ཨུ་པ་གུཔྟའི་ལེའུ།
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཀུན་ཏུ་རྒྱུ་ཨུ་པ་གུཔྟ་ཞེས་བྱ་བ་ཡིད་གཞུངས་ཤིང་ཤེས་པ་མང་བ་ནི། འདས་པ་དང༌། ད་ལྟར་ལ་མཁས་པ་ཞིག་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་རབ་ཏུ་འབྱུང་ངོ༌། །ཞེས་གསོལ་ཏོ། །གལ་ཏེ་བདག་རབ་ཏུ་བྱུང་ནས་ཤེས་རབ་དང་སྤོབས་ཤཱ་རིའི་བུ་དང་མཉམ་ན་རབ་ཏུ་འབྱུང་གི། དེ་ཙམ་མི་ཕོད་ན་ཕྱིར་ཁྱིམ་དུ་མཆིའོ། །ཞེས་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་དེ་ཙམ་མི་ཕོད་དོ། །ཞེས་བཀའ་སྩལ་ནས་ཀུན་ཏུ་རྒྱུ་དེ་རབ་ཏུ་འབྱུང་དུ་མ་བཏུབ་ནས་ཕྱིར་ཁྱིམ་དུ་སོང་ངོ༌། །བཅོམ་ལྡན་འདས་ཀྱིས་དུས་གཞན་ཞིག་ན་འཁོར་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང༌། བྲམ་ཟེ་འདི་རབ་ཏུ་བྱུང་ནས་མངོན་པར་ཤེས་པ་དྲུག་དང་ཤེས་རབ་ཏུ་ལྡན་ཏེ། སེམས་ཅན་རྡུལ་སྙེད་ཅིག་གི་དོན་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་གང་ཡང་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་མདོ་སྡེའི་སྡེ་སྣོད་ཐམས་ཅད་ཁྱོད་ལ་གཏད་ཀྱི། ཁྱོད་ཀྱིས་གཟུངས་སུ་ཟུངས་ལ་རྒྱས་པར་བྱོས་ཤིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་ཀུན་དགའ་བོས་ཆོས་ཀྱི་སྡེ་སྣོད་ཀུན་བཟུང་ངོ༌། །
ཀུན་དགའ་བོས་ལུས་ཡོངས་སུ་གཏོང་བ་ན་ཉེ་གནས་ཡེ་ཤེའི་ཀི་ལ་འདི་སྐད་ཅེས་བསྒོའོ། །ང་འདས་པའི་འོག་ཏུ་མདོ་སྡེ་ཀུན་ཁྱོད་ལ་གཏད་ཀྱི། གཟུངས་སུ་ཟུངས་ཤིག་ཅེས་བསྒོས་ནས་ཡང་འདི་སྐད་ཅེས་སྨྲས་སོ། །ཡུལ་ཝཱ་ར་ཎཱ་སིར་ཁྱིམ་བདག་གུཔྟ་ཞེས་བྱ་བ་ལ་བུ་ཨུ་པ་གུཔྟ་ཞེས་བྱ་བ་ཞིག་ཡོད་ཀྱི། ཁྱོད་ཀྱིས་སློངས་ལ་རབ་ཏུ་ཕྱུང་ཞིག །ཁྱོད་འདས་པའི་འོག་ཏུ་ཆོས་ཀྱང་དེ་ལ་གཏོད་ཅིག་ཅེས་བསྒོའོ། །ཀུན་དགའ་བོ་འདས་པའི་འོག་ཏུ་ཡ་ཤེའི་ཀིས་དམ་པའི་ཆོས་བཟུང་སྟེ་འཇིག་རྟེན་ན་སེམས་ཅན་གྱི་དོན་མང་དུ་བྱས་སོ། །དེ་ནས་ཝཱ་ར་ཎཱ་སིའི་གྲོང་ཁྱེར་དུ་སོང་སྟེ་ཁྱིམ་བདག་དེ་དང་བཤེས་པར་བྱས་ནས་ཡང་དང་ཡང་དེའི་ཁྱིམ་དུ་སོང་སྟེ་ཡིད་གཅུགས་པར་བྱས་སོ། །ཁྱིམ་བདག་དེ་ལ་བུ་ཁྱེའུ་ཞིག་བཙས་ནས་མིང་ཨུ་པ་གུཔྟ་ཞེས་བྱ་བར་བཏགས་ཏེ། ཆུང་དུ་ཤེད་མ་བྱེ་བ་ནས་ཡ་ཤེའི་ཀིས་བསླངས་ཏེ་རབ་ཏུ་དབྱུང་བར་བྱས་པ་ལས་ཁྱིམ་བདག་གིས་འདི་སྐད་ཅེས་སྨྲས་སོ། །བདག་འདོད་པའི་བུ་འདི་འདྲ་བ་ཞིག་ཡོད་དེ། རིགས་འཚོ་བ་སྙམ་སྟེ་མི་རུང་ངོ༌། །གལ་ཏེ་ཡང་གཅིག་བཙས་ན་གདོད་སྦྱིན་ནོ། །
ཕྱིས་དུས་གཞན་ཞིག་ན་ཡང་བུ་ཞིག་བཙས་ནས་མིང་ནནྟ་ཀུ་པ་ཏ་ཞེས་བཏགས་སོ། །དེ་ནས་ཡ་ཤེའི་ཀི་ཡང་དེར་སོང་སྟེ་བུ་བསླངས་པ་དང༌། ཁྱིམ་བདག་གིས་ཡང་འདི་སྐད་ཅེས་སྨྲས་སོ། །བུ་ཆེན་པོ་ནི། ཕྱི་རོལ་གྱི་བྱ་བ་སྒྲུབ་དགོས། བུ་ཆུང་དུ་ནི། ནང་གི་བྱ་བ་སྒྲུབ་ན་གདོད་བདེ་བར་འགྱུར་རོ། །ཞེས་སྦྱིན་དུ་མ་བཏུབ་སྟེ། ཕྱིས་ཡང་བུ་ཞིག་བཙས་ན་གདོད་དབུལ་ལོ། །ཞེས་སྨྲས་སོ། །ཡ་ཤེའི་ཀི་ནི། དགྲ་བཅོམ་པའི་ནང་ན་རིག་པ་གསུམ་དང་ལྡན་ཏེ།སེམས་ཅན་གྱི་དབང་པོ་ལ་མཁས་པས་ཁྱེའུ་དེ་གཉིས་ལ་བརྟགས་ན། རབ་ཏུ་འབྱུང་བའི་སྐལ་པ་ཡོད་པ་ནི། འདྲ་ནས་མ་བསྐུལ་བར་བཞག་གོ །དེ་ནས་ཡང་ཁྱིམ་བདག་དེ་ལ་བུ་ཞིག་བཙས་ནས་བྱད་གཟུགས་ལེགས་པ། བལྟ་ན་སྡུག་པ་ཞིག་སྟེ། ཡང་ཁྱིམ་བདག་གི་ཐད་དུ་སོང་ནས་བུ་བསླངས་པ་དང༌། ཡང་འདི་སྐད་ཅེས་སྨྲས་སོ། །བུད་དུང་ཆུང་བས་གཡོག་བྱེད་ཀྱང་མི་ནུས་ལ། བདག་ཅག་ཀྱང་དབུལ་བས་བསྟང་དུ་མེད་དེ། རེ་ཞིག་སྡོད་ཅིག །ནམ་སྐྱེས་ན་སྦྱིན་ནོ། །ཞེས་སྨྲས་སོ། །དེ་ནས་ཆེར་སྐྱེས་ནས་ཤེས་པ་དང་ལྡན་པར་གྱུར་ཏེ། ཕས་ཀྱང་ནོར་རྫས་ལག་ཏུ་གཏད་ནས་ཚོང་བྱེད་དུ་བཅུག་གོ །
དུས་གཞན་ཞིག་ན་ཡ་ཤེའི་ཀི་ཉིད་དེའི་དྲུང་དུ་སོང་སྟེ་ཆོས་བསྟན་ནས་སེམས་རྩེ་གཅིག་པ་ཡིད་ལ་བྱེད་དུ་བཅུག་སྟེ། དགེ་བའི་རྟོག་པ་བྱུང་ན་རྡེའུ་དཀར་རུ་ཞིག་ཞོག །མི་དགེ་བའི་རྟོག་པ་བྱུང་ན་རྡེའུ་ན་གུ་ཞིག་ཞོག་ལ་དུས་དུས་སུ་གང་མང་རྩིས་ཤིག་ཅེས་བསྒོའོ། །ཨུ་པ་གུཔྟས་ཀྱང་བསྒོ་བ་བཞིན་དུ་དགེ་བ་དང༌། མི་དགེ་བའི་རྟོག་པ་བྱུང་བ་ལས་རྡེའུ་བཞག་སྟེ་བརྩིས་ན། ཐོག་མ་ནི། རྡེའུ་ན་གུ་མངར་བ་ལ་དཀར་རུ་ཉུང་རབ་བོ། །དེ་ནས་ཡང་བགས་ཀྱིས་དཀར་ནག་མཉམ་མོ། །དེ་ནས་ཡིད་ལ་བྱ་བ་མ་བཏང་བས་རྡེའུ་ན་གུ་ནི། མེད་ཀྱི། རྡེའུ་དཀར་རུ་འབའ་ཞིག་ཏུ་གྱུར་ཏེ། དགེ་བའི་རྟོག་པ་གྲུབ་ནས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །དེའི་ཚེ་གྲོང་ཁྱེར་དེ་ནས་སྨད་ཚོང་མ་ཞིག་གིས་བྲན་མོ་ཞིག་མངགས་ཏེ། ཨུ་པ་གུཔྟ་ལ་མེ་ཏོག་ཉོར་བཏང་ངོ༌། །
ཨུ་པ་གུཔྟ་རང་བཞིན་གྱིས་དྲང་བས། ཕྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ་མ་རངས་པ་མེད་པར་བྱས་སོ། །བྲན་མོ་དེ་མེ་ཏོག་རྣམས་ཁྱེར་ཏེ་ཇོ་མོ་ལ་ཕུལ་བ་དང༌། ངོ་མཚར་ཆེར་བཟུང་སྟེ་བྲན་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྔར་མེ་ཏོག་ཉོས་བའི་རིན་དང༌། དེང་ཉོས་པའི་རིན་འདྲ་ན། སྔར་ནི། ཅིའི་ཕྱིར་ཉུང་ལ། ད་ནི། ཅི་སྟེ་མང༌། སྔ་མའི་ཚེ་ན་ཁྱོད་ཀྱིས་ང་བསླུས་སམ། ཕྲན་མོས་སྨྲས་པ། དེང་གི་མེ་ཏོག་ཚོང་བའི་བདག་པོ་དེ་ངོ་མཚར་དུ་དྲང་ལ་དེས་ཏེ་གཡོ་སྒྱུ་མེད་པས་མང་དུ་ཁུགས་པ་ཡིན་ནོ། །སྐྱེས་བུ་དེ་གཟུགས་བྱད་བཟང་ཞིང་མཛེས་པས། རྗེ་མོས་གཟིགས་ན་ཡང་དགྱེས་པར་འགྱུར་རོ། །ཞེས་སྨྲས་པ་དང༌། སྨད་ཚོང་མས་དེ་འབོད་དུ་བཏང་ངོ༌། །ཨུ་པ་གུཔྟ་དེར་འོང་དུ་མ་བཏུབ་ནས་ཡང་དང་ཡང་བོས་ཀྱང་འགྲོར་མ་བཏུབ་བོ། །དེའི་ཚེ་སྨད་ཚོང་མ་དེ་རྒྱལ་བུ་ཞིག་དང་འདུས་ཏེ། རྒྱལ་བུ་དེའི་གོས་རིན་པོ་ཆེ་ལ་ཆགས་པས་གསང་སྟེ་རྒྱལ་བུ་བསད་ནས་རོ་སྦས་སོ། །དེ་ནས་རྒྱལ་པོས་ཁྱིམ་བཙལ་བ་དང༌། སྨད་ཚོང་མའི་ཁྱིམ་ནས་རྒྱལ་བུའི་རོ་རྙེད་དེ། སྨད་ཚོང་མ་དེའི་རྐང་ལག་ཀྱང་གཏུངས། རྣ་བ་དང་སྣ་ཡང་བཅད་ནས་ཤིང་ཁར་བཏགས་ཏེ་དུར་ཁྲོད་དུ་བཙུགས་སོ། །དེ་ལྟར་བྱས་ཀྱང་ད་དུང་སྲོག་མ་ཆད་པས། ཨུ་པ་གུཔྟ་དེའི་དྲུང་དུ་སོང་བ་དང༌། སྨད་ཚོང་མས་འདི་སྐད་ཅེས་སྨྲས་སོ། །སྔོན་སྡུག་པའི་ཚེ་ནི། འོང་དུ་མ་བཏུབ་ན། ད་མ་རུངས་པར་གྱུར་པའི་འོག་ཏུ་གར་འགྲོ་ཞེས་སྨྲས་པ་དང༌། ཨུ་པ་གུཔྟས་སྨྲས་པ། ཁྱོད་ཀྱི་མདའ་བྱད་འདོད་པའི་ཕྱིར་འདིར་འོངས་པ་མ་ཡིན་གྱི། ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འདིར་འོངས་སོ། །ཞེས་སྨྲས་ནས་མི་རྟག་པའི་ཆོས་རྣམ་པ་བཞི་པོ་འདི་དག་བསྟན་ཏོ། །ལུས་འདི་ནི། མི་གཙང་བ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་སྟེ། རེ་རེ་ནས་བརྟགས་ཤིང་ཡིད་བརྟན་དུ་མི་རུང་ངོ༌། །གང་གླེན་པ་གཏི་མུག་ཅན་ནི། དེ་ལ་ཆགས་སོ། །སྨད་ཚོང་མས་ཆོས་དེ་དག་ཐོས་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །ཨུ་པ་གུཔྟ་ནི། ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པོ། །དེ་ནས་ཡ་ཤེས་ཀྱིས་ཁྱིམ་བདག་དེ་ལས་གཞོན་ནུ་བསླངས་ནས་རབ་ཏུ་དབྱུང་ངོ༌། །ཞེས་བྱས་པ་དང༌། ཁྱིམ་བདག་གིས་ཀྱང་དེ་བཞིན་དུ་ཕུལ་ནས་བཙུག་ལག་ཁང་དུ་ཁྲིད་དེ་ཁྲིམས་བཅུ་ཕོག་གོ །
དེ་ནས་ལོ་ཉི་ཤུ་ཚོང་བ་དང་བསྙེན་པར་རྫོགས་སོ། །བསྙེན་པར་རྫོགས་པའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པར་གྱུར་ཏོ། །རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ལྡན་ཏེ། སྨྲ་བ་ལ་སྤོབས་པ་ཟད་མི་ཤེས་པར་གྱུར་ནས་མི་མང་པོ་བསྡུས་ཏེ་ཆོས་བསྟན་པར་བྱས་པ་དང༌། དེའི་ཚེ་བདུད་སྡིག་ཏོ་ཅན་གྱིས་འཁོར་མང་པོའི་ནང་དུ་གསེར་གྱི་དོང་ཙེ་ཆར་བཞིན་དུ་ཕབ་པས། མི་ཀུན་དོང་རྩེ་ལ་རྟོད་ནས་ཆོས་མཉན་དུ་མེད་པར་བྱས་སོ། །དེའི་ཕྱི་ཉིན་འཁོར་མང་པོ་བསྡུས་ཏེ་ཆོས་བསྟན་པར་བྱས་པ་ལས། བདུད་སྡིག་ཏོ་ཅན་གྱིས་མེ་ཏོག་གི་ཕྲེང་བའི་ཆར་ཕབ་པས། ཀུན་གྱི་སེམས་དཀྲུགས་སོ། །དེའི་ཚེ་ཕྱི་ཉིན་འཁོར་མང་པོ་བསྡུས་ཏེ་ཆོས་བསྟན་པར་བྱས་པ་ལས། བདུད་ཀྱི་རྒྱལ་པོས་གླང་པོ་ཆེ་མཐོན་མཐིང་ག་ཏ་ཁ་ནས་མཆེ་བ་དྲུག་བྱུང་ལ། མཆེ་བ་རེ་རེ་ལ་ཡང་རྫིང་བུ་རེ་རེ་ཡོད་པ། རྫིང་བུ་རེ་རེའི་ནང་ན་མེ་ཏོག་བདུན་བདུན་ཡོད་པ། མེ་ཏོག་རེ་རེའི་ནང་ན་ཤེལ་གྱི་བུ་མོ་བདུན་བདུན་ཡོད་པ། བུ་མོ་དེ་དག་ཀྱང་སོ་སོ་ནས་རོལ་མོ་བྱེད་དེ།གླང་པོ་ཆེ་དེ་ཡང་གོམ་པ་དལ་གྱིས་འཁོར་གྱི་ནང་དུ་འགྲོ་བ་བསྟན་པ་དང༌། མི་ཐམས་ཅད་དེ་ལ་ལྟ་བས་ཆོས་ལ་མི་འདུན་ཏོ། །དེའི་ཕྱི་ཉིན་འཁོར་རྣམས་བསྡུས་ཏེ་ཆོས་བསྟན་པར་བྱས་པ་ལས། བདུད་ཀྱི་རྒྱལ་པོས་ན་ཆུང་བཟང་མོ་ཤིན་ཏུ་མཛེས་ཤིང་བཟང་བ་ཞིག་འཁོར་གྱི་ནང་དུ་འོངས་པ་སྤྲུལ་ནས་མི་ཀུན་དེ་ལ་མིག་མི་འཛུམ་པར་ལྟ་སྟེ། ཆོས་ཉན་པ་བརྗེད་དོ། །དེ་མ་ཐག་ཏུ་ཡ་ཤེའི་ཀིས་སྤྲུལ་པའི་བུད་མེད་ཀེང་རུས་དཀར་པོར་སྤྲུལ་ནས་མི་མང་པོས་མཐོང་བ་དང༌། མི་ཀུན་གདོད་ཆོས་ཉན་པས་འབྲས་བུ་ཐོབ་པ་ཡང་རབ་ཏུ་མང་ངོ༌། །བཙུན་པ་དེ་དག་ལ་ཐོག་མ་ནས་ཁྱི་ཞིག་ཡོད་དེ། ཉིན་གཅིག་བཞིན་དུ་ཆོས་བསྟན་པ་ལ་རྣ་བ་གཏད་དེ་ཉན་པས། ཁྱི་དེ་ཚེ་བརྗེས་ནས་ལྷའི་རིས་དྲུག་པར་སྐྱེས་ཏེ། བདུད་སྡིག་ཏོ་ཅན་དང་སྟན་གཅིག་ལ་འདུག་གོ །བདུད་ཀྱི་རྒྱལ་པོས་ལྷ་དེ་ལ་འདི་ནི། ཡོན་ཏན་ཆེན་པོ་དང་ལྡན་ཏེ་ང་དང་མཉམ་ན། འདི་གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་བརྟག་གོ་སྙམ་སྟེ་བརྟགས་པ་དང༌། ཁྱི་ལས་སྐྱེས་པར་མཐོང་ནས་དགེ་སློང་གིས་བསྐྱེངས་ཏེ་སྨ་ཕབ་བོ་སྙམ་ནས་རྒྱད་མ་ནས་བཙུན་པ་ཏིང་ངེ་འཛིན་དུ་ཞུགས་པ་མཐོང་བ་དང༌། རིན་པོ་ཆེའི་ཅོད་པན་ཞིག་བཙུན་པའི་མགོ་ལ་བཞག་གོ །ཏིང་ངེ་འཛིན་ལས་ལངས་པ་དང༌། མགོ་ལ་ཅོད་པན་ཡོད་པར་རྟོགས་ནས་སུས་བཞག་སྙམ་བརྟགས་ནས་བདུད་སྡིག་ཏོ་ཅན་གྱིས་བཞག་པར་རྟོགས་ནས་རྫུ་འཕྲུལ་གྱི་མཐུས་བདུད་སྡིག་ཏོ་ཅན་དེར་བཀུག་སྟེ། ཁྱི་རོ་ཞིག་མགོའི་ཕྲེང་བར་སྤྲུལ་ནས་སྡིག་ཏོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་གྱིས་ང་ལ་ཅོད་པན་བྱིན་པའི་ལན་དུ་ཁྱོད་ལ་ཕྲེང་བ་ཞིག་སྤྱིན་གྱི། བཞེས་ཤིག་ཅེས་སྨྲས་པ་དང༌།བདུད་སྡིག་ཏོ་ཅན་གྱིས་བླངས་ཏེ་ཕྲེང་བར་བཏགས་ནས་ཕྱིར་གནས་སུ་སོང་ངོ༌། །གནས་སུ་ཕྱིན་ཏེ་བརྟགས་ན། མགོ་ལ་ཕྲེང་བ་བཞག་བ་ཁྱི་རོ་ཡིན་པར་མཐོང་ནས་མི་འདོད་དེ་འདོར་བར་བྱས་པ་ལས་མཐུ་སྟོབས་ཅི་ཡོད་པ་གཏུགས་ཀྱང་འདོར་མ་ནུས་སོ། །
དེ་ནས་བརྒྱ་བྱིན་གྱི་ཐད་དུ་སོང་སྟེ་མི་གཙང་བ་འདི་དོར་ཅིག་ཅེས་སྨྲས་ན། བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟ་བུ་སུས་བྱས་པ་ཉིད་ཀྱིས་འདོར་ནུས་ཀྱི། བདག་ལ་ནི། འདོར་ནུས་པའི་མཐུ་མེད་དོ། །བདུད་སྡིག་ཏོ་ཅན་གྱིས་ལྷ་ཀུན་དང༌། ཚངས་པའི་རྒྱལ་པོའི་བར་དུ་བདག་གི་མི་གཙང་བ་འདི་དོར་ཅིག་ཅེས་ན། སྔ་མས་སྨྲས་པ་དང་འདྲ་སྟེ། ངེད་ལ་འདི་འདོར་བའི་མཐུ་མེད་དོ། །ཞེས་སྨྲས་བས། ཅི་བྱར་མི་རུང་ནས་ཕྱིར་བཙུན་པའི་དྲུང་དུ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི། ཡོན་ཏན་ཆེན་པོ་དང་ལྡན་པ་བདེན་ཏེ། བྱམས་པའི་ཐུགས་ཕྱོགས་གཅིག་ཏུ་མ་གྱུར་ཏོ། །ཁྱེད་ཉན་ཐོས་རྣམས་ནི། འཇིགས་སུ་རུང་བ། མ་རུངས་པའོ། །ཅི་མངོན་ཞེ་ན། ངས་སྔོན་ཡི་དྭགས་ཀྱི་དཔུང་ཁྲི་ཕྲག་བརྒྱད་ཅུ་བསགས་ཏེ་བྱང་ཆུབ་སེམས་དཔའ་ལ་བསྐོར་ནས་བྱང་ཆུབ་ལས་ཉམས་པར་བྱ་བར་བརྒལ་བ་ལས། འོན་ཀྱང་ཐུགས་རྗེ་བསྐྱེད་དེ་བདག་ལ་དགྲར་མི་དགོངས་སོ། །
ད་བདག་གིས་ཀྱལ་ཀ་ཅུང་ཟད་ཅིག་བྱས་པས་ལན་དུ་འདི་འདྲ་བར་བྱས་སོ། །ཨུ་པ་གུཔྟས་སྨྲས་པ། ཁྱོད་ཟེར་བ་བདེན་ཏེ། སངས་རྒྱས་དང་ངར་བསྒྲུན་ན་བརྒྱ་འགྱུར། སྟོང་འགྱུར་དུ་ཡང་དཔེ་བྱར་མི་རུང་སྟེ། རི་རབ་ལྷུན་པོ་ཡུངས་ཀར་དང་བསྒྲུན་པའམ། རྒྱ་མཚོ་ཆེན་པོ་དང་བ་རྨིག་གི་ཆུར་བསྒྲུན་པའམ། སེངྒེའི་རྒྱལ་པོ་དང་ཝར་བསྒྲུན་པ་དང་འདྲ་སྟེ། ཆེ་ཆུང་གི་ཁྱད་པར་བསྐྱེད་དུ་མེད་དོ། །ཁོ་བོ་ནི། དུས་ངན་པའི་མཐར་སྐྱེས་ཏེ་དེ་བཞིན་གཤེགས་པ་ཡང་མ་མཐོང་ན། ཁྱོད་ཀྱི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་སྐུར་སྤྲུལ་ནུས་སོ། །ཞེས་ཐོས་ཀྱི། ཁྱོད་ཀྱིས་ཁོ་བོས་མཐོང་བར་སྟོན་ཅིག། བལྟ་བར་བྱའོ། །བདུད་ཀྱི་རྒྱལ་པོས་སྨྲས་པ། ངས་དེ་འདྲ་བར་སྤྲུལ་གྱི། ཁྱོད་ཕྱག་མ་བྱེད་ཅིག །སྨྲས་པ། ཕྱག་མི་བྱེད་དོ། །དེ་ནས་བདུད་ཀྱི་རྒྱལ་པོས་ཀྱང་སངས་རྒྱས་ཀྱི་སྐུ་སྤྲུལ་ཏེ། སྐུ་ཆེན་པོ་ཁྲུ་བཅུ་དྲུག་པ། གསེར་གྱི་མདོག་ཅན། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་ཟེར་ལྷམ་མེ། ལྷན་ནེར་གསལ་བ་ཉི་ཟླ་བས་ཀྱང་ལྷག་པར་སྤྲུལ་པ་དང༌། ཨུ་པ་གུཔྟ་རབ་ཏུ་དགའ་ནས་ཕྱག་བྱ་བར་གཟས་པ་དང༌། བདུད་ཀྱི་རྒྱལ་པོ་ཕྱིར་ཡང་བདུད་ཀྱི་ལུས་སུ་བསྒྱུར་ནས་ཨུ་པ་གུཔྟ་ལ། བཙུན་པ་ཁྱོད་ཕྱག་མི་བྱ་བར་བྱས་ན། ཅིའི་ཕྱིར་བྱེད་ཅེས་སྨྲས་སོ། །ཨུ་པ་གུཔྟས་སྨྲས་པ། ཁོ་བོ་སངས་རྒྱས་ལ་ཕྱག་བྱེད་ཀྱི། ཁྱོད་ལ་ཕྱག་མི་བྱེད་དོ། །བདུད་ཀྱི་རྒྱལ་པོས་སྨྲས་པ། བཙུན་པ་བདག་ལ་ཐུགས་བརྩེ་བའི་སླད་དུ་ཁྱི་རོ་འདི་མ་མཆིས་པར་མཛོད་ཅིག །ཨུ་པ་གུཔྟས་སྨྲས་པ། ཁྱོད་ཉིད་སྙིང་བརྩེ་བའི་སེམས་བསྐྱེད་དེ་སེམས་ཅན་ཀུན་གྱི་སྐྱབས་བྱོས་ཤིག་དང༌། ཁྱི་རོ་ལས་རིན་པོ་ཆེའི་ཕྲེང་བར་འགྱུར་རོ། །གལ་ཏེ་མི་དགེ་བའི་སྡིག་པའི་བསམ་པ་སྐྱེས་ན། ཁྱི་རོ་ཉིད་ལས་མི་འགྱུར་རོ། །ཞེས་སྨྲས་པ་དང༌། བདུད་ཀྱི་རྒྱལ་པོ་སྐྲག་ནས་རྟག་ཏུ་དགེ་བའི་སེམས་བསྐྱེད་དོ། །
དེའི་ཚེ་བཙུན་པ་ཨུ་པ་གུཔྟས་འབྲས་བུ་ཐོབ་པའི་འོག་ཏུ་སེམས་ཅན་བཏུལ་ཏེ་འབྲས་བུ་བཞི་ཐོབ་པར་བྱས་པའི་གྲངས་ནི། འབྲས་བུ་ཐོབ་པའི་མི་རེ་རེས་ཚུལ་ཤིང་སོར་བཞི་པ་རེ་རེ་བྱས་པའི་ཚུལ་ཤིང་དེ་ལྟ་བུས་ཁན་པ་མཐོ་ཁྱད་ཆག་དྲུག་ཅུ་པ། ཆུ་ཞེང་གབ་ཕར་ཆག་དྲུག་ཅུ་པའི་ནང་ཡོངས་སུ་གང་ངོ༌། །དེ་ནས་མི་མང་པོ་ཀུན་གྱིས་བསྟོད་ཅིང་བསྔགས་ཏེ། ཁྱོད་ཀྱི་ཡོན་ཏན་ནི། རྒྱ་ཆེ་བས། སེམས་ཅན་བཏུལ་བའི་གྲངས་ཀྱང་དཔག་ཏུ་མེད་དོ། །ཞེས་སྨྲས་སོ། །ཨུ་པ་གུཔྟས་སྨྲས་པ། ཁོ་བོ་དུད་འགྲོ་བྱེད་པའི་ཚེ་ན་ཡང་སེམས་ཅན་དག་བཏུལ་ཏེ་འཕགས་པའི་འབྲས་བུ་ཐོབ་པར་བྱས་ན། ད་ལྟར་གྱི་དུས་ན་བཏུལ་བ་ལྟ་ཅི་སྨོས། འཁོར་མང་པོས་སྨྲས་པ། སྔོན་ཇི་ལྟ་བུར་སེམས་ཅན་དག་བཏུལ་བ་བདག་ཅག་ལ་བསྟན་དུ་གསོལ། ཨུ་པ་གུཔྟས་སྨྲས་པ། སྔོན་འདས་པའི་དུས་ན་ཝཱ་ར་ཎཱ་སི་འདིར་དྲང་སྲོང་ལྷགས་པའི་རི་ལ་རང་སངས་རྒྱས་ལྔ་བརྒྱ་ཞིག་གནས་སོ། །དེའི་ཚེ་སྤྲེའུ་ཞིག་ཉིན་གཅིག་བཞིན་དུ་མཆོད་པ་འབུལ་ཞིང་སྤྱོད་ལམ་ལ་ལྟའོ། །རང་སངས་རྒྱས་དེ་དག་ཕྱིས་གཞན་ཞིག་ཏུ་དོང་བ་ལས། ཀུན་ཏུ་རྒྱུ་ལྔ་བརྒྱ་ཞིག་དེ་ན་གནས་སོ། །ཀུན་ཏུ་རྒྱུ་དེ་དག་ལ་ལ་ནི། ཉི་མ་དང་ཟླ་བ་ལ་མཆོད། ལ་ལ་ནི། མེ་ལྷ་ལ་མཆོད་དོ། །ཉི་མ་དང་ཟླ་བ་ལ་མཆོད་པ་ནི། ཉི་ཟླ་ལོགས་སུ་རྐང་བ་ཡ་གཅིག་གིས་འགྲེང་ངོ༌། །མེ་ལྷ་ཅན་ནི། ནང་པར་སྔ་དྲོ་ཞིང་མེ་འབུད་དོ། །དེའི་ཚེ་ན་སྤྲེའུ་དེས་འགྲེང་བ་དེ་དག་གི་རྐང་པ་ནས་ལག་པ་ཡ་གཅིག་གིས་བཟུང་སྟེ་ཐུར་དུ་དྲངས་སོ། །མེ་འབུད་བདག་གི་མེ་བསད་ནས་ལུས་དྲང་པོར་འདུག་སྟེ་བསམ་པ་ཡིད་ལ་བྱེད་དོ། །
དེ་ནས་ཀུན་ཏུ་རྒྱུ་དེ་རྣམས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །སྤྲེའུ་འདིས་བདག་ཅག་ཀྱང་སྤྱོད་ལམ་འདི་ལྟ་བུར་འདུག་ཅིག་ཅེས་བྱ་བའི་ཐ་ཚིག་སྟེ། བདག་ཅག་ཀྱང་སོ་སོ་ནས་ལུས་དྲང་པོར་བསྲངས་ཏེ་དོན་ལ་བརྟག་གོ །ཞེས་བྱས་ནས་དེ་དག་དེ་ལྟར་བྱས་མ་ཐག་ཏུ་སེམས་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་ཏེ་རང་སངས་རྒྱས་སུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྤྲེའུ་དེ་ནི། ད་ལྟར་ང་ཡིན་ནོ། །འཁོར་རྣམས་ཀྱིས་སྨྲས་པ། འོ་ན་ཅིའི་ཕྱིར་སྤྲེའུའི་ལུས་སུ་གྱུར། ཨུ་པ་གུཔྟས་སྨྲས་པ། སྔོན་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ། དགེ་སློང་རྣམས་ནི། ཝཱ་ར་ཎཱ་སི་ན་དྲང་སྲོང་ལྷགས་པའི་རི་ལ་གནས་སོ། །དེའི་ཚེ་འབྲས་བུ་ཐོབ་པའི་དགེ་སློང་ཞིག་རིའི་རྩེ་མོར་མགྱོགས་པར་སོང་བ་དང༌། དེ་ལ་དགེ་སློང་གཞོན་ནུ་ཞིག་གིས་དགེ་སློང་དེ་ནི། མགྱོགས་ཁྱད་སྤྲེའུ་དང་འདྲའོ། །ཞེས་སྨྲས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲེའུའི་ལུས་ཐོབ་པར་གྱུར་ཏོ། །
དེ་བས་ན་འཁོར་བཞི་པོ་དག་ངག་གི་ལས་ཡོངས་སུ་བསྡམས་ཏེ་མི་དགོས་པ་མི་སྨྲའོ། །ཨུ་པ་གུཔྟས་ཆོས་འདི་བསྟན་པའི་ཚེ་འཁོར་མང་པོ་རྣམས་ལ་ལ་ནི། རྒྱུན་དུ་ཞུགས་པ་དང༌།ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། ཁ་ཅིག་ནི། རང་སངས་རྒྱས་སུ་དགེ་བའི་རྩ་བ་བསྐྱེད་དོ། ཁ་ཅིག་ནི། བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པར་གྱུར་པ་ཡང་དཔག་ཏུ་མེད་དོ། །དེ་སྐད་ཅེས་སྨྲས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །ཨུ་པ་གུཔྟའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn