ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-02-04 16:35:12     རྩོམ་པ་པོ།   རྒྱལ་དབང་ལྔ་བ།    ཀློག་ཐེངས།  

༄༅། །མི་འགྱུར་མཆོག་ཏུ་ཡངས་པའི་བདེ་བ་ཆེ། །

བླ་མེད་ཡེ་ཤེས་བདུད་རྩིའི་སྙིང་པོ་ཅན། །

སྐུ་གསུམ་གསང་བ་རྒྱན་གྱི་འཁོར་ལོའི་མཛོད། །

སྟོབས་བཅུའི་དཔལ་མངའ་རྒྱལ་བ་གཉིས་པར་འདུད། །

དག་པའི་ཞིང་གི་བཀོད་པ་རྒྱ་མཚོའི་རྡུལ། །

ཡེ་ཤེས་རང་སྣང་ལས་གྲུབ་འོག་མིན་གྱི། །

ངོ་མཚར་སྒྱུ་མའི་རོལ་རྩེད་ཐེམ་སྐས་ལས། །

རྒྱལ་སྲས་དམ་པའི་རྣམ་པར་བདེ་བར་བྱོན། །

རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་པོ་གང༌། །

གཅིག་གྱུར་འཇམ་མགོན་མི་ཡི་སྲིད་པའི་གར། །

བསམ་བཞིན་རྣམ་པར་རོལ་པའི་མཛད་པ་ལ། །

བསྐལ་བཟང་རྒྱལ་བ་སྟོང་གིས་བསྒྲུན་དུ་མེད། །

བློ་གྲོས་ལང་ཚོ་དར་བའི་མིག་སྟོང་ཅན། །

མཁས་བཙུན་བཟང་པོའི་ས་སྲུང་ལ་ཞོན་ཏེ། །

འཆད་རྩོད་རྩོམ་པའི་རྡོ་རྗེ་རྩེ་བརྒྱ་པས། །

རྒོལ་ངན་ས་འཛིན་བཅོམ་པའི་གྲགས་པ་འབར། །

མངལ་རྒྱའི་བྲང་འགྲོའི་མདུད་གྲོལ་དྲི་བྲལ་སྐུའི། །

མ་ལ་ཡ་སྐྱེས་ལྕུག་ཕྲན་གཞོན་ནུ་དག །

ན་ཚོད་ཕྲ་ཡང་ཕན་བདེའི་དྲི་བསུང་ནི། །

ནམ་ཡང་ཟད་མི་ཤེས་པའི་གཏེར་ཆེན་པོ། །

སྲིད་འབྱོར་གློག་གི་བུ་མོའི་གར་མཁན་མ། །

སྡུག་བསྔལ་མུན་པར་མལ་འཆའི་མཚང་རིགས་སྟེ། །

འཁོར་བ་མཚན་མོའི་མཐའ་ལས་ངེས་འབྱུང་བའི། །

ཚངས་སྤྱོད་དཔལ་གྱི་སྐྱ་རེངས་དང་པོར་ཤར། །

གཞོན་ནུའི་ལུས་ཅན་རྒན་པོའི་བློ་འཆང་བའི། །

རྒྱལ་བསྟན་གྱེན་དུ་འདེགས་པའི་སྙིང་སྟོབས་ཀྱིས། །

ཐོས་བསམ་སྒོམ་པའི་ས་ཆེན་དབུས་གཙང་གི །

ལྗོངས་སུ་བདེ་བར་གཤེགས་པ་འདི་རྨད་བྱུང༌། །

མང་ཐོས་དགྱེས་དགུར་སྤྱོད་ལ་ཆེས་སྲེད་པས། །

ཤེས་བྱའི་ལུས་ཕྲར་སྤྱད་དེ་བཅལ་ཟིན་པ། །

སླར་ཡང་ཐོས་བརྩོན་མི་ཕྱེད་མཛའ་གཅུགས་ཀྱིས། །

འཁྱུད་པའི་སྐལ་བཟང་འདི་གོས་དམ་དུ་བཅིངས། །

ནང་དོན་རིག་པའི་འོ་མཚོ་རབ་འཁྱིལ་བར། །

རྣམ་འབྱེད་ཤེས་རབ་ལག་ལྡན་ཉེར་ཞུགས་པས། །

ཐ་སྙད་རིག་པའི་མེ་ཏོག་ཚོགས་ཀྱི་རྩེར། །

བློ་གྲོས་སོར་མོས་རེག་མིན་གང་དུ་མཆིས། །

འཇམ་མགོན་མཁྱེན་པར་ཆགས་པའི་རྣམ་དཔྱོད་ཀྱིས། །

གཞུང་ལུགས་རྒྱ་མཚོ་རྟོགས་ལ་མཚར་དུ་ཅི། །

ཁམས་གསུམ་ལས་རྒྱལ་ལུས་མེད་མདའ་ལྔ་ཡིས། །

ཆེས་སྲབ་བླ་གོས་འབིགས་པར་ནུས་མིན་མཚར། །

སྡེ་སྣོད་ཀུན་སྦྱངས་ཡང་དག་གྲུབ་པའི་འབྲས། །

དཀའ་ཆེན་དུ་མར་འབྱམས་ཀླས་བཤད་པས་ཅི། །

རིང་མོ་ཉིད་ནས་ཇི་ལྟ་ཇི་སྙེད་ཀྱི། །

ཆོས་ཀུན་ཐུགས་སུ་ཆུད་ཟིན་མ་ཡིན་ནམ། །

བདེ་སྟོང་རང་བཞིན་རྒྱས་པའི་དབང་པོའི་གཞུ། །

ཟུང་འཇུག་གུར་ཁྱིམ་རྣམ་པར་བཀྲ་བ་ནས། །

གསང་ཆེན་ཆོས་ཀྱི་རྒྱུད་མང་བསྒྲགས་པའི་ཚེ། །

ས་ར་ཧ་དེ་མཁའ་སྤྱོད་གནས་སུ་བྲོས། །

ཁེངས་ལྡན་གནས་ལྔ་རིག་པའི་ལུས་ཕྲ་མ། །

རྣམ་དཔྱོད་ཟུར་མིག་ལྕགས་ཀྱུས་ཉེར་བཏབ་ཆ། །

འཁྱུད་མིན་མཛའ་བས་མགུལ་པར་དམ་བཅིངས་ཏེ། །

གོས་པ་མེད་པར་མཁྱེན་པའི་ཀློང་དུ་སིམ། །

རང་བཞིན་དག་པའི་ཐུགས་ཀྱི་ཤེལ་དཀར་དུ། །

ཆོས་ཀུན་སྒྱུ་མར་སྣང་བའི་རྣམ་རོལ་གཟུགས། །

རྒྱུ་དང་འབྲས་བུར་ངེས་པའི་གཟིགས་མོ་ལ། །

དུས་གསུམ་རྒྱལ་བ་ཕལ་ཆེར་ཡེངས་སམ་སྙམ། །

སྒྱུ་ལུས་སིནྡུ་ཝཱ་རའི་འདབ་མའི་སྒོ། །

མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །

ལེགས་གསུང་རྐེད་མེད་ཁ་ཡི་ཟེགས་མའི་ཆང༌། །

འཐོར་ཚེ་འདབ་བརྒྱ་པ་དེར་རང་དབང་ཅི། །

འཇམ་དབྱངས་བཤེས་གཉེན་རོལ་པར་ངེས་རྙེད་ནས། །

ཁྱོད་བློའི་རི་དྭགས་དཀའ་གནད་སྒྲོག་གི་རྒྱར། །

བཅིངས་རྣམས་ཟུར་ཕུད་ལྔ་པའི་གསུང་མཚོན་གྱིས། །

བཅད་ལ་མཚར་དུ་འཛིན་པ་བྱིས་པའི་བློ། །

རྣམ་འདྲེན་སྲས་བཅས་གྲངས་མེད་ཚོགས་རྣམས་དང༌། །

ལྷན་ཅིག་གསང་གསུམ་བཀོད་པས་དུས་འདའ་ན། །

འཕགས་མཆོག་པཎ་གྲུབ་འགའ་ཟུང་གཟིགས་ཞེས་པའི། །

བསྟོད་བསྔགས་མགོན་འདིའི་ཆེ་བའི་འོས་སུ་མིན། །

རིགས་ཀུན་ཁྱབ་བདག་དབང་པོར་མངོན་གྲུབ་པའི། །

དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུར་མངའ་འབྱོར་ན། །

ལྷག་པའི་ལྷ་འགས་བྱིན་གྱིས་བརླབས་སོ་ཞེས། །

བསྔགས་བརྗོད་དར་དིར་སྒྲོག་ལ་རེ་བ་བསྐྱུངས། །

མཁས་གྲུབ་ཆེར་རློམ་ཕལ་གྱིས་ཁུགས་མིན་པའི། །

མཐའ་བྲལ་ལྟ་དང་རིམ་གཉིས་དཀའ་གནད་གཞུ། །

ལེགས་བཤད་རྒྱུད་ཀྱིས་བཀུག་འདི་ཐུན་མོང་གི །

གདུལ་བྱའི་སྣང་ངོར་བསྟན་པའི་མཛད་པའི་དཔྱིད། །

ངེས་པའི་དོན་དུ་སྤངས་རྟོགས་ཕུན་ཚོགས་ཀྱི། །

ཡོན་ཏན་རྫོགས་པའི་དཔལ་སྟུག་གདོང་ལྔའི་དབང༌། །

འཁྲུལ་པའི་གཅན་གཟན་དྲེགས་པའི་ང་རོ་ལ། །

དགྲ་ཟླར་མི་སེམས་རང་གི་ངང་ཚུལ་ཡིན། །

རྒྱ་ཆེན་མཁྱེན་པའི་སྲང་ལ་ཤེས་བྱ་ཡི། །

གནས་ལུགས་མཐའ་དག་བཅལ་ཚེ་རྡུལ་ཕྲན་ལྟར། །

གྱུར་པས་སྐྱེངས་ཏེ་ཆོས་ཀུན་འཆི་མེད་གཙོ། །

སྟོང་ཉིད་བཤོལ་མེད་མངལ་དུ་ཡུད་ཀྱིས་བྲོས། །

བརྩེ་ཆེན་ལྷག་པའི་བསམ་པའི་ལྕིད་ཀྱི་ཁུར། །

ནོར་འཛིན་བུ་མོས་མ་བཟོད་རྔུལ་བའི་ཆུ། །

ཆེས་ཆེར་བབས་ལ་ཁྱབ་འཇུག་ཞབས་བསིལ་དུ། །

སྐལ་ལྡན་ཤིང་རྟས་ཕབ་ཅེས་སྒྲོས་སུ་གླེང། །

དུས་དགྲའི་ནུས་མཐུར་གྲུབ་པའི་ཐོག་མདའ་ཡིས། །

ནག་ཕྱོགས་བྲག་རི་བཅོམ་དང་ལྷན་ཅིག་ཏུ། །

འདོད་ལྷའི་ལུས་ཀྱང་ཚིག་པར་མགྲིན་སྔོན་གྱིས། །

མིག་མེས་བསྲེགས་ཞེས་རིགས་བྱེད་གཏམ་དུ་མཆིས། །

གང་གིས་ཐར་པར་དྲངས་མིན་སྐྱེས་བུ་ནི། །

མེད་ཕྱིར་རྒྱལ་རྣམས་རང་གི་གདུལ་བྱ་དག །

མ་རྙེད་ཞི་བའི་དབྱིངས་སུ་མནལ་བ་ལ། །

གདུལ་དཀའི་སྙིགས་མ་ལྔ་བདོར་སྒྲོ་ཡིས་བཏགས། །

སྲིད་ཞིའི་ཁམས་ན་འཆད་རྩོད་རྩོམ་པ་ཡི། །

དཔེ་ཟླར་འོས་པ་ཚོལ་ཕྱིར་ཉི་ཟླ་ཟུང༌། །

དལ་མེད་མཁའ་ལ་རྒྱུ་ཡང་མ་རྙེད་པས། །

ངལ་ཏེ་ཐུན་མཚམས་སྒེག་མོའི་ཕང་པར་ཉལ། །

ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པའི་གཞིར། །

མཐའ་ཡས་ལུས་ཅན་མ་ལུས་ངེས་སྦྱོར་པའི། །

མཛད་པ་མཆོག་འདིས་ཁྱོད་དང་ཟས་གཙང་སྲས། །

ཐ་དད་དབྱེ་བའི་གོ་སྐབས་རྟོགས་ནུས་མིན། །

བསྐལ་བརྒྱར་བསྒྲུབ་བྱ་སྙིགས་དུས་ཚེ་གཅིག་ལ། །

ཟུང་འཇུག་སྐུ་བཞིའི་ལམ་དུ་འགྲོ་བ་ཀུན། །

འཁྲིད་ལ་ཁྱོད་དང་ཁྱབ་བདག་རྡོ་རྗེ་འཆང༌། །

སྤྲུལ་ལོངས་རྟགས་ཀྱིས་མ་འདྲེས་ངེས་པ་རྙེད། །

ཐབས་ཤེས་རིན་ཆེན་སྣ་བདུན་ལ་བརྟེན་ནས། །

ལུང་རྟོགས་བསྟན་པའི་གླིང་བཞིར་དབང་སྒྱུར་བའི། །

དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཅན། །

ཀུན་མཁྱེན་ཙོང་ཁ་པ་ལ་གསོལ་བ་འདེབས། །

དེང་ནས་ཚེ་རབས་ལྷ་ཡི་ལམ་ཡངས་པོར། །

མི་ཁོམ་སྐྱོན་གྱི་ཆུ་འཛིན་དང་བྲལ་བའི། །

དལ་བརྒྱད་འབྱོར་བཅུའི་བསིལ་ཟེར་རབ་སྤྲོས་པས། །

གཏན་བདེའི་ག་པུར་ཐིགས་པར་ལོངས་སྤྱོད་ཤོག །

འཁྲུལ་པའི་ཁུང་བུར་ལོག་སྨྲའི་ལྕེ་རྐྱོང་བའི། །

ལྟར་སྣང་བཤེས་གཉེན་སྤྲུལ་གྱིས་མི་གཙེ་ཞིང༌། །

ཡང་དག་ལམ་སྟོན་ཡོངས་འཛིན་ཀླུ་དབང་གི །

གཙུག་རྒྱན་ཡིད་བཞིན་ནོར་བུ་ཐོབ་པར་ཤོག །

རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །

རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །

བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །

བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །

གང་གི་ལེགས་བཤད་འཆི་མེད་བདུད་རྩིའི་ཚོགས། །

འཐུང་ལ་ནམ་ཡང་ངོམས་པ་མ་མཆིས་ཤིང༌། །

དེ་དོན་འཆད་དང་སྤེལ་བའི་རྒྱུད་མང་སྒྲ། །

སྲིད་རྩེའི་བར་དུ་སྒྲོག་པའི་དཔལ་ཐོབ་ཤོག །

སྐྱེ་མང་ཉེར་བརྒྱུད་མུན་པ་སྟུག་པོའི་ནང༌། །

འདིར་སྣང་བདེ་བ་གློག་འོད་སྐད་ཅིག་མར། །

རྟོགས་ནས་མངོན་མཐོའི་སྒྲོན་མེ་ཉེར་འདེགས་པའི། །

དགེ་བའི་རྩི་བཅུད་གྲུབ་པར་བྱིན་གྱིས་རློབས། །

སྲིད་པའི་བདེ་བ་དབྱར་གྱི་ཆུ་གཏེར་ཆེ། །

སྡུག་བསྔལ་མྱ་ངམ་ཐང་དུ་འགྱུར་ཤེས་ནས། །

ལྡོག་མེད་ཐེག་གསུམ་འཕགས་པའི་གོ་འཕང་གི །

མི་ཟད་རྒྱ་མཚོ་ཆེ་ལ་འཇུག་པར་ཤོག །

ཞི་བདེའི་མུན་པར་མར་གྱུར་འགྲོ་བའི་གཟུགས། །

མ་མཐོང་རྣམ་པར་གྲོལ་བའི་ཚུལ་ཤེས་ཏེ། །

ཕྱིན་དྲུག་སྤྱོད་པའི་འོད་སྟོང་རབ་སྤྲོས་ནས། །

ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་པར་ཤོག །

གྲངས་མེད་བསྐལ་གསུམ་ཀུན་གསལ་རྫོགས་དཀའི་ཚོགས། །

རྟ་ལྗང་རླུང་ཤུགས་རིམ་གཉིས་འཁྲུལ་འཁོར་གྱིས། །

སྙིགས་དུས་ཚེ་ཐུང་ཆུ་ཚོད་དྲུག་ཅུ་ལ། །

ལྷུན་གྲུབ་འབད་མེད་བགྲོད་པར་བྱིན་གྱིས་རློབས། །

ཁྱད་པར་མགོན་ཁྱོད་བསྟན་པ་ཡིད་བཞིན་ནོར། །

ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཀོད་ན། །

རིང་ལུགས་དཔལ་འབྱོར་སྐལ་བཟང་འགྲོ་ཀུན་གྱིས། །

མི་ཟད་དགའ་སྟོན་སྤྱོད་ལ་ནུས་ལྡན་ཤོག །

འཁོར་བའི་སྐྱེ་སྲིད་འདབ་ཆགས་བགྲོད་པའི་འགྲོས། །

སྣ་ཚོགས་མཐོ་དམན་བར་མར་རྒྱུ་བའི་ཚེ། །

འཇམ་དཔལ་སྙིང་པོས་རྗེས་སུ་ཉེར་བཟུང་བའི། །

གྲིབ་མ་གཉིས་པས་རྗེས་སུ་འབྲང་བར་ཤོག །

ཆོས་ཕུང་སྤྲིན་གྱི་ལུས་ཕྲའི་ཕང་བ་ནས། །

རྒྱལ་བ་གཉིས་པའི་བསྟན་པ་འབྲུག་གི་སྒྲ། །

བཟང་པོའི་བསྐལ་པ་དབྱར་དུས་ཇི་སྲིད་དུ། །

མི་འགྱུར་རྡོ་རྗེའི་དཔལ་དུ་འགྲུབ་གྱུར་ཅིག །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི། གང་གི་རྣམ་པར་ཐར་པ་ལ་མི་ཕྱེད་པའི་དད་པས་ཉེ་བར་བསྐུལ་ཏེ། དམ་པ་གང་དེའི་རིང་ལུགས་འཛིན་པའི་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས། ཝཱུ་ཅཱི་ཞེས་པ་ས་ཕོ་བྱི་བའི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཚེས་ལ། དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།