འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས། 2016-03-22 09:18:20
རྩོམ་པ་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ ཀློག་ཐེངས།

༄༅། །གང་ཞིག་བཤད་དང་སྒྲུབ་པ་ཡིས། །
རྒྱལ་བའི་དགོངས་པ་བླ་ན་མེད། །
སྨྲ་དང་གཟིགས་པའི་མཆོག་གྱུར་པ། །
རྟེན་འབྱུང་གསལ་མཛད་དེ་ལ་འདུད། །
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །
ཇི་སྙེད་རྒྱལ་བས་གསུངས་པ་ཀུན། །
གང་དུ་གཞོལ་ཞིང་འབབ་པའི་གནས། །
རྟེན་ཅིང་འབྲེལ་འབྱུང་འདི་ཁོ་ན། །
ཅི་ཕྱིར་ཞེ་ན་འགྲོ་ཀུན་གྱི། །
རྒུད་པའི་སྐྱོན་མང་དྲུངས་འབྱིན་པའི། །
སྨན་དང་རིག་སྔགས་རྒྱལ་པོ་ཡང༌། །
ཆོས་ཚུལ་འདི་ལས་གཞན་ན་གང༌། ༈ །
དེ་ཕྱིར་རྒྱལ་བ་སྟོན་པ་ཡི། །
བསྟན་ལ་འོད་བྱེད་ཉི་མ་དང༌། །
འགྲོ་བའི་དབུགས་འབྱིན་ཟླ་བ་ཡང༌། །
མཚུངས་པ་མེད་པ་ཁྱོད་དུ་ངེས། ༈ །
ཞི་ལམ་དེ་བཞིན་ཉིད་སྟོན་པའི། །
ས་མཁན་རང་བཞིན་བརྗོད་པ་ནི། །
ཆོས་ཀྱི་རྗེས་འགྲོ་དད་པའི་སྒོ། །
མི་མཉམ་ཆེ་བའི་གཏེར་དུ་ངེས། ༈ །
འཕགས་ཡུལ་མཁས་རྣམས་གཟུར་གནས་པས། །
རང་བློའི་སྟོབས་བཞིན་གྲུབ་མཐའ་འཛིན། །
འདི་ན་ཐམས་ཅད་དབུ་མའི་གྲལ། །
བསྙེགས་ཀྱང་བློ་ཡིས་མ་ལྕིགས་པས། །
སྐྱེ་ན་མཐའ་བཞིར་ངེས་ཀྱང་དེ། །
ཁེགས་ཕྱིར་སྐྱེ་བ་ཡོད་མིན་ལ། །
ཐ་སྙད་བློ་ཡི་སྣང་བ་ནི། །
འཁྲུལ་ཕྱིར་དོན་དུ་མི་འགྱུར་ཞེས། །
རང་བཞིན་མེད་ལ་བདེན་བཞི་དང༌། །
སྐྱབས་གསུམ་ལས་འབྲས་ལ་སོགས་པ། །
མེད་པར་ཐལ་བ་དངོས་སྨྲའི་གཏམ། །
དང་དུ་ལེན་བཞིན་དབུ་མར་སྨྲ། །
དངོས་སྨྲ་རིགས་པའི་ལུགས་འཛིན་པས། །
བདེན་སྟོང་རིགས་པས་བཀག་ནས་དོར། །
འདིར་ན་རིགས་པས་འགོག་བཞིན་དུ། །
འཐད་པར་སྒྲུབ་པ་ཀྱེ་མ་ཧོ། ༈ །
ཁ་ཅིག་ཆད་པར་དོགས་པ་ཡིས། །
མ་སྐྱེས་མི་འགྱུར་ལྟོས་མེད་བདག །
བཀག་ཙམ་དབུ་མར་འཁྲུལ་པ་ཡིས། །
གྲུབ་མཐའ་རྣམ་བཞི་གཅིག་ཏུ་འགྱུར། ༈ །
ལ་ལ་དགག་བྱའི་མཚམས་ཀྱི་དབེན། །
གཏད་མེད་ཕྱོགས་ཆར་གཅོད་པ་ཡིས། །
སྟོང་པར་འཁྲུལ་ཡང་འཆར་སླ་ལ། །
རྟེན་འབྲེལ་བཤིག་པ་སྨད་པའི་གནས། ༈ །
རྟག་ཆད་གཉིས་ཀའི་གཡང་ས་ལ། །
འཇིགས་ཕྱིར་དབུ་མར་འཇུག་དཀའ་ཡི། །
དགག་པའི་ཕྱོགས་གཅིག་ཙམ་ཉིད་ན། །
དེ་ནི་གང་ལས་དབུ་མར་བརྗོད། །
དེ་ཕྱིར་མཁྱེན་པའི་གཏེར་གྱིས་ཀྱང༌། །
སྣང་སྟོང་ཉེ་རིང་མི་བྱ་ཞེས། །
ཡོད་དང་མེད་པའི་མཐའ་གཉིས་ལས། །
ཁྱོད་ཀྱི་ཐུགས་ནི་ཡོངས་སུ་བཟུང༌། ༈ །
ཕྱག་རྫོགས་གསལ་སྟོང་འཛིན་མེད་ཅེས། །
འགྲོ་འོང་གཟུགས་ཅན་ལྟར་མེད་དང༌། །
འབྱུང་འཇིག་རགས་པའི་མི་རྟག་ཚུལ། །
མཐོང་བྱ་མ་མཐོང་བརྒྱལ་འདྲ་འམ། །
གཟུགས་སུ་མ་གྲུབ་གསལ་རིག་ཙམ། །
མྱོང་ལ་བདེན་མཐོང་རློམ་འཆང་ཞིང༌། །
ཕྱོགས་གླང་གྲགས་པ་སོགས་ཀྱིས་ཀྱང༌། །
དེ་ཉིད་མ་མཐོང་སྨྲ་བ་མཚར། །
ཁ་ཅིག་མ་བཙལ་སྐྱོང་བར་རློམ། །
ལ་ལ་བཙལ་ཡང་སྐྱོང་ཚེ་སྟོར། །
བཟུང་ཡང་དཔྱོད་མེད་འཇོག་སྒོམ་ཙམ། །
ལྟ་ལ་མཁས་པ་མིན་པར་གསུངས། ༈ །
ཉམས་མྱོང་བརྡ་ཡི་ཆིག་ཐང་དེ། །
ཕན་འགའ་སྲིད་ཀྱང་གོལ་བ་མང༌། །
དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །
ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས། །
ཡོད་དང་མེད་པའི་ཕྱོགས་འཇིག་པ། །
བདག་ཉིད་ཆེན་པོ་ཁྱེད་དག་ནི། །
སྟོང་དང་རྟེན་འབྱུང་དོན་གཅིག་པར། །
གསུངས་མཆོག་མཚུངས་པ་མེད་པར་བཞེད། །
སྟོན་པ་མཆོག་དེར་བསྟོད་པའི་སྒོ། །
ཀུན་གྱི་བླ་མར་གྱུར་པ་ཡང༌། །
རྟེན་ཅིང་འབྲེལ་འབྱུང་གསུངས་པར་རུ། །
ཀླུ་སྒྲུབ་ཞབས་དང་ཁྱོད་ཀྱིས་གཟིགས། ༈ །
ཤས་ཆེར་སྟོང་ལ་མོས་བློ་ཡིས། །
རྟེན་ཅིང་འབྲེལ་འབྱུང་འགོག་བྱེད་པ། །
སྣང་བས་སྒྲིབ་པ་དེ་དག་གི །
བློ་མུན་སྟུག་པོ་གང་གིས་སེལ། །
ལྟ་བས་རང་བཞིན་བཙལ་བའི་ཕྱིར། །
མ་རྙེད་པ་ཡིས་ཁེགས་འགྱུར་ལ། །
མ་རྙེད་གདགས་གཞི་འགོག་མིན་པས། །
རྗེས་ཀྱི་མིང་ཙམ་ལྷག་མར་མཐོང༌། །
མིང་ཙམ་དེར་ཡང་བྱ་བྱེད་ཀུན། །
བསྙོན་མེད་མྱོང་བས་གྲུབ་པ་ཡིས། །
རྗེས་འགྲོ་སྐྱོན་ཡོན་བླང་དོར་ཀུན། །
བརྩོན་པས་སྤྱོད་པ་རྣམ་པར་དག །
སྣང་སྟོང་རིམ་པས་ཆད་རྟག་མཐའ། །
སེལ་བ་གྲུབ་མཐའ་ཀུན་འདོད་ཀྱང༌། །
ལྡོག་སྟེ་སྨྲ་བ་འདི་ཁོ་ནས། །
བརྒྱུད་མའི་ཀླན་ཀ་མཐའ་དག་བསལ། ༈ །
བདག་བསྟན་རྒྱུ་འབྲས་རྟོགས་པའི་ཕྱིར། །
གསུང་རབ་མ་ལུས་གདམས་པར་ཤར། །
འགར་ཡང་མི་བདེ་མ་མཆིས་པས། །
ལྟ་བའི་དཔྱད་པ་ཡོངས་སུ་རྫོགས། ༈ །
དཔྱད་བཟོད་ཤེས་པ་མ་གྲུབ་ཅིང༌། །
ཕྱི་དོན་སྣང་བ་བསྙོན་མེད་པས། །
ཀུན་བཞི་རང་རིག་ཡོད་མིན་ལ། །
དོན་དང་ཞིག་པ་དངོས་པོར་སྒྲུབ། །
མདོར་ན་ངོ་བོས་སྟོང་པ་དང༌། །
ཕན་ཚུན་བརྟེན་ནས་བཏགས་པ་གཉིས། །
འགལ་མེད་གྲོགས་སུ་ཤར་བ་ཡིས། །
རྣམ་བཞག་ཐམས་ཅད་འཐད་པར་གཟིགས། ༈ །
ཉོན་མོངས་འཆིང་གཅོད་ཀླུ་སྒྲུབ་ཀྱི། །
ལྟ་བའི་རལ་གྲི་འཛིན་བྱེད་པ། །
སྒོམ་པའི་དཔུང་པ་བརྟན་པོའི་ཐབས། །
མཐའ་ཡས་ས་སྡེ་བཞིན་དུ་གསུངས། །
བོད་སྒོམ་གཞུང་དུ་མི་འཚོལ་བར། །
མེད་སར་འབད་པས་འཚོལ་ཞིང་སྐྱོང༌། །
དྲོད་རྟགས་ཕྲ་མོས་རློམ་རྣམས་ཀྱི། །
སྒོམ་པའི་མན་ངག་དཔེ་ཟླ་མིན། ༈ །
མདོར་ན་ལྟ་སྒོམ་སྤྱོད་པའམ། །
རྣམ་དག་ལྷག་པའི་བསླབ་གསུམ་སྲོལ། །
གཞན་ལས་ཆེས་ཆེར་འཕགས་པ་ཡིས། །
རྒྱུ་ཡི་ཐེག་པ་ཉིན་མོར་བྱས། ༈ །
གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི། །
དབང་དང་དམ་ཚིག་ལམ་དང་འབྲས། །
ཀུན་ལ་གོལ་བའི་མཐའ་བཀག་སྟེ། །
གསང་བའི་གནད་ཀུན་རྫོགས་པར་བཀྲལ། ༈ །
བདེན་མེད་སྣང་སྟོང་ལྷ་སྐུ་སོགས། །
ཕ་རོལ་ཕྱིན་དང་འོག་མར་ཡང༌། །
གྲགས་པ་ཙམ་ལས་འདུས་པའི་གནད། །
བདག་བྱིན་རླབས་སོགས་རིམ་པ་ཡི། །
སྦས་དོན་སྣང་མེད་གྱུར་པ་ན། །
རྒྱུད་དོན་འཕགས་པ་ཡབ་སྲས་ཀྱི། །
དགོངས་པ་ཇི་བཞིན་གསལ་འཛད་དེ། །
ཕ་རྒྱུད་ཀུན་གྱི་སྲོག་རྩ་བཟུང༌། །
ཕྱི་ནང་ཕྱག་རྒྱའི་སྤྲོས་པ་ལས། །
གང་གིས་རྒྱས་བཏབ་དེ་ཉིད་དོན། །
མ་མཐོང་རྣམས་ཀྱང་མིག་ཕྱེ་སྟེ། །
མ་རྒྱུད་གནད་ལ་ཤིད་ཟན་བཏང༌། །
བདེ་སྟོང་ཟུང་འཇུག་སྨྲ་བ་ན། །
དེ་ཉིད་ཡ་གྱལ་གཅིག་གྱུར་པའི། །
བདེན་གཉིས་དབྱེར་མེད་གཏམ་འདི་ཡང༌། །
ཁྱོད་ཀྱིས་འཇིག་རྟེན་གསུམ་དུ་བསྒྲགས། ༈ །
གསང་སྔགས་འཇིག་རྟེན་སྤྱོད་པ་དང༌། །
ལྟ་བ་ཡིད་བྱེད་བཀག་ཙམ་དུ། །
གྱུར་ཚེ་དབང་པོའི་ཏོག་གི་དྲུང༌། །
དམ་བཅས་བཞིན་དུ་ཁྱོད་ཀྱིས་གསོས། །
སངས་རྒྱས་མཛད་པ་བྱེད་པ་རུ། །
ལུང་བསྟན་པ་ཡང་མཆོག་འདི་སྟེ། །
གང་ལས་ཁྱོད་ནི་རྗེས་དྲན་པའི། །
ཡོན་ཏན་ཟླ་དང་བྲལ་བའང་འདི། །
ཐུབ་དབང་ཆོས་ཀྱི་ཉི་མ་དེ། །
ཞི་བའི་དབྱིངས་སུ་གཞོལ་གྱུར་ནས། །
རིང་ཞིག་འདས་ཏེ་ཆོས་ཀྱི་སྲས། །
རྒྱལ་བའི་གདུང་འཚོབ་ཁྱོད་ཉིད་འཁྲུངས། །
བག་ཡོད་བརྟུལ་ཞུགས་ལྷག་བསམ་སྤྱོད། །
བདེ་སྟོང་ཏིང་འཛིན་མཐའ་བྲལ་ལྟ། །
ཐུབ་བསྟན་མཐའ་དག་གདན་གཅིག་ཏུ། །
རྫོགས་པའི་སྲོལ་འདི་ཁྱོད་ཀྱིས་ཕྱེས། ༈ །
དེང་དུས་ཡབ་རྗེའི་སྲོལ་བཟང་ཡང༌། །
སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །
ལྟར་སྣང་བཤེས་གཉེན་དུ་མ་ཡིས། །
སྐྱེ་བོ་ཉམ་ངའི་གཡང་དུ་འཁྲིད། །
ཀྱེ་ཧུད་དགེ་ལྡན་བསྟན་པ་འདི། །
དཔལ་དང་འབྱོར་བས་རབ་རྒྱས་ཀྱང༌། །
བཤད་དང་སྒྲུབ་པས་ཆེས་ཕྲ་བ། །
བསམ་གྱིན་སྙིང་ནས་ཤེས་པར་ཕྱོ། །
ཟབ་རྒྱས་ཆོས་ཀྱི་དེ་ཉིད་དོན། །
ཇི་བཞིན་འདོམས་པ་ཆེས་དཀོན་ཡང༌། །
འཁྲུལ་བྲལ་ཁྱོད་གསུང་གླེགས་བམ་རྣམས། །
གདུང་སེལ་དབུགས་དབྱུང་མཆོག་སྦྱིན་འགྱེད། །
རྒྱལ་ཀུན་དགོངས་པ་མཐར་ཐུག་དང༌། །
དབྱེར་མེད་གྱུར་པ་ཁྱོད་ཀྱི་བསྟན། །
གང་དུ་ཇི་བཞིན་གནས་པ་དེར། །
རྟག་ཏུ་སྐྱེ་བ་འཛིན་པར་ཤོག །
ཕྱོགས་རེར་མ་གྱུར་ཐོས་པའི་ཆོས། །
བསམ་དང་སྒོམ་པས་ཉམས་བླངས་ནས། །
རྒྱལ་བ་དགྱེས་པའི་ལམ་བཟང་པོ། །
ཚང་ལ་མ་ནོར་རྙེད་གྱུར་ཅིག །
རྟག་ཏུ་འཇམ་དབྱངས་བླ་མ་ཡིས། །
རྗེས་བཟུང་ལྟ་བས་རྒྱས་བཏབ་པ། །
རྡོ་རྗེ་ཐེག་པའི་མྱུར་ལམ་གྱིས། །
བྱང་ཆུབ་བདེ་བླག་ཐོབ་གྱུར་ཅིག །
ཅེས་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་འདི་ནི་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ཨེ་ལ་གོག་སན་ཨེར་ཏེ་ནི་ཤྲི་རེ་གེ་ཐུ་རྡོ་རམས་པ་ངག་དབང་ཡོན་ཏན་གྱིས་བསྐུལ་བའི་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགའོ།། །།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།