ཁྱབ་བདག་རྡོ་རྗེ་འཆང་དབང་བློ་བཟང་གྲགས།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཁྱབ་བདག་རྡོ་རྗེ་འཆང་དབང་བློ་བཟང་གྲགས། །གསུང་གི་གསང་བའི་མཛོད་ཀྱི་དཔལ་ལྡན་པ། །སངས་རྒྱས་ཐུགས་ཀྱི་ཡེ་ཤེས་རོལ་པ་ཅན། །ཟླ་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །དཔག་མེད་སྔོན་གྱི་བསྐལ་པ་མཐའ་ཡས་ནས། །སྙིང་རྗེའི་གོ་ཆ་བརྟན་པོ་ཉེར་བཟུང་ཏེ། །སེམས་ཅན་སྒྲོལ་བའི་ཁུར་ཆེན་ལེགས་བཟུང་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཐ་མལ་སྣང་བ་དང་མཚུངས་སྤྲུལ་པའི་སྐུའི། །རོལ་གར་མུ་མཐའ་ཡས་པའི་རྣམ་འཕྲུལ་གྱིས། །གདུལ་བྱ་ཀུན་ལ་ཐུགས་རྗེས་ཁྱབ་གྱུར་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་གསོལ་བ་འདེབས།། ཁྱད་པར་ཞིང་འདིར་ཐུབ་དབང་ཉི་མའི་གཉེན། །མཛད་པ་བཅུ་གཉིས་རྣམ་པར་རོལ་པའི་ཚེ། །དྲི་དང་དེ་ཡི་ལན་དག་སྨྲ་བའི་མཆོག །དགྲ་བཅོམ་རབ་འབྱོར་ཞབས་ལ་གསོལ་བ་འདེབས། །དེ་ནས་ཤམ་བྷ་ལ་དང་འཕགས་ཡུལ་དུ། །འཇམ་དཔལ་གྲགས་དང་ལེགས་ལྡན་ཨ་བྷེ་སོགས། །མཁས་ཤིང་གྲུབ་པའི་དབང་ཕྱུག་མཐའ་ཡས་པས། །རྒྱལ་བསྟན་ཉི་མོར་མཛད་ལ་གསོལ་བ་འདེབས། །ཁ་བ་ཅན་གྱི་ལྗོངས་སུ་པཎྜི་ཏ། །རྟ་ནག་འགོས་དང་ཀུན་དགའ་རྒྱལ་མཚན་ཞབས། །རྡོ་རྗེ་དཔལ་གྱི་མཛད་པས་ལོག་ལྟ་དང༌། །གདུག་པ་ཐལ་བར་བརློག་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པའི། །ཐུགས་ཀྱི་སྲས་གཅིག་ཟླ་མེད་དགེ་ལེགས་དཔལ། །འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་རྒྱན། །མཉམ་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དེ་ཉིད་སླར་ཡང་སྤྲུལ་པས་རྣམ་རོལ་པའི། །ཕྱོགས་ཀྱི་གླང་པོ་གྲུབ་དབང་དབེན་ས་པ། །མཚུངས་མེད་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཞབས། །བཀའ་དྲིན་མཉམ་མེད་རྣམས་ལ་གསོལ་བ་འདེབས། །བློ་བཟང་གྲགས་པའི་ལེགས་བཤད་པདྨོའི་ཚལ། །ཉིན་བཞིན་ཡེ་ཤེས་འོད་ཀྱིས་སྤེལ་བ་ལ། །མཁས་པ་ཀུན་གྱིས་བརྗོད་པར་སྤོབས་མིན་པའི། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །དེེ་ནས་སླར་ཡང་དམུ་རྒོད་གདུལ་བྱའི་ཚོགས། །གདུལ་བར་བྱ་ཕྱིར་ངུར་སྨྲིག་འཆང་བའི་གཟུགས། །གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་བ། །དཔལ་ལྡན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། བློ་བཟང་རྒྱལ་བ་ཀུན་གྱི་ཐུགས་རྗེའི་དཔལ། །གསུམ་ལྡན་ངུར་སྨྲིག་གར་གྱིས་རྣམ་རོལ་བ། །བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་བའི། །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །བློ་བཟང་རྒྱལ་ཀུན་འདུས་པའི་དཔལ་ལྡན་ཞིང༌། །ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ཡི། །སྙན་པའི་གྲགས་པས་ས་གསུམ་ཡོངས་ཁྱབ་པའི། །བསྟན་པའི་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །བློ་ལྡན་སྐལ་བཟང་པད་ཚལ་བཞད་པའི་གཉེན། །ཐུབ་བསྟན་གསལ་མཛད་ཆོས་ཀྱི་ཉི་མ་ཆེ། །དགེ་ལེགས་འོད་སྟོང་རྣམ་པར་རྒྱལ་བའི་མགོན། །མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན་པའི་བཅུད། །འཛིན་པའི་འཕྲིན་ལས་འོད་སྣང་འབར་བ་ཡིས། །འཇིགས་མེད་ཀུན་མཁྱེན་ལམ་བཟང་གསལ་མཛད་པའི། །ཆོས་ཀྱི་དབང་ཕྱུག་ཆེན་པོར་གསོལ་བ་འདེབས། །བློ་ཆེན་ཀུན་བཟང་རླབས་ཆེན་སྤྱོད་པའི་ཚོགས། །མ་སྨད་བྱམས་པའི་སྟོབས་ཀྱིས་ཉེར་དྲངས་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཅན། །འཇམ་མགོན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། ། ༈ དཔག་མེད་སྔོན་ནས་གོ་འཕང་མཆོག་བརྙེས་ཀྱང༌། །སྙིགས་དུས་འགྲོ་བའི་དཔལ་དུ་ཐ་མལ་གྱི། །རྣམ་རོལ་རྗེ་བཙུན་ཁྱབ་བདག་རྡོ་རྗེ་འཆང༌། །བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས། །ཁྱོད་ནི་ཞིང་འདིར་སྐུ་ཡི་སྣང་བ་དག །ཤར་བ་ཙམ་གྱིས་འདི་ཕྱིར་ལེགས་པའི་ཚོགས། །མཐའ་དག་གཅིག་ཏུ་བསྡུས་པའི་དཔལ་སྟེར་བ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །གཞོན་ནུར་གྱུར་པའི་དུས་སུ་ཐ་མལ་གྱི། །བག་མེད་སྤྱོད་པ་དག་གིས་དབེན་གྱུར་ཏེ། །གཅིག་ཏུ་དག་པའི་སྤྱོད་པའི་བརྟུལ་ཞུགས་ཀྱིས། །མཁས་པའི་བྱ་བར་ཞུགས་ལ་གསོལ་བ་འདེབས། །རྒྱལ་བའི་གསུང་རབ་རིགས་ལམ་ཕྲ་མོ་ནས། །རྣམ་པར་དྲངས་པའི་དོན་རྣམས་ཙོང་ཁ་པའི། །བཞེད་དོན་ཇི་བཞིན་རྟག་ཏུ་དཔྱོད་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསྟན་པའི་རྩ་བ་སོ་སོ་ཐར་པ་ཡི། །ལམ་དུ་ཉེར་ཞུགས་ཚུལ་ཁྲིམས་ཡོངས་དག་པས། །གནས་བརྟན་རྒན་པོའི་བརྟུལ་ཞུགས་ལེགས་བཟུང་ཏེ། །ཀུན་གྱི་གཙུག་ན་འཕགས་ལ་གསོལ་བ་འདེབས། །ཁྱད་པར་ཐམས་ཅད་མཁྱེན་གཟིགས་རྡོ་རྗེ་འཆང༌། །རིགས་ཀྱི་ཅོད་པན་དག་ཏུ་རབ་བཟུང་ཏེ། །མདོ་སྔགས་ཆོས་ཀྱི་བདག་པོར་བྱིན་བརླབ་པའི། །འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་གནས་ཚུལ་ཀུན། །རང་གི་ཇི་བཞིན་གཞན་ལ་འདོམས་པ་ཡིས། །སྙིགས་དུས་འགྲོ་བ་མཐའ་དག་ལམ་བཟང་ལ། །ལེགས་པར་འཁྲིད་མཛད་མཆོག་ལ་གསོལ་བ་འདེབས། །ཁྱོད་ཐུགས་ཡོན་ཏན་རྒྱ་མཚོའི་གཏེར་གྱུར་པས། །ལེགས་བཤད་ཆོས་ཀྱི་འོད་སྟོང་རབ་སྤྲོས་ནས། །མ་ལུས་གདུལ་བྱའི་ཡིད་མུན་སེལ་མཛད་པ། །ཆོས་ཀུན་རབ་ཏུ་གཟིགས་ལ་གསོལ་བ་འདེབས། །ཁྱད་པར་ཁྱབ་བདག་རྡོ་རྗེ་འཆང་དབང་གི། །གསུང་གི་ཟབ་མོའི་གནད་ཀུན་ལེགས་གཟིགས་པས། །དེ་དོན་སྣོད་རུང་གདུལ་བྱའི་ཚོགས་རྣམས་ལ། །འདོམས་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་མཛད་པའི་ཆ་ཤས་ཕྲ་མོ་ཡང༌། །ཇི་བཞིན་འཛིན་པའི་སྐྱེ་བོ་མ་ལུས་པའི། །ཉོན་མོངས་བྱིན་ཟའི་གདུང་བ་སེལ་མཛད་པ། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །ཇི་སྐད་བཤད་པ་དེ་བཞིན་སྙིགས་དུས་འདིར། །རྒྱལ་བ་གཞན་གྱིས་བཏང་སྙོམས་མཛད་པ་རྣམས། །ཐར་པར་འཁྲིད་ལ་གཞན་གྱི་ཟླ་བྲལ་བ། །ཆོས་ཀྱི་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །དེ་ལྟ་བུ་ཡི་ལམ་བཟང་གསལ་མཛད་ཅིང༌། །མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །དེང་དུས་ཐུབ་བསྟན་ཡོངས་ཀྱི་དཔལ་གྱུར་པའི། །མགོན་ཁྱོད་རྡོ་རྗེའི་ཁྲི་ལ་རྟག་ཏུ་བཞུགས། །འགྲོ་ཚོགས་མ་ལུས་ཐར་པའི་གྲོང་ཁྱེར་མཆོག །མི་གནས་མྱང་འདས་ས་ལ་མ་བཞག་པ། །དེ་སྲིད་ཁྱོད་ཀྱི་ཞབས་ཟུང་གཡོ་མེད་པར། །བསྐལ་པ་རྒྱ་མཚོའི་བར་དུ་བཞུགས་སུ་གསོལ། །འགྲོ་ཚོགས་འདི་རྣམས་ཉོན་མོངས་ཀྱིས་བསྒྲིབས་པས། །མི་ཤེས་དབང་གིས་མ་རུང་བྱ་བ་ཡིས། །ཐུགས་རྗེའི་འཇུག་པ་བཏང་སྙོམས་རིང་སྤངས་ནས། །ནམ་མཁའི་བགྲོད་པ་མ་ཟད་བར་དུ་བཞུགས། །ཁྱོད་ཞལ་བུམ་བཟང་ལས་འོངས་བདུད་རྩི་མཆོག །རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་པ། །མྱང་པ་ཙམ་གྱིས་འཆི་མེད་དཔལ་སྟེར་བྱེད། །རྒྱུན་མི་འཆད་པར་བདག་ཅག་རྣམས་ལ་སྩོལ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི། །གསུང་གི་གསང་བ་ཟབ་མོའི་གཅེས་པའི་གནད། །རབ་འབྱམས་ཀུན་གྱི་བཅུད་ཕྱུངས་དམ་པའི་ཆོས། །རྒྱུན་ཆད་མེད་པར་ལེགས་པར་སྩལ་དུ་གསོལ། །དེ་ལྟར་གསུང་གི་གནད་རྣམས་ལེགས་རྟོགས་ཏེ། །གཅིག་ཏུ་དབེན་པའི་གནས་སུ་རབ་བསྒོམས་པས། །སྒྱུ་མ་ལྟ་བུའི་ཆོས་ཀྱི་གནས་ལུགས་ཀུན། །གཡོ་མེད་ཏིང་འཛིན་རྒྱ་རུ་ཆུད་པར་ཤོག །ཆོས་ཀུན་སྤྲོས་པ་བྲལ་བའི་གནས་ཚུལ་ཆེ། །བདེ་ཆེན་རླན་གྱིས་སྦགས་པའི་འཕྲུལ་བསྒྱུར་ལས། །ངོ་བོ་ཉིད་ཀྱི་སྐུ་སོགས་རིན་ཆེན་རྣམས། །རིང་མིན་ཚེ་འདིར་ལག་ཏུ་ལོན་པར་ཤོག །དེ་ལྟར་མ་གྱུར་ཚེ་རབས་ཐམས་ཅད་དུ། །ཁྱོད་ཞབས་མཆོད་དང་ཁྱོད་གསུང་ཉན་པ་དང༌། །བཀའ་བཞིན་བསྒྲུབས་པས་དུས་ཀུན་འདའ་བྱས་ཏེ། །བླ་མའི་དམ་ཚིག་རྟག་ཏུ་སྐྱོང་བར་ཤོག །བརྒྱུད་མར་དལ་འབྱོར་ཚང་བའི་ལུས་ཐོབ་ནས། །དགེ་བའི་བཤེས་ཀྱིས་རྟག་ཏུ་རྗེས་བཟུང་ཞིང༌། །སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་བར། །བྱང་ཆུབ་སེམས་མཆོག་རྟག་ཏུ་སྐྱོང་བར་ཤོག །དེ་ནས་ལམ་བཟང་ལྷག་མའི་བགྲོད་པ་རྣམས། །མ་ལུས་ཡོངས་སུ་རྫོགས་པར་མཐར་ཕྱིན་ནས། །རྡོ་རྗེ་འཆང་དབང་གོ་འཕང་མྱུར་ཐོབ་སྟེ། །སེམས་ཅན་ཐམས་ཅད་ཡོངས་སུ་སྒྲོལ་བར་ཤོག །འདི་ལྟར་སྨོན་དང་བདེ་གཤེགས་དེ་ཡི་སྲས། །ཡི་དམ་ཆོས་སྲུང་དམ་ཅན་རྒྱ་མཚོ་ཡི། །བདེན་པ་ཆེན་པོའི་མཐུ་ལས་ཐུབ་པའི་གསུང༌། །སྙིང་པོའི་མཆོག་འདི་ཕྱོགས་བརྒྱར་རྒྱས་པར་ཤོག །ཁ་བ་ཅན་འདིར་ཁམས་གསུམ་བླ་མ་ཡི། །རྗེས་ཞུགས་ཁྲིམས་ལྡན་འདུས་པའི་སྡེ་རྣམས་ཀྱང༌། །འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་ཞིང༌། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་པར་ཤོག །དེ་ལྟར་གྱུར་ནས་གནས་སྐབས་མི་མཐུན་པའི། །དབེན་དང་འཁྲུག་ལོང་ནད་སོགས་ཉེར་ཞི་ཞིང༌། །མཐུ་དང་ལྡན་པའི་ཆོས་སྲུང་ཐམས་ཅད་ཀྱིས། །ཉིན་མཚན་ཀུན་ཏུ་གཡེལ་མེད་བསྲུང་གྱུར་ཅིག །གྲངས་མེད་ཞིང་ཁམས་ཀུན་དང་གངས་ལྗོངས་འདིར། །འཁོད་པའི་སྐྱེ་བོ་མཐའ་དག་དུས་ཀུན་ཏུ། །བདེ་སྐྱིད་ཆོས་ཀྱི་བྱ་བས་དུས་འདས་ཏེ། །ལེགས་ཚོགས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །འདི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ། །། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn