རྗེའི་བསྟོད་པ་བྱིན་རླབས་གཏེར་མཛོད་བཞུགས།
བློ་བཟང་རྒྱལ་བའི་མཁྱེན་བརྩེ་མི་ཡི་གར། །
ལྷུར་མཛད་འཇམ་མགོན་རྒྱལ་བ་གཉིས་པ་ཞེས། །
སྐྱེ་དགུའི་དབུགས་འབྱིན་གྲགས་སྙན་དབྱར་སྐྱེས་སྒྲས། །
ས་གསུམ་ཁྱབ་མཛད་གང་དེ་རྒྱལ་གྱུར་ཅིག །
མང་ཐོས་རྒྱ་མཚོའི་མཐར་སོན་ཅིང་། །
བློ་གསལ་ཡོངས་ཀྱི་ཀུན་དའི་དཔལ། །
ལུང་དང་རིགས་པའི་འོད་སྣང་གིས། །
སྨྲ་བ་ངན་པའི་ཀུན་ད་ཟུམ། །
ཚུལ་ཁྲིམས་གསེར་གྱི་ཡུ་བ་ལ། །
ཟབ་མོའི་ཏིང་འཛིན་ཤམ་བུས་མཛེས། །
རྣམ་དཔྱོད་ནོར་བུའི་ཏོག་འཆང་བའི། །
དྲི་མེད་བསླབ་གསུམ་རྒྱལ་མཚན་འཛིན། །
ཟབ་ཡངས་མཁྱེན་རབ་གསེར་གྱི་རིས། །
རྒྱལ་གསུང་ཆུ་གཏེར་བསྲུབ་པ་ལས། །
ཟབ་མོའི་ལྟ་དང་ཉེར་འབྲེལ་བའི། །
རྒྱུད་སྡེའི་ཡང་སྙིང་བླ་ན་མེད། །
གསང་ཆེན་མན་ངག་ཉིན་མོར་བྱེད། །
ཐུགས་བསྐྱེད་རླུང་གི་ཤིང་རྟ་ཡིས། །
ཐར་འདོད་ཕན་བདེའི་འདབ་བརྒྱའི་ཚལ། །
བཞད་པའི་དཔལ་དུ་ཉེ་བར་དྲངས། །
མི་ཟད་སྙིགས་མའི་དུས་མཐའ་འདིར། །
མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་བའི། །
རིང་ལུགས་རྨད་དུ་བྱུང་བ་ཡིས། །
ཕྱོགས་མཐར་ཁྱབ་པའི་འཕྲིན་ལས་ཅན། །
ཁྱོད་ཀྱིས་བདག་སོགས་འགྲོ་བ་ཀུན། །
སྐྱེ་བའི་ཕྲེང་བར་རྗེས་བཟུང་སྟེ། །
མདོ་སྔགས་ལམ་བཟང་ལ་བརྟེན་ནས། །
བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །
ཅེས་པ་འདི་ནི་རྗེ་བླ་མ་ལ་མི་ཕྱེད་པའི་དད་པ་ཐོབ་པ་བསྟན་འཛིན་གྱི་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་པ། ཀིརྟིའི་སྤྲུལ་མིང་འཛིན་པ་ནས་མཚམས་ཀྱི་ཐུན་གསེང་ཞིག་ལ་སྦྱར་བའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn