སྲིན་བུའི་རྒྱུ་བསྟན་པའི་ལེའུ།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་སྤུངས་པའི་རི་ལ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་དང་མི་རིང་པ་ཞིག་ན་ཆུའི་ལྟེང་ཀ་མི་གཙང་བ་ཞིག་ཡོད་དེ། མི་མང་པོ་བཤད་གཅི་དང༌། མི་གཙང་བ་ཐམས་ཅད་དེར་འདོར་ཏེ། ལྟེང་ཀའི་ནང་ན་སྲིན་བུ་ཆེན་པོ་སྦྲུལ་དང་འདྲ་བ། རྐང་པ་བཞི་ཡོད་པ་ཞིག་ཡོད་དེ། ཆུའི་ནང་ན་ཕན་ཚུན་རྒྱུག་ཅིང་བར་འགའ་ནི། ཕྱིར་འབྱུང༌། བར་འགའ་ནི། ཆུའི་གཏིང་དུ་འགྲོ་སྟེ། ལོ་མང་པོ་དེ་ན་གནས་ཤིང་སྡུག་བསྔལ་ཚད་མེད་པ་མྱོང་ངོ༌། །
དུས་གཞན་ཞིག་ན་བཅོམ་ལྡན་འདས་དགེ་སློང་མང་པོས་བསྐོར་ཏེ་མདུན་དུ་བདར་ནས་ལྟེང་ཀ་དེའི་དོགས་སུ་གཤེགས་ཏེ་སྲིན་བུ་དེ་གཟིགས་པ་དང༌། སྲིན་བུ་དེའི་སྔོན་གྱི་རྒྱུ་ཁྱེད་ཅག་སུས་ཤེས་ཞེས་བཀའ་སྩལ་པ་དང༌། དགེ་སློང་རྣམས་ཀྱིས་བསམས་ཀྱང་སྲིན་བུ་དེས་སྔོན་ཅི་བྱས་པ་གཅིག་གིས་ཀྱང་མ་རྟོགས་ནས་བདག་ཅག་ལས་གང་ཡང་འཚལ་བ་མ་མཆིས་སོ། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། སྲིན་བུ་འདིའི་སྔོན་གྱི་རྒྱུ་བཤད་པར་བྱའོ། །སྔོན་འདས་པའི་དུས་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་སོ། །སངས་རྒྱས་དེའི་བསྟན་པ་ལ་དགེ་སློང་སྟོང་ཕྲག་བཅུ་ཞིག་ཚངས་པར་སྤྱོད་པ་ཡོངས་སུ་དག་པར་སྤྱོད་དེ་དགོན་པའི་རི་ཞིག་ལ་གནས་པ་ལས། གཡས་གཡོན་ན་མེ་ཏོག་གི་ཤིང་དང༌། འབྲས་བུའི་ཤིང་རབ་ཏུ་རྒྱས་ཤིང༌། ཤིང་གི་བར་བར་ན་ཆུ་མིག་དང༌། ཁྲུས་ཀྱི་རྫིང་བུ་དང་ལྡན་པ་ཤིན་ཏུ་དགའ་བའི་གནས་ཤིག་ཡོད་དོ། །དེའི་ཚེ་ན་དགེ་སློང་དག་སྤྱོད་ལམ་ལ་བརྩོན་ཞིང་ནན་ཏན་བྱེད་པས། ཐམས་ཅད་ཀྱིས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་སྟེ། སོ་སོའི་སྐྱེ་བོ་མེད་དོ། །
དུས་གཞན་ཞིག་ན་ཚང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་དོང་བ་ལས་ལམ་དུ་ཞུགས་ཏེ་ལམ་གཡོགས་སུ་རི་དལ་ལྷགས་ནས་དགེ་སློང་དག་སྤྱོད་ལམ་ལ་ཤིན་ཏུ་བརྩོན་པ་མཐོང་ནས་ཚོང་པ་རྣམས་བགྲོས་ཏེ་མཆོད་པ་ཞིག་བྱ་བར་བསམ་པ་ལས། ཡོན་བདག་མང་བས་སྐབས་མ་རྙེད་དེ་བསམ་པ་བཞིན་དུ་མ་གྲུབ་ནས་དགེ་འདུན་ལ་འཕྱི་ཕྱག་འཚལ་ཏེ་རྒྱ་མཚོར་དོང་ནས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཅག་ཉེ་ཞོ་མེད་པར་བདེ་བར་འཁོད་ན་མཆོད་པ་བགྱིའོ། །ཞེས་གསོལ་བ་དང༌། དགེ་འདུན་རྣམས་ཀྱང་ཅང་མི་གསུང་སྟེ། ཚོང་པ་རྣམས་རྒྱ་མཚོར་ཞུགས་སོ། །ཚོང་པ་དེ་དག་རྒྱ་མཚོ་ནས་རིན་པོ་ཆེ་མང་དུ་རྙེད་དེ་བདེ་བར་འཁོར་ནས་དགེ་འདུན་དེ་དག་ལ་རིན་པོ་ཆེའི་དམ་པ་རིན་ཆེ་བ་ཞིག་དགེ་འདུན་རྣམས་ལ་བསོད་སྙོམས་ཀྱི་ཟོང་དུ་ཕུལ་ལོ། །དེ་ནས་དགེ་སློང་རྣམས་ཀྱིས་རིན་པོ་ཆེ་དེ་བཞེས་ནས་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་ཞིག་ལ་གཏད་དོ། །ཕྱིས་དགེ་འདུན་དག་བསོད་སྙོམས་ཀྱིས་བྲལ་བར་གྱུར་ནས་རིན་པོ་ཆེ་དེ་བསོད་སྙོམས་སུ་བཙོང་སྙམ་སྟེ། ལས་བྱེད་པའི་དགེ་སློང་དེ་ལ་ཚོང་པས་ཕུལ་བའི་རིན་པོ་ཆེ་འོན་ཅིག་ཅེས་བསྒོ་ནས་དགེ་སློང་དེས་སྨྲས་པ། ཚོང་པས་རིན་པོ་ཆེ་དེ་ང་ལ་བྱིན་དུ་ཟད་ཀྱི། ཁྱོད་ཀུན་ལ་མ་བྱིན་ནོ། །
དགེ་འདུན་གྱིས་དགེ་སློང་དེ་ལ་རིན་པོ་ཆེ་དེ་ནི། ཚོང་བས་དགེ་འདུན་ལ་ཕུལ་ནས་ཁྱོད་སྦེད་དུ་བཅུག་གི། ཁྱེད་ལ་བྱིན་པ་མ་ཡིན་ནོ། །ཞེས་བསྒོ་བ་དང༌། དགེ་སློང་དེ་ཁྲོས་ནས་ཁྱོད་སྐྱག་པ་ལ་ཟ་ཟ་བའམ། རིན་པོ་ཆེ་དེ་ནི། ཁོ་བོའི་ཡིན་གྱི། མ་ཟེར་ཅིག་ཅེས་སྨྲས་སོ། །དེ་ནས་དགེ་འདུན་རྣམས་ཀྱང་དགེ་སློང་དེ་ཁྲོས་ནས་ངན་སེམས་སྐྱེས་པ་མཐོང་ནས་སོ་སོར་གྱེས་སོ། །དེ་ལྟར་དགེ་འདུན་ལ་ངན་སེམས་ཀྱིས་ཚིག་ངན་པ་སྨྲས་པས་ལུས་ཞིག་སྟེ་ཚེ་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ་ངན་སྐྱུག་གི་ནང་ན་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་འགྲེ་འགྲེའོ། །དེ་ལས་ཐར་ནས་ད་འདིར་ངན་སྐྱུག་གི་ཁུང་དུ་སྐྱེས་ཏེ་ལོ་མང་དུ་ལོན་ཡང་ད་དུང་མཐར་ཏེ། འདི་ལྟ་སྟེ། སྔོན་འདས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་འདིར་གཤེགས་ནས་ཉེ་གནས་རྣམས་ལ་བསྟན་ཏེ། སྔོན་ཅི་ལས་གྱུར་པ་བསྟན་ཏོ། །
དེ་ནས་ཡང་སངས་རྒྱས་ཐམས་ཅད་སྐྱོབ་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་འདིར་གཤེགས་ནས་སྟོན་ཅི་ལས་གྱུར་པ་བསྟན་ཏོ། །དེ་ནས་ཚེ་འཕོས་ནས་ཕྱིར་ཡང་སེམས་ཅན་དམྱལ་བར་སྐྱེས་ཏེ། ལོ་ཁྲི་ཕྲག་གྲངས་མེད་པ་ཞིག་ལོན་ནས་ཕྱིར་ཡང་ཁུང་འདིར་སྐྱེས་སོ། །དེའི་འོག་ཏུ་སངས་རྒྱས་ལེག་པར་དད་སེལ་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་སུ་འདིར་གཤེགས་ནས་སྔོན་གྱི་ལོ་རྒྱུས་བསྟན་ཏོ། །དེའི་འོག་ཏུ་སངས་རྒྱས་གསེར་ཐུབ་ཀྱང་འདིར་གཤེགས་སོ། །དེའི་འོག་ཏུ་སངས་རྒྱས་འོད་སྲུང་ཡང་ཉེ་གནས་རྣམས་དང་བཅས་པར་འདིར་གཤེགས་ཏེ་སྔོན་གྱི་ལོ་རྒྱུས་བསྟན་ཏོ། །
ད་སངས་རྒྱས་བདུན་པོའི་ཐ་མ་སངས་རྒྱས་ཤཱཀྱ་ཐུབ་པ་ང་ཡང་ཁྱེད་ལ་འདིར་སྲིན་བུ་འདི་བསྟན་ཏེ། དེ་བཞིན་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པ་ཀུན་ཉེ་གནས་དང་བཅས་ཏ་འདིར་གཤེགས་ནས་སྲིན་བུ་འདིས་སྔོན་ཅི་བྱས་པའི་ལོ་རྒྱུས་སྟོན་པར་འགྱུར་རོ། །དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས་ལུས་ཀྱི་བ་སྤུ་ཀུན་ལངས་ནས་སོ་སོ་ནས་ལུས་དང༌། ངག་དང༌། ཡིད་ཀྱི་ལས་ཤིན་ཏུ་སྲུང་བ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །སྲིན་བུའི་རྒྱུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn