སྟོན་པའི་གསུང་བཏུས་གསེར་གྱི་ཐང་མ། (སྤེལ་ཐེངས་་རེར་གསུང་གསར་བ་ཁ་སྣོན་བྱེད་ཀྱིན་ཡོད)
སྟོན་པའི་གསུང་བཏུས་གསེར་གྱི་ཐང་མ་ཞེས་པ་འདིར་མཉམ་མེད་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུང་ཐོར་བུ་འགོད་རྒྱུ་ཡིན་ཞིང་།མ་མཐའ་ཡང་གཟའ་འཁོར་རེར་གསུང་གསར་བ་སྐོར་ཞིག་འགོད་ངེས་པས་ལེ་ཚན་འདི་ཀློག་པ་པོ་རྣམས་ཀྱིས་ཡིད་ཀྱི་གསོས་དང་མིག་གི་དཔྱིད་དུ་འགྱུར་ངེས་པ་མ་ཟད། བློ་གསལ་གཟུ་བོར་གནས་པ་དག་ལ་ཡང་དག་པའི་ལམ་ཞིག་དང་བསམ་བློའི་བཅུད་རྨད་དུ་བྱུང་བ་ཞིག་གནང་བར་གདོན་མི་ཟ།
དེ་དང་མཉམ་དུ་ཀློག་པ་བོ་རྣམས་ཀྱིས་ཀྱང་ངེད་ཅག་ལ་སྟོན་པའི་གསུང་རྩ་ཆེན་ཐོར་བུ་དག་གནང་ན་དུས་ལྟར་ལེ་ཚན་འདིར་འགོད་ངེས་པ་ཐུགས་འཇུགས་ཞུ།
དགེ་ལུགས་པའི་དྲ་བ་རྩོམ་སྒྲིག་ཁང་ནས།
མདོ་ཉི་མའི་སྙིང་བོ་ལས།
སྤུ་གྲི་རྣོན་པོ་དག་གིས་སུ།།
རང་གི་ཡན་ལག་གཏུབས་པ་བླའི།།
དགེ་འདུན་དག་ལ་བསྔོས་ཟིན་པ།།
ཁྱིམ་པ་རྣམས་ལ་སྦྱིན་མི་བྱ།།
མདོ་ལས།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླངས་པར་བྱ་ཡི་གུས་ཕྱིར་མིན།།
མདོ་ལས།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །
ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །
མདོ་ལས།
རང་གི་ལུས་ལ་དཔེ་ལོངས་ལ། །
གཞན་ལ་གནོད་པ་མ་བྱེད་ཅིག །
མདོ་ལས།
བདག་ཉིད་བདག་གི་མགོན་ཡིན་གྱི། །
གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །
ལེགས་དང་ཉེས་པར་བྱེད་པ་ལ། །
བདག་ཉིད་བདག་གི་དཔང་པོའང་ཡིན། །
མདོ་ཉི་མའི་སྙིང་བོ་ལས།
མེ་ལྕེ་འབར་བ་ལྟ་བུ་ཡི།།
ལྕགས་ཀྱི་ཐུ་ལུམ་ཟོས་པ་བླའི།།
དགེ་འདུན་དག་ལས་གང་དེ་ནི།།
དགེ་འདུན་གྱི་ལས་ལོངས་མི་སྤྱད།།
མདོ་ཉི་མའི་སྙིང་བོ་ལས།
ལྷུན་པོ་དང་ནི་འདྲ་བའི་མེ།།
བླང་བ་བྱས་ཏེ་ཟོས་པ་བླའི།།
ཁྱིམ་པར་གྱུར་པས་དགེ་འདུན་གྱི།།
ལོངས་སྤྱད་པར་ནི་མི་བྱ་འོ།།
མདོ་ཉི་མའི་སྙིང་བོ་ལས།
ཐམས་ཅད་དབྱུང་བ་བྱས་པ་དང་།།
གསལ་ཤིང་སྟེང་དུ་བཏེག་པ་བླའི།།
ཁྱིམ་པར་གྱུར་པས་དགེ་འདུན་གྱི།།
ལོངས་སྤྱད་པར་ནི་མ་བྱ་འོ།།
མེ་མདག་དག་གིས་གང་བ་ཡི།།
གནས་ཁང་དེར་ནི་ཞུགས་པ་བླའི།།
ཁྱིམ་པས་དགེ་འདུན་གནས་ཁང་དུ།།
མཚན་མོ་གནས་པར་མི་བྱ་འོ།།
སྟོན་པའི་ཞལ་ནས།
བྱིས་པས་བསྟོད་པ་གང་ཡིན་དང་།།
མཁས་པས་སྨད་པ་གང་ཡིན་པ།།
འདི་ནི་མཁས་སྨོད་མཆོག་ཡིན་གྱི།།
བྱིས་པས་བསྟོད་པ་དེ་ལྟ་མིན།།
སྟོན་པའི་ཞལ་ནས།
གང་གིས་བྱིས་པ་བྱིས་ཉིད་རིག།
དེ་ལ་དེས་ན་མཁས་པ་ཡིན།།
བྱིས་པ་མཁས་པར་རློམ་བྱེད་པ།།
དེ་འདིར་ཤིན་ཏུ་བྱིས་པ་ཡིན།།
བཅོམ་ལྡན་འདས་ཀྱིས།
རྒྱལ་བོ་ཆེན་པོ་ཁྱོད་ནི་བྱ་བ་མང་བ་བྱེད་པ་མང་བས་ཆོས་གཅིག་ལ་བསླབ་པར་བྱའོ། །ཆོས་གཅིག་པོ་དེ་ནི་གང་ཞེ་ན། སྙིང་རྗེའོ། །
མདོ་དྲན་པ་ཉེར་གཞག་ལས།
སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །
ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །
དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །
མི་དག་འཚོ་བ་ཐུང་བས་ཉམས།
ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །
ལྷ་རྣམས་བག་མེད་པ་ཡིས་ཉམས། །
འཁོར་བར་ཁབ་ཀྱི་རྩེ་ཙམ་ལ། །
བདེ་བ་ནམ་ཡང་ཡོད་མ་ཡིན། །
བཅོམ་ལྡན་འདས་ཀྱིས།
སྡིག་པ་ཅི་ཡང་མི་བྱ་ཞིང་། །
དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
རང་གི་སེམས་ནི་ཡོངས་སུ་འདུལ། །
འདི་ནི་སངས་རྒྱས་བསྟན་པ་ཡིན། །
མདོ་ལས།
སྟོན་པས། འོད་སྲུང་།མ་འོངས་པའི་དུས་སུ་དགེ་སློང་མངོན་པའི་ང་རྒྱལ་ཅན་ཁྱི་རྡོ་ལ་སྙེག་པ་དང་མཚུངས་པ་དག་འབྱུང་ངོ་།།འོད་སྲུང་། ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་པ་ཁྱི་རྡོ་ལ་སྙེག་པ་དང་མི་འདྲ་བ་དག་ནི། དཔེར་ན་སེང་གེ་ལ་རྡོ་འཕངས་ན་རྡོ་གང་ལས་བྱུང་ཤེས་པས་རྡོ་ལ་མི་སྙེག་པར་རྡོ་འཕང་བར་བྱེད་པ་དག་ལ་བསྙེགས་པས་ཕྱིས་རྡོ་འབྱུང་བ་མི་འགྱུར་རོ།།
དུས་འཁོར་རྩ་བའི་རྒྱུད་ལས།
བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །
ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །
བསྐལ་པར་བསཊ་པའི་སྡིག་པ་རབ་བཅོམ་ནས། །
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །
སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ལ། །
མིག་དང་སྲོག་སྦྱིན་པས་ཀྱང་དཔེར་མི་ཕོད། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn