།མཁྱེན་རབ་རལ་གྲིའི་མཚོན་རྣོན་གདེངས་པས་སྲུངས།།
----ཁྲི་བྱང་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོས་མཛད།
དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན།།གཅིག་བསྡུས་རང་གཟུགས་རྗེ་བཙུན་བློ་བཟང་གྲགས།།ཕན་ཚུན་དབྱེར་མེད་དྲིན་ཅན་བླ་མ་རྣམས།།སྙིང་གར་བཞུགས་ནས་སྐུ་གསུམ་དངོས་གྲུབ་སྩོལ།།
-----དགེ་བཤེས་ལྷ་རམས་པ་སུ་ཉིད་ཡེ་ཤེས་རྒྱ་མཚོའི་གསེར་ཕྲེང་ཚིག་སྡོམ་གྱི་མཆོད་བརྗོད་ལས་བཤུས།
གང་ཞིག་སྒྲིབ་བྲལ་གསང་བའི་སྙིང་པོ་ལྗོངས་འདིར་སྒྱུ་མའི་གར་དུ་རྩེན་པའི་མི་ཡི་ཟུར་ཕུད་ལྔ་བ་གང་འདིར་སྨྲ་ངན་སྡེ་དཔུང་བརླགས་པའི་སྲིད་ལ་འཇམ་དབྱངས་རལ་གྲིས་དབང་བསྐུར་བས།།རླབས་ཆེན་སྤྱོད་པའི་ཆུ་འཛིན་ལ་བརྟེན་སྣང་སྟོང་འགལ་མེད་འབྲུག་གི་སྒྲ་དབྱངས་ཐར་བའི་གསོས་སུ་ལན་བརྒྱར་བསྒྲགས་པས་བདུད་དཔུང་སྡེ་དང་གཤིན་རྗེའི་གྲོང་ཡང་རྣམ་པ་སྟོང་དུ་སྔངས་བྱེད་ཅིང་།། ཟབ་གསང་གསེར་གྱི་སྙིང་པོའི་ཆར་རྒྱུན་ཐུབ་བསྟན་འཛིན་མའི་གསོས་སུ་བྱིན་པས་ཕན་བདེ་འདབ་སྟོང་གྲོལ་བའི་རླབས་ཀྱིས་དེང་འདིར་རྫོགས་ལྡན་གསར་བའི་རང་འོད་ཕྱོགས་དུས་མཐའ་ལ་བསྐྱངས་མཛད་པ།། མདོ་རྒྱུད་གཞུང་ལམ་མཚོན་པའི་དམིགས་བུ་སྲིད་དང་ཞི་བ་ཡོངས་ཀྱི་སྒྲོན་མེ་བློ་བཟང་རྒྱལ་བ་གཉིས་པའི་ཞབས་སེན་མཁས་རྒུའི་ཅོད་པན་གཏུགས་པའི་ཁྲི་ལ་རྣམ་ཀུན་རྒྱལ་བའི་མཆོག་གྱུར་ཅིག།
-----རྒྱ་རྒྱའི་ཤེས་རབ་རྒྱ་མཚོའི་གསེར་ཕྲེང་བསྡུས་དོན་ལས།
ཀུན་ཁྱབ་ཀུན་གྱི་རང་བཞིན་ལ་ཞུགས་བློ་བཟང་འོད་ཀྱི་འཁྲི་ཤིང་གར། །གྲགས་པ་རབ་དཀར་བདུད་རྩིའི་ཟེགས་མ་གཏན་བདེའི་རོ་བརྒྱའི་བཅུད་དུ་རྫོགས། །རྒྱལ་ཀུན་གསུང་གསང་སྙན་དགུའི་རོལ་མོ་ལེགས་བཤད་རྒྱུད་དུ་བཀུག་པའི་གདངས། །སྐལ་བཟང་རྣ་བའི་བཅུད་ལེན་ཉིད་གྱུར་འཇམ་མགོན་བླ་མར་གུས་ཕྱག་འཚལ། །
----- ཞང་སྟོན་བསྟན་པ་རྒྱ་མཚོས་(༡༨༢༥-༡༨༩༧) མཛད།
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་འཇམ་པའི་དབྱངས།། རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་གངས་ལྗོངས་འདིར།། རྒྱལ་བའི་བསྟན་པ་ཉི་ལྟར་གསལ་མཛད་པ།། རྒྱལ་བ་བློ་བཟང་གྲགས་པར་སྙིང་ནས་འདུད།།
----གུང་ཐང་བློ་གྲོས་རྒྱ་མཚོའི་ཕར་ཕྱིན་མཆོད་བརྗོད་ལས་བཤུས།
འཇམ་དཔལ་དབྱངས་ཉིད་ངུར་སྨྲིག་ཚུལ་བཟུང་ནས།།ལྗོངས་འདིར་ཟབ་ལམ་རྫོགས་ལྡན་བཞིན་སྤེལ་བའི།།མཛད་བཟང་འགྲན་ཟླ་མེད་པས་ཡིད་བསྐུལ་ཏེ།།སླར་ཡང་དད་གུས་ཆེན་པོས་ཕྱག་ཀྱང་འཚལ།།
-----གུང་ཐང་བློ་གྲོས་རྒྱ་མཚོས་མཛད།
ཚོགས་གཉིས་རིན་ཆེན་འབྱུང་གནས་ལས་འཁྲུངས་ཤིང་། །སྐུ་བཞིའི་ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས། །འཕྲིན་ལས་བཟང་པོའི་འོད་ཅན་ཀུ་མུད་གཉེན། །དཔལ་ལྡན་བླ་མ་སྲིད་ཞིའི་གཙུག་ན་རྒྱལ། །
-----རྒྱལ་མཁན་ཆེན་གྲགས་པ་རྒྱ་མཚོས་(༡༨༨༠-? ) མཛད་པའི་རྗེའི་རྣམ་ཐར་གསོལ་འདེབས་དད་པའི་ལྗོན་ཤིང་ལས་དྲངས།
བློ་ཆེན་རྒྱལ་བའི་གདུང་འཚོབ་བླ་ན་མེད།། བཟང་བོའི་ལེགས་བཤད་རིན་ཐང་བྲལ་བའི་གཏེར།། གྲགས་སྙན་གཡུ་འབྲུག་སྟོང་གི་ང་རོ་ཅན།། པ་སངས་རྣམ་མནོན་དད་པས་སྤྱི་བོར་བསྟེན།།
-----རྡོ་བིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་འབུམ་པོད་གཉིས་པ་ལས་བཤུས།
རྒྱལ་ཡུམ་རྒྱལ་བའི་ཐུགས་བཅུད་གངྒཱའི་མཚོ། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་ཡོངས་བཟུང་བ། །ཟླ་གྲགས་ཟླ་བའི་འོད་ཀྱིས་འཕྱུར་བའི་ཀླུང་། །བློ་བཟང་བློ་ཡི་ཛ་ཧུས་ཧུབ་ཀྱིས་འཐུངས། །
-----ཅོ་ནེ་བླ་མ་རིན་པོ་ཆེའི་གསུང་ལེགས་པར་བཤད་པའི་སྙིང་བོ་ལས་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་ལས་བཤུས།
མ་ལུས་རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་ནི། །སྲིད་འདིར་ངུར་སྨྲིག་གར་གྱིས་རྣམ་རོལ་བ། །སྙིགས་དུས་འགྲོ་བའི་འདྲེན་པ་ཟླ་མེད་པ། །འཇམ་མགོན་བླ་མའི་ཞབས་ལ་གུས་བཏུད་ནས། །
-----ཞོགས་དོན་ཡོན་མཁས་གྲུབ་ཀྱིདམིགས་བརྩེ་མའི་སྒོ་ནས་བྱིན་རྟེན་རིལ་བུ་བསྒྲུབ་ཚུལ་ལས་བཤུས།
དྲང་ངེས་ལེགས་པར་གསུང་མཛད་རྒྱལ་བ་སྟོན་པ་དང་།།དྲང་ངེས་འབྱེད་པར་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་ཞབས།།དྲང་ངེས་ཇི་བཞིན་གཟིགས་པ་མཉམ་མེད་ཙོང་ཁ་བ།།དངོས་དང་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
-----ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱིས་མཛད།
མཁྱེན་པའི་ཆ་ཤས་ཕྲ་མོ་ཡིས་ཀྱང་ཤེས་བྱ་མ་ལུས་གཟིགས་པ་ཡི།།མཁས་དང་གྲུབ་པ་ཀུན་གྱི་གཙུག་ཏུ་གང་གི་ཞབས་པད་ལ་གསོ་བའི།།གྲགས་པ་ལེགས་བྲིས་གསེར་གྱི་རྔ་ཆེན་ཕྱོགས་བཅུར་བརྡུངས་པའི་བསྟན་འཛིན་མཆོག།འཇམ་མགོན་མི་ཡི་ཟློས་གར་རྣམ་རྩེན་བློ་བཟང་གྲགས་པ་སྤྱི་བོས་མཆོད།།
----- བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱིས་མཛད།
དག་པའི་སྣང་ངོར་རྒྱལ་བ་ཀུན་གྱི་ཡབ་གཅིག་བརྟན་པའི་འཁོར་ལོ་ངུར་སྨྲིག་གར་གྱིས་རྣམ་རོལ་ཅིང་།།ཐ་མལ་སྣང་ངོར་ཐོས་བསམ་སྒོམ་ལ་རིམ་གྱིས་བརྩོན་པའི་སྟོབས་ཀྱིས་ས་ལམ་མཐོན་པོར་མངོན་གཤེགས་ནས།།ཆེ་ཞིང་གསལ་ལ་ཟབ་ཅིང་མྱུར་བའི་མཁྱེན་རབ་བཟང་བོས་ཐུབ་བསྟན་བསྲེགས་བཅད་བརྡར་པའི་གསེར་བཞིན་དུ།།དག་ཐེར་མཛད་པའི་བཀའ་དྲིན་འཁོར་མེད་ཀུན་མཁྱེན་ཙོང་ཁ་བ་དེས་ཚེ་རབས་ཀུན་ཏུ་བཤེས་མཛོད་ཅིག།
-----ཁལ་ཁ་ངག་དབང་དཔལ་ལྡན་གྱིས་མཛད།
དེ་དག་དགོངས་པ་ཇི་བཞིན་དུ། ། རྟོགས་པ་སྔོན་ཆད་འདིར་མ་བྱུང་། ། རེ་ཞིག་ཇི་བཞིན་གཟིགས་ནས་བྱོན། ། མཉམ་མེད་ཙོང་ཁ་པ་ལ་འདུད། །
-----བྱང་སེམས་ཀུན་དགའ་བཟང་བོའི་གསུང་རྟེན་བསྟོད་ཊཱི་ཀ་ལས་བཤུས།
ཟུར་ཕུད་ལྔ་བའི་བློ་གྲོས་མཆོག་མངའ་ཞིང་། ། པད་དཀར་འཛིན་པའི་བཟང་བོའི་སྤྱོད་པའི་བདག ། ལག་ན་རྡོ་རྗེ་གྲགས་པའི་སྟོབས་ལྡན་པ། ། རིགས་གསུམ་དབྱེར་མེད་འཇམ་མགོན་བླ་མས་སྐྱོངས། །
-----མང་དགེ་རྡོ་རྗེ་འཆང་དགེ་ལེགས་ཡར་འཕེལ་གྱི་གསུང་རིན་ཆེན་བང་རིམ་ལས་བཤུས།
བློ་གྲོས་ཤེས་བྱ་ཀུན་ཁྱབ་ཅིང་། ། བཟང་བོའི་མཛད་པས་འགྲོ་ཀུན་སྐྱོང་། ། གྲགས་པས་སྲིད་གསུམ་ཀུན་འགེངས་པའི། ། བླ་མ་ཙོང་ཁ་བ་དེར་འདུད། །
-----མང་དགེ་རྡོ་རྗེ་འཆང་དགེ་ལེགས་ཡར་འཕེལ་གྱི་གསུང་«ཕན་བདེའི་སྣང་བ»ལས་བཤུས།
བློ་ཆེན་རྒྱལ་བ་ཀུན་གྱི་བསྟན་པའི་དཔྱིད།།ཁྱོད་ཡོན་མཛད་པ་བཟང་བོའི་རྗེས་འགྲོ་བ།།འདི་ཡིས་གྲགས་པའི་བ་དན་འཕུར་བ་གཞན།།རི་དབང་དྲུང་ན་རྡུལ་བཞིན་ཁོ་བོས་སེམས།།
----ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་མཛད།
ཐུབ་བསྟན་སྙིང་བོ་མ་དག་ཞིང་རྣམས་སུ།།སྤེལ་བས་རྒྱལ་སྲས་གཞན་ལ་ཞུམ་པའི་ཁུར།།སྦྱིན་མཛད་བློ་བཟང་གྲགས་ཞེས་སྲིད་ཞི་ན།།བླ་མེད་བསྟན་པའི་བདག་པོ་འདིར་ཡང་མཆོད།།
----རེབ་གོང་སྐྱབས་མགོན་སྐུ་ཕྲེང་བདུན་པས་མཛད།
ནམ་མཁའ་རབ་འབྱམས་ཡོངས་གང་རྒྱལ་ཀུན་གྱི། །ཡེ་ཤེས་ཉི་མ་འབར་བའི་གདེངས་ཀ་ནས། །བློ་གྲོས་ཀུན་བཟང་གྲགས་པ་དོན་ལྡན་གྱི། །བཤེས་གཉེན་གཟུགས་སུ་བཞེངས་པ་དེ་ལ་འདུད། །
---------ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད།སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་དང་པོ་ལས་བཤུས།
བློ༵་བཟ༵ང་མཁྱེན་པ་རབ་ཡངས་ནམ་མཁས་བདེན་གཉིས་ཤེས་བྱའི་དངོས་ཀུན་ཁྱབ། །བརྩེ་ཆེན་ཆུ་འཛིན་གཞོན་ནུའི་གདེངས་ཀ་ཨུཏྤལ་མཐིང་ཀའི་རི་མོ་བཞིན། །མཐུ་ནུས་སྐད་ཅིག་འོད་ཀྱི་ཞགས་པས་བགེགས་ཚོགས་ཀུན་ལ་འཇིགས་སྟེར་བ། །རིགས་གསུམ་སྒྱུ་འཕྲུལ་གྲགས༵་པ༵འི་གཏེར་ཆེན་མི་ཤིགས་རླུང་སེམས་ངོ་བོར་བསྟེན། །
-----ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་ཀིརྟི་བློ་བཟང་འཕྲིན་ལས་གྱི་རྣམ་ཐར་མཆོད་བརྗོད་ལས་བཤུས།
རྒྱལ་ཀུན་མཁྱེན་བརྩེ་མཐུ་ནུས་གཅིག་གྱུར་བློ་གྲོས་བཟང་བོའི་དཀྱིལ་འཁོར་ལས། །འཆད་རྩོད་རྩོམ་པའི་ལེགས་བཤད་འོད་རླབས་ཕྱོགས་རྣམས་ཀུན་ལས་རྒྱལ་གྱུར་པས།།ཐུབ་བསྟན་བཅུ་གཉིས་གླིང་ཀུན་གསལ་མཛད་གྲགས་པ་དོན་དང་ལྡན་པ་ཡི། །འཇམ་མགོན་བླ་མ་ཉིན་བྱེད་དབང་པོས་འགྲོ་འདིའི་ཀུན་རྨོངས་མུན་སེལ་མཛོད།།
-----ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་རྩོམ་པོད་གསུམ་པ་ལས་བཤུས།
བློ༵་བཟ༵ང་མཁྱེན་པ་རབ་ཡངས་ནམ་མཁས་བདེན་གཉིས་ཤེས་བྱའི་དངོས་ཀུན་ཁྱབ། །བརྩེ་ཆེན་ཆུ་འཛིན་གཞོན་ནུའི་གདེངས་ཀ་ཨུཏྤལ་མཐིང་ཀའི་རི་མོ་བཞིན། །མཐུ་ནུས་སྐད་ཅིག་འོད་ཀྱི་ཞགས་པས་བགེགས་ཚོགས་ཀུན་ལ་འཇིགས་སྟེར་བ། །རིགས་གསུམ་སྒྱུ་འཕྲུལ་གྲགས༵་པ༵འི་གཏེར་ཆེན་མི་ཤིགས་རླུང་སེམས་ངོ་བོར་བསྟེན། །
-----ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་ཀིརྟི་བློ་བཟང་འཕྲིན་ལས་གྱི་རྣམ་ཐར་མཆོད་བརྗོད་ལས་བཤུས།
གང་གི་བསྟན་པ་རིན་ཆེན་དབང་གི་རྒྱལ།།བཤད་སྒྲུབ་གཙང་མའི་ཆབ་ཀྱིས་ལེགས་བཀྲུས་ཏེ།།སླར་ཡང་ལྷ་མིའི་རྒྱལ་མཚན་རྩེར་མཆོད་མཁས།།སྟོན་པ་གཉིས་པ་བློ་བཟང་གྲགས་པ་རྒྱལ།།
----དཔལ་ལྡན་ཤེས་རབ་ཀྱིས་མཛད།
ཐར་འདོད་བློ་གྲོས་བཟང་བོའི་སྙིང་ལ་དགེ་ལེགས་བདུད་རྩི་གསར་བའི་དོག་པ་གཅིག་མིན་དུ་མར་བྱིན་པ་ཡི།།རྨད་བྱུང་གྲགས་པ་དཀར་བོའི་ཚོན་གྱིས་དབྱིག་འཛིན་བུ་མོའི་འགྲམ་པ་དག་ལ་རི་མོ་བྲིས་པའི་རྩེ་དགའ་འཛིན།།མགྲིན་པའི་དཔལ་སྟུག་དར་ལ་བབ་པས་མ་ལུས་མཁས་པ་ཀུན་གྱི་ཡིད་འཕྲོག་ཆེར་སྙིགས་རྒུད་པའི་གདུང་སེལ་བ།།རིན་ཆེན་རིགས་པའི་དོ་ཤལ་གྱིས་མཛེས་འགྲོ་བའི་བླ་མ་བརྒྱུད་པར་བཅས་པས་འཕྲིན་ལས་བཟང་བོའི་མཆོག་བྱིན་ཅིག།
----འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད།
རབ་འབྱམས་རྒྱལ་བའི་ཕུལ་བྱུང་མཁྱེན་བརྩེ་རབ་མཛེས་ངུར་སྨྲིག་གསལ་བའི་གར།།རབ་བསྒྱུར་བློ་ཆེན་བཟང་བོའི་མཛད་པར་རབ་ཏུ་བསྡོམས་པའི་ཁུར་བཟུང་བས།།རབ་སྙན་གྲགས་པ་གསར་བའི་ཅོད་པན་རབ་ཡངས་ནམ་མཁའི་མཐར་སོང་བ།།རབ་མང་འགྲོ་བའི་མགོན་པོ་གང་དེའི་རབ་དཀར་འཕྲིན་ལས་སྙིང་གི་གསོས།།(ཐོག་བར་གྱིས་ཆོད་པའི་ཟུང་ལྡན།)
-----འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད།
བདེན་གཉིས་རེས་འཇོག་མེད་པའི་སྣང་བ་བློ་བཟང་མཁྱེན་པའི་གདོང་བར་རོལ། །འཇིགས་མཛད་དཀྱིལ་འཁོར་བདག་པོར་བཞེངས་པས་དབང་བཞིའི་ཟིལ་དངར་བཅུད་དུ་ཕབ།།རྒྱུད་སྡེའི་ཚིག་དོན་འབྱེད་པའི་གྲགས་པ་དགའ་ཆེན་སྟོན་པའི་དཔུང་བར་སྡེབ། །གྲུབ་རྒུའི་མེས་པོ་དོན་ཡོད་རྡོ་རྗེ་ཚེ་རབས་ཕྲེང་བའི་མགོན་དུ་གུས། །
-----རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྒྱུད་འགྲེལ་ཆེན་མོའི་མཆོད་བརྗོད་ལས་བཤུས།
ཟབ་གསང་ལེགས་བཤད་གཏམ་གྱི་སྙིང་བོ་སེང་ཆེན་རྩེན་པའི་སྒྲ་དབྱངས་ཀྱིས།།ནོར་གྱི་བློ་གྲོས་ཡངས་པའི་མཐའ་ལ་རྒྱལ་དབང་བདེན་པར་སྨྲ་བ་ཡི།།མཛད་བཟང་ཟླ་བ་འབུམ་གྱི་བཞིན་རས་ཇི་བཞིན་སྟོན་པའི་གྲགས་པ་ཅན།།གངས་ལྗོངས་ཚད་མའི་སྟོན་པ་གང་ལ་ཚུལ་འདི་རྟོགས་པའི་དངོས་གྲུབ་ཞུ།།
----- འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད།
གང་ཞིག་དུས་འདིར་བསྟན་པ་ལ། །སྟོན་ལས་མཛད་པ་ཆེས་ལྷག་པ། །འཁྲུལ་བྲལ་བསྟན་པའི་སྲོལ་འབྱེད་མཁན། །བློ་བཟང་རྒྱལ་བའི་དབང་པོར་འདུད། །སྐྱབས་གཞན་སྤངས་ནས་ཁྱོད་ཁོ་ནར། །བདག་ཉིད་མོས་པ་ཅིའི་སླད་ན། །འདི་ན་གསུང་གི་ཆ་རེར་ཡང་། །འཁྲུལ་མི་མངའ་བ་ཁྱོད་གཅིག་ལགས། །
-----འཇིགས་མེད་དམ་ཆོས་རྒྱ་མཚོས་(༡༨༩༨-༡༩༤༦) མཛད་པའི་རྗེའི་ཁྱད་པར་འཕགས་བསྟོད་མདོར་བསྡུས་ལས་དྲངས།
ལྔ་རིག་སྨྲ་བའི་ཉིན་བྱེད་ས་པཎ་རྗེ། །མདོ་སྔགས་ལེགས་བཤད་འབྱུང་ནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །
-----རྫ་དཔའ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས།
གང་དུ་སྣ་ཚོགས་རྟེན་འབྲེལ་མི་འགོག་རྒྱ་ཆེའི་སྣང་བ་རབ་རྒྱས་ཤིང་།།སྙིང་བོའི་དོན་ལ་དངོས་རྣམས་རང་གི་ངོ་བོ་རབ་ཞིའི་ངེས་པ་གང་།།རྟག་ཏུ་སྙིང་རྗེའི་གཞན་དབང་ཉིད་གྱུར་ཟབ་མོའི་ཡུལ་ལ་མངོན་སུམ་སྤྱན།།དེ་ལྟའི་མཁྱེན་བཟང་གང་ལ་མངའ་བའི་བླ་མ་ལྷར་བཅས་ལ་ཕྱག་འཚལ།།
-----དྭགས་པོ་མཁན་ཆེན་ངག་དབང་གྲགས་པའི་རྟེན་བསྟོད་འགྲེལ་བའི་དབུར་མཛད།
ཆོས་སྐུ་མངོན་གྱུར་མཉམ་ཉིད་བརྙེས་པར་གྱུར་ཀྱང་ཐུབ་བསྟན་འདི་ལ་རྒྱལ་སྲས་སྤྱོད་ཚུལ་རབ་ཏུ་འཛིན།།བློ་བཟང་མཁྱེན་པའི་ནམ་མཁའ་ཡངས་པར་ལྷག་བསམ་ཆུ་འཛིན་ཟབ་དོན་ཆུ་ཡི་ལྕིད་ཀྱིས་རབ་ཏུ་བརྗིད།།དགག་སྒྲུབ་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག་པའི་འོད་ཀྱིས་ལྟ་བ་ངན་པའི་མུན་པ་རབ་ཏུ་གསལ།།སྟོང་ཉིད་ཟབ་མོའི་འབྲུག་སྒྲ་ཆེར་སྒྲོགས་གྲགས་པའི་མཚན་ཅན་སྟོབས་བཅུ་ལྡན་དེའི་ཞབས་ལ་རབ་ཏུ་འདུད།།
-----མདོ་ཁམས་སྨད་པ་གྲགས་པ་འོད་ཟེར་གྱིས་མཛད།
བློ་བཟང་མཁྱེན་པས་བསྟན་པའི་གནད་དོན་གཟིགས།།གཟིགས་པ་དེ་ཡིས་སྟོན་པ་མཆོག་ལ་ཡང་།།ཡང་དག་རིགས་པས་སྐྱབས་སུ་བསྒྲུབས་པའི་རྗེ།།རྗེ་བཙུན་གངས་ཅན་མགོན་པོ་གྲགས་པ་རྒྱལ།།
-----བསྟན་དར་ལྷ་རམས་པས་མཛད།
མདོ་སྔགས་གཞུང་ལུགས་རྒྱལ་བའི་དགོངས་པ་བཞིན།།འཆད་རྩོད་རྩོམ་ལ་དཔེ་ཟླ་མ་མཆིས་པའི།།འཇམ་མགོན་བླ་མ་སྲས་དང་བཅས་པ་ལ།།བྱང་ཆུབ་བར་དུ་སྒོ་གསུམ་གུས་པས་འདུད།།
-----གྲུབ་ཆེན་དམ་ཆོས་ཡར་འཕེལ་གྱིས་མཛད།
རྟག་ཆད་ལྟ་བའི་མུན་པ་རབ་འཐིབས་པས།།ངེས་ལེགས་གྲོང་དུ་འཇུག་པའི་ལམ་བསྒྲིབས་ཏེ།།འགྲོ་རྣམས་འཁོར་བའི་ཐང་ལ་འཁྱམས་པའི་དུས།།བློ་བཟང་ཉིན་མོར་བྱེད་པ་ཁྱོད་ཉིད་ཤར།།
-----ཀོང་པོ་ཡེ་ཤེས་བརྩོན་འགྲུས་ཀྱིས་མཛད།
ཆེར་སྙིགས་ལྔ་བདོའི་སྨག་གིས་བྱང་ཕྱོགས་འགྲོའི།།ཟབ་དོན་ལྟ་བའི་གོ་སྐབས་བཀག་གྱུར་ཚེ།།ཐུགས་བསྐྱེད་མགྱོགས་འགྲོས་དྲངས་པའི་ཚ་ཟེར་ཅན།།བློ་བཟང་ཉིན་བྱེད་གངས་ཅན་དགུང་དུ་ཤར།།
----- དངུལ་ཆུ་དྷརྨ་བྷ་དྲས་མཛད།
བློ་གྲོས་རབ་ཡངས་མེ་ལོང་གཙང་མའི་ངོས།།མཁས་བཙུན་བཟང་བོའི་སྣང་རིས་འབུམ་ཆགས་པས།།སྙན་པའི་གྲགས་པས་བསིལ་ལྡན་ཁ་བའི་ལྗོངས།།དོག་པོར་བགྱིས་པའི་ངོ་མཚར་འདི་རྨད་བྱུང་།།
-----མངའ་རིས་པ་བློ་བཟང་འཕྲིན་ལས་ཡེ་ཤེས་ཀྱིས་མཛད།
བློ་གྲོས་དྲི་མ་མེད་པའི་མཛད་བཟང་གི།ཐུབ་བསྟན་ཉི་འོད་བཞིན་དུ་ཆེར་རྒྱས་པས།།སྙན་པའི་གྲགས་པས་ས་སྟེང་ཀུན་ཁྱབ་པ།།འཇམ་མགོན་རྒྱལ་བ་གཉིས་པས་བདག་སྐྱོངས་ཤིག།
-----འཇམ་དབྱངས་བསྟན་པ་རྒྱ་མཚོས་མཛད།
ལེགས་བཤད་འོད་བརྒྱའི་སྣང་བ་འབུམ་ཕྲག་འཕྲོས།།ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་ཅིག་ཅར་གསལ།།ཀུན་མཁྱེན་སྨྲ་བའི་ཉི་མ་བློ་བཟང་གྲགས།།སྲས་དང་བཅས་པའི་ཞབས་ལ་སྙིང་ནས་འདུད།།
-----མཁན་ཟུར་སྐལ་བཟང་དགེ་འཕེལ་གྱིས་མཛད།
ཀླུ་སྒྲུབ་རྗེས་འབྲང་དབུ་མ་རང་རྒྱུད་པའི།།ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་རབ་ཀྱི།།དྲང་ངེས་འབྱེད་ཚུལ་གནད་དོན་ཀུན་རྫོགས་པར།།གསལ་མཛད་འཇམ་མགོན་བླ་མར་སྙིང་ནས་འདུད།།
-----མཁན་ཟུར་སྐལ་བཟང་དགེ་འཕེལ་གྱིས་མཛད།
རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་དྷཱིཿཡིག་ཟོལ།།རྒྱལ་བའི་ཡབ་དང་ཡུམ་སྲས་རྣམ་རོལ་ལས།།རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་གར།།རྒྱལ་བའི་དགོངས་ཟབ་འབྱེད་པར་དད་ཕྱག་བརྩེགས།།
-----སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་གིས་མཛད།
རིགས་གསུམ་ཀུན་འདུས་བླ་མ་ལ།།གུས་པས་འདུད་དོ་སྐྱབས་སུ་མཆི།།ལེགས་བཤད་སྙིང་བོའི་བདུད་རྩི་ཡིས།།ཚེ་རབས་ཀུན་ཏུ་འབྲལ་མེད་སྐྱོངས།།
-----སྔགས་རམས་པ་ངག་དབང་ཚེ་རིང་གིས་མཛད།
རབ་འབྱམས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས།།གསུམ་ལྡན་ངུར་སྨྲིག་འཆང་བའི་ཟློས་གར་གྱིས།།ཡོད་མེད་མཐའ་བྲལ་ལམ་བཟང་རྒྱས་མཛད་པའི།།རྒྱལ་བ་གཉིས་པ་ཙོང་ཁ་བ་ལ་འདུད།།
-----བློ་བཟང་བསྟན་པ་རྒྱ་མཚོས་མཛད།
ཕྲ་ལ་རྟོགས་དཀའ་ཟབ་མོ་དབུ་མའི་ལམ།།ཀུན་མཁྱེན་ཆེན་པོའི་དགོངས་དོན་ཇི་བཞིན་དུ།།ཀུན་ནས་འདོམས་ལ་ཟླ་མེད་སྨྲ་བའི་དབང་།།ཀུན་མཁྱེན་ཙོང་ཁ་བ་དེ་གཏན་གྱི་སྐྱབས།།
----- སྦྲ་ཆེན་བླ་མ་བློ་བཟང་ཕུན་ཚོགས་ཀྱིས་མཛད།
ཟབ་ཡངས་མཁྱེན་པའི་ཆུ་འཛིན་ཕུང་བོ་ལས།།རྣམ་དག་རིགས་ཚུལ་གློག་གི་རོལ་རྩེད་དང་།།ཆབས་ཅིག་གཞུང་བརྒྱའི་སྤྲིན་གྱི་སྒྲ་དབྱངས་ཅན།།བློ་བཟང་གྲགས་པའི་དཔལ་ལ་སྙིང་ནས་འདུད།།
-----སྦྲ་ཆེན་བླ་མ་བློ་བཟང་ཕུན་ཚོགས་ཀྱིས་མཛད།
ཤེས་བྱའི་མཁའ་ལ་བློ་གྲོས་ཐོགས་མེད་རྒྱུ།།བཟང་བོའི་ཚོགས་གཉིས་རྒྱ་མཚོ་ཆེ་ལས་འཁྲུངས།།གྲགས་པའི་འོད་སྣང་སྲིད་ན་མངོན་འཕགས་པ།།འཇམ་མགོན་སྨྲ་བའི་ཉི་མར་སླར་ཡང་འདུད།།
-----སྦྲ་ཆེན་བླ་མ་བློ་བཟང་ཕུན་ཚོགས་ཀྱིས་མཛད།
རིགས་ཚུལ་ལྷོ་ཕྱོག༷ས་དཔ༵ལ་གྱི་དུམ་བུར་བློ༷་གྲོས་འགྲམ་པ་བརྡར་བ་ལས། ། ལེགས་བཤད་ག་བུར་བསུང་ཞིམ་འཐུལ་བ་སྐལ་བཟ༷ང་བུང་བ་འཕྲོ་འདུའི་གཞི། ། རྒྱ་ཆེན་ཆོས༵་ཚུལ་པད་མཚོར་མངོན་དགྱེས་ཐེག་པ་ཕུལ་བྱུང་སྤོས་ཀྱི༵་༷གླང༷་། །དོན་གནས་གྲ༵ག༷ས་པ༵འི༷་བ་དན་དཀར་བོ༷་སྲིད་ན་གཡོ་བ་དེས་སྐྱོངས་ཤིག།
----དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོས་མཛད།
བློ་བཟང་མཁྱེན་པའི་ཀུན་གསལ་མེ་ལོང་ངོས།།རྒྱལ་བའི་ཆོས་ཀུན་རྒྱུ་སྐར་ཕྲེང་བའི་ཟོལ།།འཛིན་པའི་གྲགས་པ་དོན་ལྡན་ཕྱོགས་ཀྱི་རྒྱན།།རིགས་གསུམ་སྒྱུ་འཕྲུལ་རྣམ་ཀུན་གཙུག་ན་མཛེས།།
-----འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མཛད།
བློ་གྲོས་ནམ་མཁའི་སྐྱེད་ཚལ་ཡངས་པའི་གཞིར།།ཀུན་བཟང་མཁྱེན་པའི་རྒྱུ་སྐར་མེ་ཏོག་རྒོད། །གྲགས་པའི་འོད་ཟེར་ཟེའུ་འབྲུའི་ཟིལ་དངར་གྱིས། །ས་གསུམ་དགེ་མཛད་རྒྱལ་བ་གཉིས་པར་གུས། །
-----རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་ལས་བཤུས།
ཚད་མ་མདོ་དང་སྡེ་བདུན་གཞུང་རྣམས་ལ། །ཐར་འདོད་སྐྱེས་བུའི་ཉེར་མཁོ་མེད་ཅེས་པའི། །ལོག་རྟོག་བཀག་སྟེ་གྲོལ་བ་དོན་གཉེར་གྱི། །ནོར་མཛོད་སྒྲུབ་པའི་ཡབ་སྲས་བརྒྱུད་པར་གུས། །
----- སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་གིས་མཛད་པའི་ཚད་མའི་དགོངས་རྒྱན་ལས་དྲངས།
མཚམས་སྤྲིན་གཞོན་ནུའི་མདངས་འཛིན་འཇམ་དཔལ་དབྱངས།། གངས་རིའི་དབང་བོ་ལ་འགྲན་སྤྱན་རས་གཟིགས།། མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་སྟེ།། རིགས་གསུམ་གཅིག་བསྡུས་འཇམ་མགོན་བླ་མས་སྐྱོངས།།
-----པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུང་འབུམ་པོད་གསུམ་པ་ལས་བཤུས།
རྨད་བྱུང་རྒྱལ་ཀུན་འཕྲིན་ལས་གཟུགས་ཅན་བཞིན་དང་མཐའ་བྲལ་བློ་གྲོས་ཀུན། །ངེས་པར་མཁས་བཙུན་བཟང་བོའི་གཟུགས་སུ་རྣམ་པར་རོལ་བའི་གསང་བ་གསུམ།།ཀུན་གསལ་ཞགས་པས་འཁྱུད་མིན་གྲགས་སྙན་དཀར་བོས་ཕྱོགས་ཀུན་ནམ་མཁའི་དབྱིངས། །ཁྱབ་མཛད་རྒྱལ་བ་གཉིས་པའི་ཞབས་སེན་དབང་རྒྱལ་སྤྱི་བོར་མཆོད་ལ་སྦྲོ། །
-----དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་བཞི་བ་ལས་བཤུས།
གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ནས། །ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་གླིང་ཕྲན་བར། །སངས་རྒྱས་བསྟན་པས་ཁྱབ་མཛད་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །
-----རྗེ་ཡེ་ཤེས་རྒྱ་མཚོའི་འཇུག་པའི་རྣམ་བཤད་ལས་བཤུས།
ཟབ་མོའི་རྟེན་འབྱུང་གཏམ་གྱི་ང་རོ་གཡུ་འབྲུག་སྟོང་གི་གད་རྒྱངས་སྒྲོགས།། བྱིང་རྨུགས་སྤྲིན་གྱི་སྒྲིབ་གཡོགས་བྲལ་བའི་སྒོམ་པའི་ཏིང་འཛིན་མཁའ་དབྱིངས་དག། སྤྱོད་བཟང་བསླབ་ཁྲིམས་བསུང་ཞིམ་དྲི་ངད་ཕྱོགས་ཀྱི་བུ་མོའི་འགྲམ་པར་ཆགས།། བཤད་སྒྲུབ་བསྟན་ལ་སྟོན་པའི་མཛད་ཅན་བློ་བཟང་གྲགས་པར་སྙིང་ནས་འདུད།།
-----བསེ་ཚང་བློ་བཟང་དཔལ་ལྡན་(༡༩༣༧-༢༠༢༡)གྱི་གསུང་འབུམ་པོད་དགུ་བ་ལས་བཤུས།
གླེགས་བམ་གཅིག་གིས་ཆོས་ཕུང་ཇི་སྙེད་པ།།གསལ་བྱེད་སྔོན་མེད་ལེགས་བཤད་སྙིང་བོ་མཆོག།སྩོལ་མཛད་བཀའ་དྲིན་ཟླ་མེད་ཙོང་ཁ་བ།།འཁྲུལ་བྲལ་བསྟན་པའི་བདག་པོ་གང་ལ་གུས།།
-----སེང་གཤོང་བློ་གསལ་རྒྱ་མཚོས་མཛད།
བློ་ཆེན་རྒྱལ་བའི་ལེགས་གསུང་བདུད་རྩིའི་རྒྱུན།།ཀུན་བཟང་སྤྱོད་པས་རབ་འབྱམས་ཞིང་ཁམས་སུ།།བསྟན་འགྲོའི་གསོས་སུ་སྤེལ་བའི་གྲགས་པ་ཅན།།ཚད་མའི་སྟོན་པའི་དཔལ་གྱི་མགུར་དབྱངས་ནས།།ཞིང་འདིར་ཆོས་ཚུལ་ཇི་སྙེད་སྩལ་བའི་ནང་།། རབ་དང་ཕུལ་བྱུང་ཉིད་དུ་གྱུར་པ་ཡི།།ཟབ་མོའི་རྟེན་འབྱུང་སྟོན་པའི་གསུང་མཆོག་འདི།།ལེགས་བཤད་ཀུན་གྱི་སྙིང་བོར་མཁས་དགུས་བསྔགས།།
----- སེང་གཤོང་བློ་གསལ་རྒྱ་མཚོས་མཛད།
བློ་གཏེར་གཞོན་ནུའི་གསང་གསུམ་ངད་བརྒྱའི་བཅུད།།མཁྱེན་བཟང་པདྨོའི་སྦུབས་སུ་ཡོངས་རྫོགས་པའི། སྙན་པའི་གྲགས་པ་གསར་བའི་བ་དན་དཀར།།སྲིད་པའི་ཡང་རྩེར་གཡོ་བ་གང་དེར་འདུད།།
---- བསེ་ཚང་བློ་བཟང་དཔལ་ལྡན་(༡༩༣༧-༢༠༢༡)གྱིས་མཛད།
ཟབ་མོའི་རྟེན་འབྱུང་གཏམ་གྱི་ང་རོ་གཡ་འབྲུག་སྟོང་གི་གད་རྒྱངས་སྒྲོགས། །བྱིང་རྨུགས་སྤྲིན་གྱི་སྒྲིབ་གཡོགས་བྲལ་བའི་སྒོམ་པའི་ཏིང་འཛིན་མཁའ་དབྱིངས་དག།སྤྱོད་བཟང་བསླབ་ཁྲིམས་བསུང་ཞིམ་དྲི་ངད་ཕྱོགས་ཀྱི་བུ་མོའི་འགྲམ་པར་ཆགས། །བཤད་སྒྲུབ་བསྟན་ལ་སྟོན་པའི་མཛད་ཅན་བློ་བཟང་གྲགས་པར་སྙིང་ནས་འདུད། །
-----རྗེ་བཙུན་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་(༡༩༣༧-༢༠༢༡)མཛད་པའི་གཙོས་དགའ་ལྡན་ཆོས་གླིང་གི་གདན་རབས་ལས་དྲངས།
བློ་ཆེན་ཡེ་ཤེས་མེ་ལོང་གཅིག་ལ་ཇི་སྙེད་ཤེས་བྱའི་དཀྱིལ་འཁོར་རྫོགས། །བཟང་པོའི་སྤྱོད་པ་རྒྱ་མཚོའི་རླབས་རིས་དབྱིག་འཛིན་སྒེག་མོའི་འགྲམ་པར་ཆགས། །གྲགས་པ་སྙན་པའི་བ་དན་དཀར་པོ་ཕྱོགས་ཀྱི་འཛིན་མའི་ལྟེ་བར་གཡོ། །རྒྱལ་བའི་བསྟན་ལ་རྒྱལ་བའི་མཛད་སྐྱོང་འཇམ་མགོན་བླ་མ་གཙུག་ན་རྒྱལ། །
-----རྗེ་བཙུན་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་(༡༩༣༧-༢༠༢༡) མཛད་པའི་དགེ་ལྡན་གྲུབ་མཐའ་ལས་དྲངས།
མཁྱེན་བརྩེ་རིན་ཆེན་ནོར་གྱིས་ཡོངས་གཏམས་ཟབ་ཡངས་བློ་ཡི་ས་མུ་དྲ།།དུས་ལས་ཡོལ་མེད་འཕྲིན་ལས་བཟང་བོའི་རྦ་རླབས་ཆལ་ཆིལ་གཡོ་བ་རུ།།ལེགས་བཤད་བཅུད་ཀྱིས་རབ་མྱོས་ངང་མོས་གྲགས་པ་སྤེལ་བའི་མགྲིན་གླུ་ལེན།།ཟབ་རྒྱས་གདམས་པའི་ཆུ་གཏེར་འབྱུང་གནས་ཟླ་མེད་བླ་མ་མཆོག་དེར་འདུད།།
---- སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན་གྱིས་མཛད།
སྔོན་མེད་ལེགས་བཤད་འོད་ཟེར་སྟོང་སྤྲོས་ཏེ།། ཐུབ་བསྟན་པདྨ་དཀར་པོའི་ཚལ་སྐྱོང་ཞིང་།།ལྟར་སྣང་ཉེས་བཤད་ཀུན་ད་ཟུམ་བྱེད་པ།། བློ་བཟང་ཉིན་བྱེད་དབང་བོར་གུས་པས་འདུད།།
---- སྒོ་མང་མཁན་ཟུར་བསྟན་པ་བསྟན་འཛིན་གྱི་གསུང་འབུམ་པོད་གསུམ་པ་ལས་བཤུས།
སྲས་བཅས་རྒྱལ་བ་ཀུན་གྱིས་རབ་བསྔགས་པ།།མང་ཐོས་བློ་བཟང་མཁས་རྣམས་དགྱེས་པའི་ཕུལ།།དང་བོར་སྣང་བ་ཙམ་གྱི་དགེ་མཚན་གྱིས།།ས་གསུམ་གྲགས་པའི་ཟླ་རིས་མཆོག་ཏུ་གསལ།།
---- དིལ་མགོ་འཇམ་དབྱངས་མཁྱེན་བརྩེ་དབང་བོས་མཛད།
ཁྱད་པར་སྐལ་བཟང་ལྷ་མིའི་དཀྱིལ་འཁོར་དུ།།ཐུབ་བསྟན་སྙིང་བོ་མདོ་སྔགས་ཆོས་ཀྱི་ཚུལ།།འཁྲུལ་མེད་ལེགས་གསུངས་འབྲུག་སྒྲ་སྒྲོགས་པའི་གཙོ།།བློ་བཟང་རྒྱལ་བ་ཡབ་སྲས་ཕྱག་གི་ཡུལ།།
----རྡོ་རམས་པ་འཇམ་དབྱངས་སྦྱིན་པ་རྒྱ་མཚོས་མཛད།
རྒྱལ་བའི་བསྟན་ལ་རྒྱལ་བ་དང་།།མཚུངས་པའི་ལུང་བསྟན་བརྙེས་པ་ལྟར།།རྒྱལ་བའི་རིང་ལུགས་སྤེལ་བ་ལ།།ཟླ་བྲལ་རྒྱལ་བ་གཉིས་པར་འདུད།།
-----ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད།
རྒྱལ་ཀུན་ཡེ་ཤེས་ཕུང་བོ་འཇམ་པའི་དབྱངས།།གངས་ལྗོངས་ལྟ་ངན་མུན་པ་སེལ་སླད་དུ།།གསུམ་ལྡན་ངུར་སྨྲིག་མཛད་པའི་རྣམ་རོལ་པ།།བསྟན་པའི་ཉི་མ་ཙོང་ཁ་བ་ལ་འདུད།།
----ལྷ་སྡེ་ཨ་ཁུ་ཡོངས་འཛིན་དགེ་འདུན་བསྟན་འཛིན་གྱིས་མཛད།
མཐའ་ཡས་ཚོགས་གཉིས་རྒྱ་མཚོ་འཁྱིལ་བའི་དབུས།།སྐུ་བཞིའི་བང་རིམ་ལྷུན་རྫོགས་རིགས་བརྒྱའི་དཔལ།།འཇམ་མགོན་བླ་མ་རྗེ་བཙུན་མཁྱེན་པའི་གཏེར།།བྱང་ཆུབ་ཐོབ་ཀྱང་འབྲལ་མེད་སྤྱི་བོར་བསྙེན།།
---- བཀའ་བརྒྱུད་པ་གྲུབ་རིགས་ཁྱུ་མཆོག་གིས་མཛད།
བློ་གྲོས་རིན་ཆེན་ཁང་བཟང་དུ།།ཐུབ་རྣམས་བགྲོས་པའི་གསང་བ་དང་།།རིགས་ལྔའི་དཀྱིལ་འཁོར་ཞལ་ཕྱེ་བས།།གྲགས་པ་སྲིད་ཞིའི་ཁོངས་ལས་མཆོངས།།
----ཡོངས་འཛིན་འཇིགས་མེད་ཐེག་མཆོག་གིས་མཛད།
(རྩོམ་ཡིག་སྐུར་མཁན། རྫོང་དཀར་བློ་བཟང་དར་རྒྱས། མང་རའི་འཇམ་དབྱངས་ཆོས་འཕེལ། ཀླུ་ཚང་འཇམ་དབྱངས་ཤེས་རབ། རྐང་ཚའི་འཇིགས་མེད་རྒྱ་མཚོ།ཅོ་ནེ་བློ་བཟང་རྒྱལ་མཚན། ཤཱཀྱའི་དགེ་ཕྲུག །སྒོམ་སྡེ་སྦྱིན་པ།རྨེ་བ་ཤེས་རབ་མཐའ་ཡས།ནག་བཟའ་བརྩོན་འགྲུས་རྒྱ་མཚོ།རོང་བོ་བློ་གྲོས་བརྟན་པ།དྲང་བདེན་བོད་པ། བྱ་མདོ་སྐལ་བཟང་རྒྱལ་མཚན།འབྱུང་གནས། 琼尼 གཙོས་ཤེས་རབ་རྒྱ་མཚོ། ཁྲ་བོ། ཡེ་ཤེས་ཆོས་སྒྲོན་བཅས་ཡིན།)
འདི་འཕྲིན་སྟེགས་དག་གིས་འགོད་དུས་མ་ཁུངས་དང་སྦྲེལ་ཐག་དང་བཅས་འགོད་རོགས། ཞིབ་འཇུག་སློབ་མ་ལ་ལ་དང་། འཕྲིན་སྟེགས་ལ་ལས་ངེད་དྲ་བས་བསྒྲིགས་པ་དག་རང་རྩོམ་ཡིན་ཁུལ་གྱིས་འགོད་པ་ཁྲེལ་དང་ངོ་ཚ་མེད་པའི་སྤྱོད་པ་ཞིག་ཡིན་པས་ཐུགས་མཉམ་འཇོག་པར་ཞུ།
རྩོམ་སྐུར་སའི་ཡིག་སྒམ།524125673@163.
སྐད་འཕྲིན་བཤེར་རིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn