རྗེའི་བསྟོད་པ་དོན་ལྡན་མ་དང་སྤེལ་མར་བསྲེས་ཏེ་སླར་ཡང་བསྟོད་པ་དོན་ཟབ་སྣང་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-12-11 19:20:04     རྩོམ་པ་པོ།   བློ་བཟང་བསྟན་པ    ཀློག་ཐེངས།  

༄༅། །བདག་མེད་བདེ་ཆེན་ཆོས་ཀྱི་སྒྲ་དབྱངས་ཀྱིས། །མི་ཤེས་སྲིད་པའི་ས་བོན་དྲུངས་འབྱིན་མཁས། །སྨྲ་བ་བླ་ན་མེད་པའི་ངག་གི་དབང་། །བློ་བཟང་མཁྱེན་པའི་གཏེར་གྱིས་དགེ་ལེགས་སྩོལ། །རྒྱལ་བ་ཐུབ་པ་ཉི་མ་ཡིས། །སྣང་བ་དམ་པ་བསྩལ་བའི་ཕུལ། །དེ་ཉིད་གསུངས་པ་ཉིད་ཁོ་ནར། །ཀླུ་སྒྲུབ་ཞབས་ཀྱིས་གཟིགས་ཇི་བཞིན། །བློ་བཟང་ཉིན་བྱེད་དབང་པོས་ཀྱང་། །བསྟན་པའི་སྙིང་པོ་དེ་ཁོ་ནར། །མངོན་སུམ་དགོངས་ནས་སྟོན་པ་ལ། །དེ་ཉིད་གསུང་བའི་སྒོ་ནས་བསྟོད། །སྟོན་དེའི་རྗེས་སུ་ཞུགས་རྣམས་ཀྱིས། །ཕན་པར་མཛད་པའི་ལན་ལྡོན་པའང་། །མཐའ་བྲལ་དེ་ཉིད་འབྱེད་པ་ལས།།མཆོག་གཞན་མེད་པ་དེ་ཡི་ཕྱིར། །བསྟན་པའི་སྣང་བྱེད་ནམ་མཁའི་སྒྲོན། །མཁྱེན་རབ་མེ་ལྕེའི་འོད་རྣོན་ཅན། །དེ་ཡིས་རྒྱལ་བ་གཉིས་པར་ཡང་། །ཟབ་མོའི་དོན་མཆོག་གསལ་བས་བསྔགས། །འདི་ཡི་ཟབ་བརླིང་དགོངས་པའི་གནད། །དྲི་དང་ལན་ལྡོན་སྤེལ་མ་ཡི། །ཚུལ་གྱིས་གསལ་བའི་མེ་ལོང་ནི། །བསྐྲུན་པར་གསང་བའི་མཛོད་ཀྱིས་གདམས། །དཀའ་ཡང་ཡོན་གནས་མཚུངས་མེད་པའི། །ལེགས་མཛད་དག་ལ་དད་པ་དང་། །དོན་མཆོག་གནས་ལའང་དཔྱོད་འདོད་པས། །བརྩོན་པའི་སྦྱོར་བ་ལ་ཞུགས་སོ། །སྟོན་པ་མཆོག་དེར་བསྟོད་པའི་སྒོ། །བླ་མར་གྱུར་བ་རྟེན་འབྱུང་གི། གསུང་ཉིད་ཀྱིས་ན་དེ་ཡི་བསྟན། །འཛིན་ལའང་དེ་ཡི་ཁྱད་པར་གང་། །གང་ཞིག་བཤད་དང་སྒྲུབ་པ་ཡིས། །རྒྱལ་བའི་དགོངས་པ་བླ་ན་མེད། །སྨྲ་དང་གཟིགས་པའི་མཆོག་གྱུར་བ། །རྟེན་འབྱུང་གསལ་མཛད་དེ་ལ་འདུད། །རྒྱལ་སྲས་སྤྱོད་པའི་རབ་དང་ཕུལ། །མདོ་སྔགས་བསྟན་པའི་སྙིང་པོ་མཆོག ཐོས་བསམ་སྒོམ་པས་ཉམས་བཞེས་ཚུལ། །འདི་ལས་གཞན་ན་མེད་པརའང་ངེས། །དེ་ཡང་དམ་བཅའ་ཙམ་མིན་པར། །བསྟན་པའི་སྙིང་དང་བསྟོད་པའི་སྒོ། །མཆོག་ཏུ་གྱུར་ལ་ཡང་དག་པའི། །རྒྱུ་མཚན་དག་ནི་གང་ཞིག་ཡིན། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །ཇི་སྙེད་རྒྱལ་བས་གསུངས་པ་ཀུན། །གང་དུ་གཞོལ་ཞིང་འབབ་པའི་གནས། །རྟེན་ཅིང་འབྲེལ་འབྱུང་འདི་ཁོ་ན། །ཅི་ཕྱིར་ཞེ་ན་འགྲོ་ཀུན་གྱི། །རྒུད་པའི་སྐྱོན་མང་དྲུངས་འབྱིན་པའི། །སྨན་དང་རིག་སྔགས་རྒྱལ་པོ་ཡང་། །ཆོས་ཚུལ་འདི་ལས་གཞན་ན་གང་། །ཤེས་བྱེད་ཀྱང་ནི་འཕགས་པ་ཀླུས། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་སྒོམ་པས་སོ། །ཞེས་གསུངས་པ་ལས་གཞན་ཅི་སྨོས། །དབང་པོའི་ཏོག་གྱུར་རྒྱལ་བ་ཡི། །སྤྱན་སྔར་ཇི་ལྟར་དམ་བཅས་བཞིན། །བདག་མེད་བདེ་ཆེན་ཆོས་ཀྱི་རྔ། །བརྡུང་ལ་ཁྱོད་མཚུངས་གཞན་མེད་པ། །དེ་ཕྱིར་རྒྱལ་བ་སྟོན་པ་ཡི། །བསྟན་ལ་འོད་བྱེད་ཉི་མ་དང་། །འགྲོ་བའི་དབུགས་འབྱིན་ཟླ་བ་ཡང་། །མཚུངས་པ་མེད་པ་ཁྱོད་དུ་ངེས། །གསུང་རབ་ཀུན་གྱི་སྙིང་པོའི་གནད། །ས་ལམ་ཀུན་གྱི་སྡོམ་ཆེན་མོ། །མཆོག་ཏུ་ཟབ་པའི་གནས་གང་ཞིགཆོས་ཆེར་གསལ་བར་མཛད་པས་ན། །ཞི་ལམ་དེ་བཞིན་ཉིད་སྟོན་པའི། །ས་མཁན་རང་བཞིན་བརྗོད་པ་ནི། །ཆོས་ཀྱི་རྗེས་འགྲོ་དད་པའི་སྒོ། །མི་མཉམ་ཆེ་བའི་གཏེར་དུ་ངེས། །ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །གསུངས་བཞིན་འདི་ལས་རྨད་བྱུང་གང་། །དོན་འདི་ལ་ནི་མོས་མནོ་ཙམ།།མིན་པའི་ངེས་པ་མ་རྙེད་ན། །ཚིག་རྗེས་འབྲང་བའི་དད་པ་ཙམ། །འདུན་པས་འགྲོ་བ་ལས་གཞན་ཅི། །དེ་ཕྱིར་རིགས་པའི་དགག་བྱའི་མཚམས། །མ་ཟིན་ཧ་ཅང་ཁྱབ་ཆེ་བས། །ཆད་མཐར་ལྷུང་སོགས་འཁྲུལ་བ་ནི། །གངས་ལྗོངས་འདི་ན་ཇི་འདྲར་བྱུང་། །ཡབ་རྗེའི་རིགས་པའི་སྨན་ཆེན་གྱིས། །མཐར་འཛིན་ནད་རྣམས་མ་ལུས་པ། །དྲུངས་ནས་བྱུང་པའི་ངང་ཚུལ་ལའང་། །ཚད་མས་ངེས་པ་ཇི་ལྟར་འདྲེན། །འཕགས་ཡུལ་མཁས་རྣམས་གཟུར་གནས་པས། །རང་བློའི་སྟོབས་བཞིན་གྲུབ་མཐའ་འཛིན། །འདི་ན་ཐམས་ཅད་དབུ་མའི་གྲལ། །བསྙེགས་ཀྱང་བློ་ཡིས་མ་ལྕིགས་པས། །སྐྱེ་ན་མཐའ་བཞིར་ངེས་ཀྱང་དེ། །ཁེགས་ཕྱིར་སྐྱེ་བ་ཡོད་མིན་ལ། །ཐ་སྙད་བློ་ཡི་སྣང་བ་ནི། །འཁྲུལ་ཕྱིར་དོན་དུ་མི་འགྱུར་ཞེས། །རང་བཞིན་མེད་ལ་བདེན་བཞི་དང་། །སྐྱབས་གསུམ་ལས་འབྲས་ལ་སོགས་པ། །མེད་པར་ཐལ་བ་དངོས་སྨྲའི་གཏམ། །དང་དུ་ལེན་བཞིན་དབུ་མར་སྨྲ། །དངོས་སྨྲ་རིགས་པའི་ལུགས་འཛིན་པས། །བདེན་སྟོང་རིགས་པས་བཀག་ནས་དོར། །འདི་ན་རིགས་པས་འགོག་བཞིན་དུ། །འཐད་པར་སྒྲུབ་པ་ཀྱེ་མ་ཧོ། །འདི་ཡིས་འཁྲུལ་བའི་རྒྱུ་མཚན་ནི། །གང་སྨྲས་མ་ངེས་པ་ཉིད་དེ།།རིགས་ཤེས་ཀྱིས་ནི་མ་རྙེད་པ། །མེད་པར་ངེས་པ་གང་ལས་ཡིན། །མིག་གིས་སྒྲ་མ་མཐོང་ན་ཡང་། །མེད་པར་ངེས་པར་སུ་ཞིག་བརྗོད། །ངོ་བོས་གྲུབ་ན་མཐའ་བཞི་དང་། །མུ་བཞིས་དཔྱད་པས་རྙེད་དགོས་ཀྱང་། །སྐྱེ་བ་ཙམ་དུ་ཁས་བླངས་ལ།།དེ་ཡི་རིགས་པས་ཅི་ཞིག་གནོད། །གཞན་ལས་སྐྱེས་པ་ཐ་སྙད་དུ། །བཀག་པའང་རང་མཚན་གྱིས་གྲུབ་ལས། །སྐྱེས་ཙམ་མིན་པ་རང་རྒྱུད་ལ། །དམིགས་ཀྱིས་བསལ་བས་གོ་བར་ནུས། །མིག་སོགས་བློ་ནི་དེ་ཉིད་ལ། །ཚད་མ་ཡིན་པ་བཀག་པས་ཀྱང་། །ཐ་སྙད་དཔྱོད་ལ་དེ་དག་ནི། །ཚད་མ་ཡིན་པ་ཅི་ཞིག་འགལ། །བདེན་ཡོད་ཉིད་ན་རིགས་པ་ཡིས། །ཇི་ལྟར་དཔྱད་པ་བཟོ་དགོས་ཀྱང་། །མིང་ཙམ་དུ་ནི་སྨྲས་པ་ལ། །རིགས་པས་དཔྱད་པ་སུ་ཡིས་བྱེད། །མདོར་ན་འཁྲུལ་བ་འདི་དག་ནི། །ཡོད་དང་རང་བཞིན་གྱིས་ཡོད་དང་། །རང་བཞིན་མེད་དང་མེད་ཙམ་གྱི། །ཁྱད་པར་མ་ཤེས་ནོངས་པར་གསུངས། །འཁྲུལ་སྣང་ཙམ་ཡང་ཡེ་མེད་ན། །མཐའ་དག་འཁྲུལ་ཟད་ཅིས་མ་ཡིན། །རང་བཞིན་མེད་ལ་མེད་དགོས་ན།།རང་བཞིན་ཚིག་ནི་དོན་མེད་འགྱུར། །དེ་ཕྱིར་ཟླ་བའི་ཞབས་ཀྱིས་ཀྱང་། །རྣ་བ་དང་ནི་སྙིང་མེད་པས། །རྒོལ་བར་གྱུར་ལ་ཁོ་བོར་ཡང་། །དཀའ་བའི་ཁུར་ནི་བབས་པར་གསུངས། ཁ་ཅིག་ཆད་པར་དོགས་པ་ཡིས། །མ་སྐྱེས་མི་འགྱུར་ལྟོས་མེད་བདག བཀག་ཙམ་དབུ་མར་འཁྲུལ་བ་ཡིས། །གྲུབ་མཐའ་རྣམ་བཞི་གཅིག་ཏུ་འགྱུར། །གྲུབ་མཐའ་བཞི་ཡང་ལྟ་བ་ཡི།།མཆོག་དམན་ཁྱད་ལས་འབྱེད་དགོས་ན། །རྒྱུ་རྐྱེན་གཞན་ལས་མ་སྐྱེས་དང་། །ངོ་བོ་གཞན་དུ་མི་འགྱུར་དང་། །རྣམ་འཇོག་གཞན་ལ་མི་ལྟོས་པའི། །བདག་མེད་ཙམ་ནི་དོན་སྨྲས་ཀྱང་། །གྲུབ་པར་གྱུར་ན་དེ་ཡིས་ནི། །དབུ་མར་བརྗོད་པ་ག་ལ་རིགས། །རང་བཞིན་ལ་ནི་ཡུལ་དང་ཕྱོགས། །དུས་ཀྱི་ཆར་བསིལ་དཔྱོད་དགོས་ཀྱང་། །ཐ་སྙད་དོན་ལ་རིགས་པ་དེས།།དཔྱད་ན་ཉེས་པར་མི་འགྱུར་རམ། །ལ་ལ་དགག་བྱའི་མཚམས་ཀྱི་དབེན། །གཏན་མེདཆད་གཉིས་ཀའི་གཡང་ས་ལ།།འཇིགས་ཕྱིར་དབུ་མར་འཇུག་དཀའ་ཡི། །དགག་པའི་ཕྱོགས་གཅིག་ཙམ་ཉིད་ན། །དེ་ནི་གང་ལས་དབུ་མར་བརྗོད། །དེ་ཕྱིར་མཁྱེན་པའི་གཏེར་གྱིས་ཀྱང་། །སྣང་སྟོང་ཉེ་རིང་མི་བྱ་ཞེས། །ཡོད་དང་མེད་པའི་མཐའ་གཉིས་ལས། །ཁྱོད་ཀྱི་ཐུགས་ནི་ཡོངས་སུ་བཟུང་། །ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་དཔྱོད་པ་འཇུག་ཅེས་གསུངས། །དེ་ཡི་ཕྱིར་ན་སྟོང་བ་ལས། །སྣང་ལ་རྩིས་སུ་བྱེད་པར་གདམས། །དེ་ཕྱིར་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ།།ཇི་བཞིན་གསལ་མཛད་མགོན་ཁྱོད་ལས། །གངས་ལྗོངས་འདི་ན་འགའ་མ་བྱུང་། །གཞན་ཡང་ཆོས་འདིའི་མིང་ལས་ཀྱང་། །དམ་པ་མིན་ལ་འཇིགས་པ་སྐྱེས། །ཞེས་གསུངས་དོན་བཞིན་བདག་མེད་དང་། །བདེན་དངོས་བཀག་པའི་སྒྲ་ཙམ་ལའང་། །མི་བཟོད་གྱུར་ནས་བློས་བྱས་ཀྱི། །ལྟ་ངན་དབྱེ་བ་ཇི་སྙེད་ཅིག བྱུང་བར་གྱུར་དང་སྒོམ་པ་ཡི། །ཚུལ་ལའང་ལོག་རྟོག་ཅི་འདྲ་ན། །ཕྱག་རྫོགས་གསལ་སྟོང་འཛིན་མེད་ཅེས། །འགྲོ་འོང་གཟུགས་ཅན་ལྟར་མེད་དང་། །འབྱུང་འཇིག་རགས་པའི་མི་རྟག་ཚུལ། །མཐོང་བྱ་མ་མཐོང་བརྒྱལ་འདྲའམ། །གཟུགས་སུ་མ་གྲུབ་གསལ་རིག་ཙམ། །མྱོང་ལ་བདེན་མཐོང་རློམ་འཆང་ཞིང་། །ཕྱོགས་གླང་གྲགས་པ་སོགས་ཀྱིས་ཀྱང་། །དེ་ཉིད་མ་མཐོང་སྨྲ་བ་མཚར། །ཁ་ཅིག་མ་བཙལ་སྐྱོང་བར་རློམ། །ལ་ལ་བཙལ་ཡང་སྐྱོང་ཚེ་སྟོར། །བཟུང་ཡང་དཔྱོད་མེད་འཇོག་སྒོམ་ཙམ། །ལྟ་ལ་མཁས་པ་མིན་པར་གསུངས།།འདི་དག་ཀུན་ཀྱང་ལྟ་བ་ཡི། །མཐར་ཐུག་གནད་ལ་སླེབ་པའི་ཚེ། །ཡིད་ངོར་རྣམ་རྟོག་སྤྲོས་པ་ནི། །བཀག་ཙམ་ལས་གཞན་དགག་བྱ་ཡི། །སྤྲོས་མེད་མཐོང་བ་མེད་པས་ན། །ངེས་དོན་ལྟ་དང་སྒོམ་མིན་གསུངས། །ཡང་དག་ལྟ་བ་རྙེད་གྱུར་ཀྱང་། །སོ་སོར་རྟོག་པས་དཔྱོད་མེད་པར། །སྒོམ་པ་ཞི་གནས་སྒོམ་ཚུལ་ལས། །ལྷག་མཐོང་སྒོམ་པའི་ཚུལ་མིན་ཏེ།།ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་བྱ་གསུངས། །དེས་ན་ལྟ་སྒོམ་གང་ལ་ཡང་། །ཁྱོད་ཀྱི་འཁྲུལ་བྲལ་ལེགས་བཤད་དག༈དགག་སྒྲུབ་མཚམས་ལས་མ་འདས་ཤིང་། །ཉམས་མྱོང་བརྡའ་ལའང་མཆེལ་མིན་པར། །ལུང་དང་རིགས་པས་ལེགས་སྦྱར་ཞིང་། །སྤྱི་ཡི་གདུལ་བྱ་དང་འཚམས་ན། །ཉམས་མྱོང་བརྡ་ཡི་ཆིག་ཐང་དེ། །ཕན་འགའ་སྲིད་ཀྱང་གོལ་བ་མང་། །དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས། །འདི་ནི་གཅིག་བུ་དེ་བཞིན་ཉིད། །དེ་ནི་བསླུ་ཆོས་འབའ་ཞིག་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །ཞེས་གསུངས་དོན་ཀྱང་མགོན་ཁྱོད་ཀྱི།།བཀའ་ལ་མཆོག་ཏུ་གནས་པས་ན། །མཁྱེན་པའི་གཏེར་དུ་ངེས་རྙེད་པའི། །མཚན་མའང་འདི་ལས་གཞན་ཅི་དགོས། །ད་ནི་མགོན་འདིའི་མཛད་པའི་མཆོག དང་པོར་ཐོས་བསམ་རྗེས་འབྲང་ནས། །གསུང་རབ་དྲང་ངེས་ལེགས་ཕྱེ་སྟེ། །གུས་པས་རྗེས་སུ་བསླབ་པའི་ཚུལ། །སྣ་ཚོགས་རྟེན་ནས་སྣང་བ་དང་། །གདོད་ནས་ངོ་བོས་མ་གྲུབ་པས། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །བདག་ཉིད་ཆེན་པོ་ཁྱོད་དག་ནི། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །སྟོང་དང་རྟེན་འབྱུང་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པར་བཞེད། །མངོན་ཤེས་རྫུ་འཕྲུལ་བསམ་གཟུགས་སོགས།།ལྷ་ཆེན་པོ་ཡང་སྟོན་པར་བྱེད། །རྟེན་ཅིང་འབྱུང་བ་གསུང་བ་ནི། །ཐུབ་དབང་ལ་ནི་རྒྱུ་ཉིད་ཕྱིར། །སྟོན་པ་མཆོག་དེར་བསྟོད་པའི་སྒོ། །ཀུན་གྱི་བླ་མར་གྱུར་བ་ཡང་། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་རུ། །ཀླུ་སྒྲུབ་ཞབས་དང་ཁྱོད་ཀྱིས་གཟིགས། །རང་བཞིན་གདོད་ནས་སྟོང་བ་ལ། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་བཞག་ཐམས་ཅད་མི་རུང་བར།།འཛིན་ན་འདི་ལ་ཉེས་པ་ཅི། །ཤས་ཆེར་སྟོང་ལ་མོས་བློ་ཡིས། །རྟེན་ཅིང་འབྲེལ་འབྱུང་འགོག་བྱེད་པ། །སྣང་བས་བསྒྲིབས་པ་དེ་དག་གི། བློ་མུན་སྟུག་པོ་གང་གིས་སེལ། །ཆོས་རྣམས་ཀུན་ལ་རང་བཞིན་ནི། །རིགས་པས་བཙལ་བས་མ་རྙེད་པ།།དེས་ནི་དེ་རྣམས་ཁེགས་མིན་ནམ། །ཤུལ་དུ་ལུས་པ་གཞན་ཅི་ཞིག ལྟ་བས་རང་བཞིན་བཙལ་བའི་ཕྱིར། །མ་རྙེད་པ་ཡིས་ཁེགས་འགྱུར་ལ། །མ་རྙེད་གདགས་གཞི་འགོག་མིན་པས། །རྗེས་ཀྱི་མིང་ཙམ་ལྷག་མར་མཐོང་། །སྣང་བས་སྟོང་པ་མི་འགོག་ཅིང་། །སྟོང་བས་སྣང་བ་མི་སེལ་བ། །དེ་ལྟ་ན་ཡང་སྣང་སྟོང་གཉིས། །གྲོགས་སུ་འགྱུར་བར་ག་ལ་རིགས།།མིང་ཙམ་དེར་ཡང་བྱ་བྱེད་ཀུན། །བསྙོན་མེད་མྱོང་བས་གྲུབ་པ་ཡི། །རྗེས་འགྲོ་སྐྱོན་ཡོན་བླང་དོར་ཀུན། །བརྩོན་པས་སྤྱོད་པ་རྣམ་པར་དག འབྲས་བུ་སྐུ་གཉིས་འགྲུབ་པ་ནི། །ཐབས་ཤེས་ཟུང་དུ་འབྲེལ་ལ་རག དེ་ཡང་བདེན་གཉིས་ཟུང་འཇུག་གི། ངེས་པ་མེད་ན་ཅི་ལས་འབྱུང་། །རང་དབང་ཡོད་ན་རྟེན་པ་འགལ། །རྟེན་ན་རང་དབང་མི་འགྱུར་བས། །སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་བས་མེད་མཐའ་སེལ་བར་གསུངས། །སྣང་སྟོང་རིམ་པས་ཆད་རྟག་མཐའ། །སེལ་བ་གྲུབ་མཐའ་ཀུན་འདོད་ཀྱང་། །བཟློག་སྟེ་སྨྲ་བ་འདི་ཁོ་ནས། །བརྒྱུད་མའི་ཀླན་ཀ་མཐའ་དག་བསལ། །དེ་ལྟ་ན་ཡང་རྒྱལ་བ་ཡིས། །བདག་གོ་ཞེས་ཀྱང་བཏགས་གྱུར་ན། །ལུང་རྣམས་འགལ་བ་མེད་པ་རུ། །ཇི་ལྟ་བུར་ན་ངེས་པར་བྱེད། །བདག་བསྟན་རྒྱུ་འབྲས་རྟོགས་པའི་ཕྱིར། །གསུང་རབ་མ་ལུས་གདམས་པར་ཤར། །འགར་ཡང་མི་བདེ་མ་མཆིས་པས། །ལྟ་བའི་དཔྱད་པ་ཡོངས་སུ་རྫོགས། །སྟོང་ལ་ངེས་པ་དྲངས་པ་ན། །སྣང་བ་རྩིས་མེད་མི་བྱེད་ཅིང་། །སྣང་ཙམ་ཉིད་ནས་སྟོང་བ་རུ།།འགྲོ་ན་དེ་ཡི་ཚད་དུ་ངེས། །གཞན་ཡང་འཕགས་པ་ཡབ་སྲས་ཀྱི། །བཞེད་སྲོལ་ཐུན་མོང་མིན་པ་རུ། །གྲགས་པའི་ཁྱད་ཆོས་བརྒྱད་ལ་སོགས། །མགོན་འདིས་ཇི་ལྟར་གསལ་བར་མཛད། །དཔྱད་བཟོད་ཤེས་པ་མ་གྲུབ་ཅིང་། །ཕྱི་དོན་སྣང་བ་བསྙོན་མེད་པས། །ཀུན་གཞི་རང་རིག་ཡོད་མིན་ལ། །དོན་དང་ཞིག་པ་དངོས་པོར་སྒྲུབ། །ཞིག་དང་མ་ཞིག་གཉིས་ཀ་ཡང་། །རིགས་པས་བཙལ་བས་རྙེད་མིན་ལ། །སྣང་ཙམ་ལ་ནི་མཚུངས་པས་ན། །ཞིག་པའང་དངོས་པོར་ཅིས་མི་འགྲུབ།།དངོས་པོར་སྨྲ་རྣམས་དགག་སྒྲུབ་ཀུན། །རིགས་པས་དཔྱད་ནས་འཇོག་པས་ན། །སྨྲ་བ་ཀུན་ལ་འགལ་བ་འདུ། །འདི་ལ་ཀླན་ཀ་མེད་པའི་ཚུལ། །མདོར་ན་ངོ་བོས་སྟོང་པ་དང་། །ཕན་ཚུན་བརྟེན་ནས་བཏགས་པ་གཉིས། །འགལ་མེད་གྲོགས་སུ་

ཤར་བ་ཡིས། །རྣམ་གཞག་ཐམས་ཅད་འཐད་པར་གཟིགས། །དངོས་འཛིན་དུག་གི་ལྗོན་པ་ཡི། །རྩ་བ་དྲུངས་ནས་འབྱིན་པ་ལ། །ངེས་དོན་ལྟ་བ་གོམས་པའི་ཐབས། །མ་ནོར་ཤིན་ཏུ་གཅེས་དགོས་པས། །ཉོན་མོངས་འཆིང་གཅོད་ཀླུ་སྒྲུབ་ཀྱི། །ལྟ་བའི་རལ་གྲི་འཛིན་བྱེད་པ། །སྒོམ་པའི་དཔུང་པ་བརྟན་པོའི་ཐབས། །མཐའ་ཡས་ས་སྡེ་བཞིན་དུ་གསུངས། །སྒོམ་པ་ཡི་ནི་མན་ངག་དང་། །ཉམས་མྱོང་འབྲས་བུ་གྲུབ་པ་ཡི། །གྲགས་པ་གཞན་ལའང་སྣང་བས་ན། །ཐུན་མོང་ཉིད་དུ་འགྱུར་རམ་ཅི།།བོད་སྒོམ་གཞུང་དུ་མི་ཚོལ་བར། །མེད་སར་འབད་པས་འཚོལ་ཞིང་སྐྱོང་། །དྲོད་རྟགས་ཕྲ་མོས་རློམ་རྣམས་ཀྱིས། །སྒོམ་པའི་མན་ངག་དཔེ་ཟླ་མིན། །ཅི་ཕྱིར་ཞེ་ན་རྒྱལ་བ་ཡིས། །རྒྱལ་ཚབ་དམ་པར་བསྩལ་པའི་དོན། །ཤིང་རྟ་ཆེན་པོས་བཀྲལ་བ་བཞིན། །རྒྱན་དྲུག་མན་ངག་གིས་ཀྱང་བརྒྱན། །འབྲས་བུའི་ཁྱད་པར་རྒྱུ་དག་ལ། །རག་ལས་ཕྱིར་ན་སྤངས་རྟོགས་ཀྱི།།ཉེ་རྒྱུ་ལྷག་པའི་ཤེས་རབ་ནི། །ཏིང་འཛིན་དེ་ཡང་ཚུལ་ཁྲིམས་ལ། །རྗེས་སུ་འགྲོ་ལྡོག་འཁྲུལ་མེད་ཕྱིར། །རྣམ་དག་ལྷག་པའི་སྤྱོད་པའམ། །ཆོས་འདུལ་རྒྱ་མཚོའི་སྙིང་པོ་ཡང་། །ལུང་བསྟན་བཞིན་དུ་གསལ་བྱས་པས། །མདོར་ན་ལྟ་སྒོམ་སྤྱོད་པའམ། །རྣམ་དག་ལྷག་པའི་བསླབ་གསུམ་སྲོལ། །གཞན་ལས་ཆེས་ཆེར་འཕགས་པ་ཡིས། །རྒྱུ་ཡི་ཐེག་པ་ཉིན་མོར་བྱས།།དེ་ལྟར་ལྟ་བ་མ་ནོར་བས། །སྒོམ་པ་དང་ནི་སྤྱོད་པ་དག དངོས་དང་མཐུན་པའི་བྱང་ཆུབ་ཐོབ། །དཀྱུས་བསྟན་པ་ཡི་རྟ་བཞིན་ནོ།། །ཞེས་གསུངས་དོན་ཀྱང་མགོན་ཁྱོད་ཀྱི། །བཀའ་ལས་གཞན་དུ་མ་མཆིས་ངེས། ༈། དེ་བཞིན་གནས་ལུས་ལོངས་སྤྱོད་དང་། །མཛད་པ་ཡོངས་དག་རྣམ་མཐུན་དུ། །སྒོམ་པ་འབྲས་བུའི་ཐེག་པ་ལའང་། །ཁྱོད་བཀའ་བླ་ན་མེད་པའི་ཚུལ། །གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི། །དབང་དང་དམ་ཚིག་ལམ་དང་འབྲས། །ཀུན་ལ་གོལ་བའི་མཐའ་བཀག་སྟེ།།གསང་བའི་གནད་ཀུན་རྫོགས་པར་བཀྲལ། །སྨིན་བྱེད་རྒྱུ་ལ་སྦྱོར་དངོས་ཀྱི། །ངན་རྟོག་གཞན་ཡང་མཐའ་ཡས་མོད།།དབང་གི་སྐོར་ལ་ལོག་རྟོག་གི། གཞི་ཆེ་བ་ནི་གཉིས་གསུངས་ཏེ། །དུས་ཀྱི་འཁོར་ལོར་དབང་བདུན་དང་། །གཞན་ལ་བུམ་དབང་མེད་པར་ཡང་། །གོང་མའི་སྨིན་བྱེད་བྱེད་པ་ནི། །དབང་པོ་རྣོན་པོའི་དབང་བྱས་ཟེར། །འདི་ནི་རིམ་གཉིས་རིམ་ཅན་དུ། །སློབ་མི་དགོས་པའི་ངན་རྟོག་ཚེ། །དེ་ཕྱིར་མགོན་ཁྱོད་རྒྱུ་འབྲས་ཀྱི། །ཐེག་པའི་གནས་སྐབས་གང་ལ་ཡང་།།ལམ་གྱི་གྲངས་དང་གོ་རིམ་དང་། །ངོ་བོ་མ་ནོར་གཅེས་དགོས་གསུངས། །བཞི་བ་ཤིན་ཏུ་སྦས་པས་ན། །གནད་དོན་མ་རྟོགས་ངོ་སྤྲོད་དང་། །སྤྲོས་སྤྲོས་མང་པོའི་ནོར་བ་རྣམས། །བསལ་ཏེ་གཉིས་མེད་ཟུང་འཇུག་ལ། །ངོ་སྤྲོད་ཚིག་གི་དབང་བསྐུར་ཅེས། །གསུངས་པ་འཁྲུལ་མེད་ཁྱོད་ཀྱི་བཀའ། །དམ་ཚིག་ལ་ཡང་དབང་དང་ནི། །སྡོམ་པ་གཅིག་ཏུ་འཁྲུལ་བ་ཡིས། །རིགས་ལྔའི་དབང་ཙམ་ལེན་པ་ལའང་། །སྔགས་ཀྱི་སྡོམ་པ་དགོས་ཞེས་སྨྲ། །སློབ་དཔོན་དབང་ནི་མི་བསྐུར་ན།།ཐུན་མོང་ཙམ་ལས་རིགས་ལྔ་ཡི། །སྡོམ་པ་འཛིན་པ་མི་དགོས་ཞེས། །གསུངས་པ་མགོན་ཁྱོད་རྡོ་རྗེའི་ཚིག སྡོམ་པའི་ངོ་བོ་བདེ་སྟོང་གི། ཡེ་ཤེས་སུ་ནི་འདོད་པ་ཡང་། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །གསུངས་པའི་ཚིག་ལ་འཁྲུལ་ན་ཡང་། །འདི་ནི་ཨེ་ཝཾ་གཉིས་མེད་དུ། །སྡོམ་ལས་དམ་ཚིག་སྡོམ་མིན་ཏེ། །ཆོས་ཀྱི་སྡོམ་བཞིའང་དེར་འགྱུར་གསུངས། །འོག་མར་མཚན་བཅས་མཚན་མེད་དང་། །གོང་མའི་རིམ་གཉིས་ལ་སོགས་པ། །རྣམ་དག་རྒྱུད་སྡེའི་ལམ་སྲོལ་ནི། །ལོ་པཎ་སྤྱི་དང་ཁྱད་པར་དུ། །མར་འགོས་ལ་སོགས་འཕགས་ལུགས་ཀྱི། །བརྒྱུད་འཛིན་ཆེན་པོ་གཞན་འགས་ཀྱང་། །གསལ་བར་བྱས་ན་མགོན་འདི་ཡིས། །རིམ་གཉིས་སྤྱི་དང་རིམ་ལྔ་ལ། །གོལ་བའི་མཐའ་ནི་ཇི་ལྟར་བཀགགང་ཞིག་གསལ་བས་གསང་བ་ཡི། །གནད་ནི་རྫོགས་པའི་དོན་དེའང་གང་། །བདེན་མེད་སྣང་སྟོང་ལྷ་སྐུ་སོགས། །ཕ་རོལ་ཕྱིན་དང་འོག་མར་ཡང་། །གྲགས་པ་ཙམ་ལས་འདུས་པའི་གནད། །བདག་བྱིན་བརླབ་སོགས་རིམ་པ་ཡི། །སྦས་དོན་སྣང་མེད་གྱུར་པ་ན། །རྒྱུད་དོན་འཕགས་པ་ཡབ་སྲས་ཀྱི། །དགོངས་པ་ཇི་བཞིན་གསལ་མཛད་དེ། །ཕ་རྒྱུད་ཀུན་གྱི་སྲོག་རྩ་བཟུང་། །གཞི་དང་ལམ་གྱི་བདེན་གཉིས་ལ། །རྣམ་དག་ངེས་པ་མ་འདྲོངས་པར། །ཐབས་ལམ་ཟབ་པའི་འུད་ཆེ་ཡང་།།འབྲས་བུའི་རེ་བ་སྨིག་རྒྱུའི་ཆུ། །དེ་ཕྱིར་སྤྱི་དོན་ཙམ་མིན་པར། །སྦས་དང་མཐར་ཐུག་སྒྱུ་མ་ཡི། །ངོ་བོ་གང་ལས་སྒྲུབ་པའི་ཚུལ། །ལྡང་བའི་མཚམས་དང་བཅུ་གཉིས་དཔེས། །མཚོན་པའི་གནད་སོགས་མགོན་ཁྱོད་ལས། །གཞན་ལ་སྣང་མེད་གྱུར་བས་ན། །རིམ་གཉིས་མཐའ་དག་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་དུ་བསྔགས། །དེ་ལྟ་ན་ཡང་མ་དག་དང་། །དག་པའི་སྒྱུ་མ་སེམས་གང་གི། བཞོན་པའི་རླུང་ལས་སྒྲུབ་པ་ཡི། །དཔེ་དོན་འོད་གསལ་ཅི་ལས་ངེས། །ཕྱི་ནང་ཕྱག་རྒྱའི་སྤྲོས་པ་ལས། །གང་གིས་རྒྱས་གདབ་དེ་ཉིད་དོན། །མ་མཐོང་རྣམས་ཀྱང་མིག་ཕྱེ་སྟེ། །མ་རྒྱུད་གནད་ལ་ཤིད་ཟན་བཏང་། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་གསུངས་བཞིན་དུ་བདེ་ཆེན་གྱི། །ཡེ་ཤེས་སྐྱེད་པའི་ཐབས་ཀྱི་མཆོག ཕྱག་རྒྱ་བཞི་ཡི་ཁྱད་པར་དང་། །དེ་ལས་བདེ་བ་སྐྱེད་ཚུལ་སོགས། །མ་རྒྱུད་སྤྱི་དང་ཁྱད་པར་དུ། །འཁོར་ལོ་སྡོམ་པའི་རྒྱུད་དག་ལ། །ལྟོས་པར་གཟིགས་ནས་འདི་ཡི་ནི། །བཤད་སྒྲུབ་ཉམས་པ་གཞི་ནས་གསོས། །ལྷན་སྐྱེས་བདེ་བ་མཆོག་གིས་ནི། །ཆོས་རྣམས་རང་བཞིན་ངེས་པ་ན། །བདེ་སྟོང་ཟུང་དུ་འཇུག་པའི་ཕྱིར། །ཟུང་འཇུག་རིམ་པར་མི་འགྱུར་རམ། །བདེ་སྟོང་ཟུང་འཇུག་སྨྲ་བ་ན། །དེ་ཉིད་ཡ་གྱལ་གཅིག་གྱུར་བའི། །བདེན་གཉིས་དབྱེར་མེད་གཏམ་འདི་ཡང་། །ཁྱོད་ཀྱིས་འཇིག་རྟེན་གསུམ་དུ་བསྒྲགས། །བདེ་སྟོང་ལས་གཞན་བདེན་གཉིས་ཀྱི། །ཟུང་འཇུག་འདུས་པ་ཕྱི་མ་ལས། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །གསུངས་པའི་ལུང་གིས་གྲུབ་པར་ནི། །ཀླུ་སྒྲུབ་ཞབས་དང་ཁྱོད་ཀྱིས་དགོངས། །དེ་ལྟར་སྲིད་ཞིའི་མཐའ་འགོག་པའི། །སྒྱུ་འོད་དང་ནི་ཟུང་འཇུག་གི།གནད་རྣམས་རྫོགས་པར་བཀྲལ་བས་ན། །ཐམས་ཅད་གཟིགས་པས་འཕགས་པ་ཀླུར། །ཡོད་དང་མེད་པའི་ཕྱོགས་འཇིག་པ༑། ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་པ་རབ་བཤད་ཅེས། །ལུང་བསྟན་པ་ཡང་ཁྱོད་ལ་ཚང་། །ད་ནི་བསྟོད་པའི་དོན་བསྡུ་ན། །རྒྱལ་བས་དུས་ཀྱི་ཐ་མར་ནི། །རྣལ་འབྱོར་པ་ནི་བདག་ཅེས་སྨྲ། །ཆོས་ནི་གཡོ་ཡིས་བྱེད་པར་འགྱུར།།ཞེས་སོགས་ལུང་བསྟན་ཇི་བཞིན་དུ། །གསང་སྔགས་འཇིག་རྟེན་སྤྱོད་པ་དང་། །ལྟ་བ་ཡིད་བྱེད་བཀག་ཙམ་དུ། །གྱུར་ཚེ་དབང་བོའི་ཏོག་གི་དྲུང་། །རྣམ་དག་ལྟ་བས་རྒྱས་བཏབ་པའི། །རྡོ་རྗེ་ཐེག་པའི་མྱུར་ལམ་མཆོག དུས་ཀྱི་མཐའ་མར་སྤེལ་བ་རུ། །དམ་བཅས་བཞིན་དུ་ཁྱོད་ཀྱིས་གསོས། །གང་ཞིག་གྲུབ་ན་སྐྱེ་འདི་ལ༑། སངས་རྒྱས་ཉིད་དུ་ངེས་འགྱུར་བའི།།རྒྱལ་བའི་གསང་མཛོད་དམ་པའི་སྙིང་། །ཤིན་ཏུ་གསལ་བར་བྱས་པས་ན། །སངས་རྒྱས་མཛད་པ་བྱེད་པ་རུ། །ལུང་བསྟན་པ་ཡང་མཆོག་འདི་སྟེ། །གང་ལས་ཁྱོད་ནི་རྗེས་དྲན་པའི། །ཡོན་ཏན་ཟླ་དང་བྲལ་བའང་འདི། །དེ་ཚེ་ས་སྟེང་བསྟན་པ་ནི།།རྣམ་པར་ཉམས་ཤིང་སྣང་མེད་ལ། །ཞེས་གསུངས་པས་ན་ཐུབ་བསྟན་ནི། །ཉམས་པའི་རྐྱེན་ནི་གང་ཞིག་ཡིན། །ཐུབ་དབང་ཆོས་ཀྱི་ཉི་མ་དེ། །ཞི་བའི་དབྱིངས་སུ་གཞོལ་གྱུར་ནས། །རིང་ཞིག་འདས་ཏེ་ཆོས་ཀྱི་སྲས། །རྒྱལ་བའི་གདུང་འཚོབ་ཁྱོད་ཉིད་འཁྲུངས། །བཤད་དང་སྒྲུབ་པ་ཕྱོགས་རེ་བས། །རྒྱལ་བསྟན་འཛིན་པ་གཞན་ཡོད་ན། །མགོན་འདི་མཛད་པའི་མཆོག་གང་གིས། །རྒྱལ་བའི་གདུང་འཚོབ་ཉིད་དུ་གྱུར། །བག་ཡོད་བརྟུལ་ཞུགས་ལྷག་བསམ་སྤྱོད། །བདེ་སྟོང་ཏིང་འཛིན་མཐའ་བྲལ་ལྟ། །ཐུབ་བསྟན་མཐའ་དག་གདན་གཅིག་ཏུ། །རྫོགས་པའི་སྲོལ་དེ་ཁྱོད་ཀྱིས་ཕྱེས། །མགོན་འདིས་དཀའ་བ་བརྒྱ་ཕྲག་གིས༑། ཕྱེས་པའི་སྲོལ་བཟང་ད་ལྟར་ཡང་། །འཛིན་པར་ཁས་འཆེ་བགྲང་ཡས་ན། །དགའ་བ་འབའ་ཞིག་བྱ་འོས་སམ། །དེང་དུས་ཡབ་རྗེའི་སྲོལ་བཟང་ཡང་། །སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །ལྟར་སྣང་བཤེས་གཉེན་དུ་མ་ཡིས། །སྐྱེས་བོ་ཉམ་ངའི་གཡང་དུ་ཁྲིད། །ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །དཔལ་དང་འབྱོར་བས་རབ་རྒྱས་ཀྱང་།།བཤད་དང་སྒྲུབ་པས་ཆེས་ཕྲ་བ༑། བསམ་གྱིན་སྙིང་ནས་ཤེས་པ་འཕྱོ། །དེ་ཕྱིར་སྨྲ་བའི་ཉི་མས་ཀྱང་། །གང་དག་རྒྱལ་བའི་གསུང་རབ་ཀྱི། །དགོངས་དོན་སྨྲ་ལ་ནུས་མེད་པ། །ལོངས་སྤྱོད་ལྡན་པའི་སྐྱེ་བོ་ནི། །མང་ཡང་བསྟན་ལ་དགོས་ནུས་མེད། ཞེས་གསུངས་བཞིན་དུ་རྙེད་བཀུར་དང་། །འདུ་འཛིས་ཆོས་ནི་འཇིག་པར་བྱེད། །དེ་ལྟར་འཇམ་དབྱངས་བླ་མ་ཡི།།ལུགས་བཟང་ནུབ་ལ་ཕྱོགས་པས་ན། །མགོན་དེའི་འཁྲུལ་བྲལ་ལེགས་བཤད་ལ། །ཅི་ནུས་བག་ཆགས་གཅེས་དགོས་ཚུལ། །ཟབ་རྒྱས་ཆོས་ཀྱི་དེ་ཉིད་དོན། །ཇི་བཞིན་འདོམས་པ་ཆེ་དཀོན་ཡང་། །འཁྲུལ་བྲལ་ཁྱོད་གསུངས་གླེགས་བམ་རྣམས། །གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད། །བསྟན་པའི་སྲོལ་ནི་མང་མཐོང་ཡང་། །འཁྲུལ་བྲལ་འདི་ལས་གཞན་མེད་ཕྱིར། །ཚེ་རབས་ཀུན་ཏུ་འདི་ཡི་བསྟན། །ཁོ་ན་འཛིན་པའི་ཕྱིར་སྨོན་པ། །རྒྱལ་ཀུན་དགོངས་པ་མཐར་ཐུག་དང་། །དབྱེར་མེད་གྱུར་པ་ཁྱོད་ཀྱི་བསྟན། །གང་དུ་ཇི་བཞིན་གནས་པ་དེར། །རྟག་ཏུ་སྐྱེ་བ་འཛིན་པར་ཤོག འབྲས་བུའི་ཐེག་པའི་འུད་ཙམ་ལ། །འཆེལ་མིན་ཡོངས་རྫོགས་ལམ་གྱི་གནད། །རྙེད་ནས་ཚུལ་བཞིན་སྒྲུབ་པ་ཡིས། །རྒྱལ་བ་དགྱེས་པར་བྱེད་དགོས་པས། །ཕྱོགས་རེར་མ་གྱུར་ཐོས་པའི་ཆོས། །བསམ་དང་སྒོམ་པས་ཉམས་བླངས་ནས། །རྒྱལ་བ་དགྱེས་པའི་ལམ་བཟང་པོ། །ཚང་ལ་མ་ནོར་རྙེད་གྱུར་ཅིག ཁྱད་པར་འཇམ་དབྱངས་བླ་མ་ཡི། །བསྟན་པའི་ཡང་སྙིང་ལྟ་བ་དང་།།རྡོ་རྗེ་ཐེག་པ་ཟུང་འབྲེལ་གྱིས། །རང་གཞན་མྱུར་དུ་གྲོལ་སྨོན་པ། །རྟག་ཏུ་འཇམ་དབྱངས་བླ་མ་ཡིས། །རྗེས་བཟུང་ལྟ་བས་རྒྱས་བཏབ་པ། །རྡོ་རྗེ་ཐེག་པའི་མྱུར་ལམ་གྱིས། །བྱང་ཆུབ་བདེ་བླག་ཐོབ་གྱུར་ཅིག ཆེས་ཟབ་དོན་ནི་ཉེར་མཚོན་ཞིང་།།བསྔགས་འོས་ཡང་དག་བསྔགས་པ་ཡི། །རྣམ་དག་བརྗོད་པ་འདི་འདྲ་ནི། །ངེས་པར་དོན་ལྡན་བསྟོད་པའི་རྒྱལ། །གཞན་དུ་ཡོན་ཏན་མིན་ལ་ཡང་། །ཡོན་ཏན་ཉིད་དུ་སྒྲོ་བཏགས་ནས། །སྒྲ་སྙན་ཙམ་གྱི་ངག་ལ་ཡང་། །སྙན་ངག་རྒྱལ་བོར་སྒྲོགས་པ་མཐོང་། །ཕྱོགས་རྣམས་སྣང་ལ་ཉིན་མོར་བྱེད། །རི་དྭགས་ཚོགས་ནང་གདོང་ལྔ་བཞིན། །རྒྱལ་བའི་དགོངས་ཟབ་འགྲེལ་བ་ལ། །མཚུངས་མེད་རྒྱལ་བ་གཉིས་པར་ངེས། །དེ་ཡི་བསྟན་པའི་ངང་ཚུལ་ལ། །འཁྲུལ་མེད་ངེས་པ་མཆོག་རྙེད་ནས། །ཚུལ་བཞིན་གུས་པས་ཆེད་བརྗོད་པ། །འདི་ཡང་རྒྱལ་བ་གཉིས་པར་མཚུངས། །བརྒྱད་ཁྲི་བཞི་སྟོང་ཆོས་མཛོད་ཀྱི། །ཡང་སྙིང་ཟབ་མོའི་ལྟ་བ་དང་། །གསང་ཆེན་རྡོ་རྗེ་ཐེག་པ་ཡི། །ཆེས་ཟབ་གནད་ལས་བརྩམས་པས་ན། །འདི་ཡི་རྡོ་རྗེའི་ཚིག་དག་གི། དགོངས་ཟབ་རྒྱ་མཚོའི་འཇིངས་བཞིན་དུ། །དཔག་དཀའ་ཤེད་མ་དབྱེ་བ་ཡི། །བྱིས་པ་བདག་འདྲས་འཇལ་ནུས་སམ། །འོན་ཀྱང་རྒྱལ་ཀུན་གསང་བའི་མཛོད། །འཛིན་དེའི་ཐུགས་རྗེའི་ཉི་ཟེར་གྱིས། །རེག་ཚེ་བློ་གྲོས་པདྨོའི་ནགས། །བསུང་ཞིམ་ཐུལ་ལ་རང་དབང་ཅི། །མི་ཕྱེད་དད་པ་ཙནྡ་ནའི། །དྲི་ནི་རང་བཞིན་གྱིས་ངད་ཡང་། །ཀྱ་ཀྱུས་བགྲོད་པའི་ཁ་བརླང་གི། དུག་དང་འགྲོགས་ན་མཁས་ལ་བཤགས། །ལྔ་རིག་ཆུ་སྐྱེའི་བཅུད་བཟང་ལ། །མང་དུ་བཏུང་བའི་བློ་གྲོས་ཀྱི༑། རྐང་དྲུག་ཁ་ལས་ལུད་པ་ཡི། །ཟིལ་མངར་བཅུད་ཀྱིས་མཆོད་འོས་མཆོད། །དམར་སེར་ཡེ་ཤེས་ལུས་ཅན་ནི།།རལ་པ་གསེར་ཞུན་ཁུ་བ་ཡིས། །བྲན་པའི་རྫུ་ལ་བརྟེན་པ་དེའི། །གསུང་གསང་འཛིན་ལ་ཟླ་བྲལ་ཤོག །ཅེས་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ལ་སྤེལ་མར་བསྲེས་ཏེ་སླར་ཡང་བསྟོད་པ་དོན་ཟབ་སྣང་བའི་མེ་ལོང་ཞེས་བྱ་བ་འདི་ནི། རྒྱལ་བ་ཐམས་ཅད་ཀྱི་གསང་བའི་མཛོད་ཀྱི་མངའ་བདག་གོང་ས་ལཱ་མོ་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེ་རིགས་ཀྱི་ཅོད་པན་དང་བཅས་པའི་བཀས་བསྐུལ་མ་གནང་བ་བཞིན། ༧རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་རྡོ་རྗེ་འཆང་། ༧འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ལ་སོགས་པ་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་བསྟེན་པའི་མཐུ་ལས་འཇམ་མགོན་རྒྱལ་བའི་རིང་ལུགས་ལ་མི་ཕྱེད་པའི་དད་གུས་ཅུང་ཟད་བརྟས་པ། རིགས་སྨྲའི་ཡང་བྲན་གྱི་ན་བ༧བློ་བཟང་བསྟན་པའམ་མིང་གཞན་མི་ཕམ་ཚངས་སྲས་རིག་པའི་རལ་གྲིར་འབོད་པས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་ཐུབ་བསྟན་ཡང་སྙིང་འཇམ་མགོན་རྒྱལ་བའི་ལུགས་བཟང་དུས་ཀྱི་མཐར་ཡང་མི་ཉམས་གོང་འཕེལ་དུ་བྱེད་ནུས་པར་གྱུར་ཅིག །མངལྒཾ། །རྣམ་གྲོལ་འདོད་པའི་སྐྱེ་བོ་མཐའ་དག་ལ། །ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད་པའི་ཕྱིར། །ཁྲིམས་ལྡན་གླིང་ཞེས་བསྡགས་པའི་ཆོས་གྲྭ་ལས། །མི་ཟད་པར་གྱི་ཀུན་བཟང་སྤྲིན་འདི་སྤྲོས། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།