མི་གདུང་བ་སོར་ཕྲེང་ཅན་གྱི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-28 21:27:45         ཀློག་ཐེངས།  

667696024570980821.jpg

        འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་ཆེན་པོ་མཁས་པ། རིག་པ་དང་ལྡན་པ། བཙན་ཕྱུག་པ་ཞིག་ཡོད་དོ། །དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་བུ་ཁྱེའུ་མཚན་དང་ལྡན་པ། བྱད་གཟུགས་ལེགས་པ། དཔེ་ཟླ་མེད་པ་ཞིག་བཙས་ཏེ་མཚན་མཁན་པོས་ནས་བུ་བསྟན་པ་དང༌། མཚན་མཁན་དགའ་བའི་མདངས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བུ་འདི་ནི། བསོད་ནམས་ཀྱི་མཚན་དང་ལྡན་ཏེ། ཀུན་ལས་འཕགས་པར་ཡིད་གཞུངས་ལ་མཁས་པའི་བློ་དང་ལྡན་ནོ། །ཁྱེའུའི་ཕས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཁྱེའུའི་མིང་ཇི་སྐད་གདགས་ཞེས་དྲིས་པ་དང༌། མཚན་མཁན་གྱིས་ཁྱེའུ་འདི་མངལ་དུ་ཆགས་ནས་ཡ་མཚན་དུ་གྱུར་པ་ཅི་ཡོད་ཅེས་དྲིས་སོ། །བློན་པོས་སྨྲས་པ། ཁྱེའུ་འདིའི་མ་སྔོན་རང་བཞིན་འཇམ་ཞིང་དེས་པ་ཙམ་མ་ཡིན་པ་ལས། བུ་འདི་མངལ་དུ་ཆགས་ནས་ལྷག་པར་འཇམ་ཞིང་དེས་ཏེ་གཞན་གྱི་ཡོན་ཏན་དང༌།ལེགས་པ་བརྗོད་པར་དགའ་ཡི། ཉེས་པ་བརྗོད་པར་མི་དགའ་ལ། ཉོན་མོངས་པ་ཕོངས་པ་ལ་བྱམས་ཤིང་བརྩེ་བར་གྱུར་ཏོ། །མཚན་མཁན་གྱིས་སྨྲས་པ། འདི་བུའི་ཡོན་ཏན་ཡིན་ཏེ། བུའི་མིང་ཡང་མི་གདུང་བ་ཞེས་བཏགས་སོ། །དེ་ནས་གསོས་བསྐྱེད་དེ་ཆེར་སྐྱེས་ནས་སྟོབས་ཀྱང་གྱད་སྟོབས་པོ་ཆེའི་ཚད་དུ་ཕྱིན་ཏེ། གཅིག་པུས་མི་སྟོང་ཡང་ཐུབ་ལ། ནམ་མཁའ་ལ་བྱ་འཕུར་བ་ཡང་མཆོངས་པས་ཟིན་ཏེ་མགྱོགས་ཁྱད་ཀྱང་རྟ་དང་བང་མཉམ་ནས་བུ་དེ་ལ་ལྷག་པར་སྡུག་ཅིང་བྱམས་པར་གྱུར་ཏེ། དེའི་ཚེ་ཡུལ་དེན་བྲམ་ཟེ་མཁས་པའི་རིག་པ་དང་ལྡན་པ། མང་དུ་ཐོས་པ། གཙུག་ལག་ལ་མཁས་པ་ཞིག་ཡོད་དེ། བྲམ་ཟེ་དེ་ལ་སློབ་མ་ལྔ་བརྒྱ་ཙམ་རྟག་ཏུ་རྗེས་སུ་སློབ་བོ། །དེའི་ཚེ་བློན་པོ་དེས་ཀྱང་བུ་ཁྲིད་དེ་བྲམ་ཟེ་ལ་གཏད་ནས་སློབ་ཏུ་བཅུག་གོ །ཁྱེའུ་མི་གདུང་བ་སློབ་པ་ལ་འགྲུས་པས་ཉི་མ་གཅིག་བསླབས་ན། གཞན་ལོར་བསླབས་པ་བས་མཁས་ཏེ། རིང་པོ་མ་ལོན་པར་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ཏོ། །སློབ་དབོན་བྲམ་ཟེ་དེས་ཀྱང་དེ་ལ་ལྷག་པར་ཡིད་རྟོན་ཏེ། རྟག་ཏུ་འགྲོགས་ཤིང་ལྷན་ཅིག་འདུག་པས་སློབ་མ་གཞན་དག་ཀྱང་དེ་ལ་བསྟི་སྟང་བྱེད་དོ། །

        དེའི་ཚེ་ན་སློབ་དཔོན་བྲམ་ཟེ་དེའི་ཆུང་མས་ཁྱེའུ་དེའི་བྱད་གཟུགས་བཟང་ཞིང་ལེགས་པ་དང༌། བསླབ་པ་ཡང་གཞན་པས་ལྷག་པར་མཁས་པར་མཐོང་ནས་དེ་ལ་ཆགས་ཏེ་ཡིད་ལ་བཟུང་ཡང་སློབ་མ་རྣམས་དང་མི་འབྲལ་ཏེ། ཉིན་མཚན་འགྲོགས་པས་གཏམ་བྱ་བའི་སྐབས་མེད་དེ་བསམ་པ་ལྟར་མ་གྱུར་པས་རྟག་ཏུ་ཡིད་ལ་གཅགས་པར་གྱུར་ཏོ། །དུས་ཕྱི་ཞིག་ན་སྦྱིན་བདག་ཅིག་གིས་སློབ་དཔོན་དེ་དང་སློབ་མར་བཅས་སུ་ཟླ་བ་གསུམ་གྱི་བར་དུ་འཚོ་བ་སྦྱར་ནས་མགྲོན་དུ་གཉེར་ཏོ། །དེའི་ཚེ་སློབ་དཔོན་བྲམ་ཟེ་ཆུང་མ་དང་གཉིས་འདི་སྐད་ཅེས་བགྲོས་སོ། །ཁོ་བོ་ནི།སློབ་མ་དང་བཅས་སུ་སྦྱིན་བདག་གིས་ཟླ་བ་གསུམ་གྱི་བར་དུ་འཚོ་བ་སྦྱོར་རོ། །ཞེས་བོས་ཀྱི། ད་སློབ་མ་ལས་གཅིག་ཅིག་ཕྱི་ན་ལས་སུ་བསྐོས་ཏེ་བཞག་པའི་རིགས་སམ་ཞེས་ཆུང་མ་ལ་སྨྲས་པ་དང༌། ཆུང་མ་དགའ་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་གྱི་སོ་ཚིས་དང་བྱ་བ་མང་པོ་ལ་ཤེས་པ་མཁས་པ་དང་ལྡན་པ་གཅིག་ཅིག་བྱ་དགོས་པས། ཁྱེའུ་མི་གདུང་བ་ཡིད་བརྟན་ཏེ་ཕྱིར་གཞག་པའི་རིགས་སོ། །ཞེས་སྨྲས་ནས་བྲམ་ཟེས་ཀྱང་ཁྱེའུ་མི་གདུང་བ་ཁྱོད་ཕྱིར་འདུག་ལ་ཁྱིམ་གྱི་སོ་ཚིས་དང་ཞལ་ཏ་བྱོས་ཤིག །ཁོ་བོ་ནི།སྦྱིན་བདག་གིས་བོས་པས་འགྲོའོ། །ཞེས་བསྒོའོ། །ཁྱེའུ་མི་གདུང་བ་ཡང་སློབ་དཔོན་གྱིས་བསྒོ་བ་བཞིན་དུ་ཕྱིར་འདུག་གོ །དེའི་ཚེ་ན་སློབ་དཔོན་བྲམ་ཟེ་སློབ་མ་དང་བཅས་ཏེ་སོང་བའི་འོག་ཏུ་བྲམ་ཟེའི་ཆུང་མ་དེ་རབ་ཏུ་དགའ་མགུ་རངས་ནས་ཤིན་ཏུ་བྱི་བདར་བྱས་ཏེ་བསླུ་བའི་རྣམ་པས་ཁྱེའུ་དང་སྨྲས་ཀྱང་མི་གདུང་བ་སྲན་བཙུགས་ཏེ་སེམས་མ་གྱུར་ཏོ། །དེ་ནས་འདོད་ཆགས་ཀྱི་སེམས་སྐྱེས་པས་ཚིག་དྲང་པོར་སྨྲས་ཏེ། ཁོ་བོ་ནི། ཁྱོད་ལ་ཆགས་ཀྱང་སྔོན་ཆད་ནི། སྐབས་མེད་དོ། །ད་ནི། སློབ་དཔོན་ཡང་སོང་ནས་ཆེད་དུ་ཁྱོད་ཕྱིར་བཞག་པ་ཡིན་གྱི། ད་ནི། དབེན་ཞིང་སྐབས་ལ་བབ་སྟེ། ཁོ་མོའི་ཡིད་དང་སྦྱོར་ཅིག་ཅེས་བསྒོའོ། །མི་གདུང་བས་སྨྲས་པ། བདག་ནི། བྲམ་ཟེ་ཡིན་པས་བྲམ་ཟེའི་ཆོས་ཀྱིས་སློབ་དཔོན་གྱི་ཆུང་མ་དང་ཉལ་དུ་མི་རུང་སྟེ། གལ་ཏེ་འདི་འདྲ་བ་ཞིག་བྱས་ན། བྲམ་ཟེ་མ་ཡིན་པས་བདག་ཤི་ཡང་བླའི། འདི་ནི། མི་ཕོད་དོ། །ཞེས་སྨྲས་པ་དང༌། སློབ་དཔོན་གྱི་ཆུང་མ་རེ་བ་ལྟར་མ་གྱུར་པས་ངོ་ཚ་ཞིང་སྐྱེངས་ནས་འཁོན་དུ་བཟུང་སྟེ་དཀུ་ལྟོ་བྱ་བར་བསམས་ནས་ཕྱིས་སློབ་དཔོན་ཕྱིར་འོང་དུ་ཉེ་བ་ན་གོས་ཀྱང་དྲལ། གདོང་ཡང་སྦར་མོས་དྲད་ནས་ས་རྡུལ་གྱིས་གོས་ཤིང་སྨ་བབ་པ་ལྟར་ཅང་མི་སྨྲ་བར་ས་ལ་ཉལ་ལོ། །དེ་ནས་སློབ་དཔོན་བྲམ་ཟེ་ཕྱིར་སླར་འོངས་ནས་ཁྱིམ་དུ་ཞུགས་པ་དང༌། ཆུང་མ་དེ་འདྲ་བར་འདུག་པ་མཐོང་ནས་ཅིའི་ཕྱིར་ཁྱོད་འདི་ལྟར་གྱུར་ཅེས་དྲིས་པ་དང༌། ཆུང་མས་མཆི་མ་བླགས་ཏེ་དྲི་ང་བའི་རིན་མི་ཆོག་གོ །ཞེས་སྨྲས་སོ། །

        སློབ་དཔོན་བྲམ་ཟེས་ཅི་ཉེས་པ་སྨྲོས་ཤིག་ཅེས་ནན་གྱིས་དྲིས་པ་དང༌། ཆུང་མ་དུས་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་རྟག་ཏུ་བསྟོད་པའི་མི་གདུང་བ་ནི། ཁྱོད་སོང་བའི་འོག་ཏུ་རྟག་པར་ཁོ་མོ་ལ་ཉལ་བར་བསྒུགས་ཏེ་ཁོ་མོ་མ་བཏུབ་པས། ཁོ་མོའི་གོས་ཀྱང་དྲལ། གདོང་ལ་ཡང་རྨ་ཕྱུང་བ་ཡིན་ཏེ། ཁྱོད་ལ་འདི་ལྟ་བུའི་སློབ་མ་བདོག་གམ། བྲམ་ཟེས་དེ་སྐད་ཅེས་ཐོས་ནས་ཤིན་ཏུ་ཁྲོས་ཏེ་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །མི་གདུང་བ་འདི་སྟོབས་ནི། གཅིག་པུས་ཀྱང་མི་སྟོང་ཡང་ཐུབ་ལ་བློན་པོ་ཆེན་པོའི་བུ་ཡིན་ཏེ། ཆོ་རིགས་བཙུན་པས་ཉེས་པ་ཞིག་བྱ་ན་ཡང་བགས་ཀྱིས་བྱ་དགོས་སོ། །ཞེས་སྨྲས་ནས་མི་གདུང་བའི་དྲུང་དུ་སོང་སྟེ་ཅི་རིགས་པར་སྙན་པའི་ཚིག་གིས་སྤྲོ་བ་བསྐྱེད་ནས་ཁོ་བོ་སོང་བའི་ཕྱིན་ལས་ཆེན་པོ་དང༌།ཉོན་མ་མོངས་སམ་ཞེས་གཏམ་དྲིས་ནས་འདི་སྐད་ཅེས་བསྒོའོ། །ཁྱོད་ཀྱིས་སྔ་ཕྱིར་ཁོ་བོ་ལ་ཆུ་གང་གི་སྙིང་ཉེ་སྟེ། ཁྱོད་ཀྱི་དྲིན་རྟག་ཏུ་དྲན་པས། ད་ནི། ཁྱོད་ལ་གསང་བའི་ཆོས་གཅིག་པུ་ཞིག་ཡོད་པ་སྔོན་ཆད་མ་བསྟན་པ་ཁྱོད་ལ་བསྟན་གྱི། གལ་ཏེ་ཁྱོད་ཀྱིས་དེ་བཞིན་དུ་བྱས་ན། གདོན་མི་ཟ་བར་ཚངས་པའི་ལྷར་སྐྱེའོ། །ཞེས་སྨྲས་སོ། །ཁྱེའུ་མི་གདུང་བ་པུས་མོ་ས་ལ་བཙུགས་ཏེ་བསྟན་པར་གསོལ་བ་དང༌། མི་གདུང་བ་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་ཉིན་ཞག་བདུན་གྱིས་དགེ་བ་བསྲུངས་ཏེ་མི་སྟོང་གི་མགོ་བཅད་ནས་སོར་མོ་རེ་རེ་ཞིང་བླངས་ལ་སོར་མོ་སྟོང་གིས་ལུས་ཀྱི་ཕྲེང་བ་བྱས་ན། དེའི་ཚེ་ཚངས་པའི་ལྷ་མངོན་སུམ་དུ་མཐོང་སྟེ། ཚེ་འཕོས་མ་ཐག་ཏུ་ཚངས་པའི་ལྷར་སྐྱེའོ། །ཞེས་བསྟན་ཏོ། །ཁྱེའུ་མི་གདུང་བས་སློབ་དཔོན་གྱིས་དེ་སྐད་ཅེས་བསྟན་པ་ཐོས་ནས་ཐེ་ཚོམ་སྐྱེས་ཏེ་སློབ་དཔོན་ལ་འདི་སྐད་ཅེས་གསོལ་ཏོ། །སྲོག་བཅད་པས་ཚངས་པའི་ལྷར་སྐྱེ་བ་ནི། རིགས་པ་མ་ལགས་སོ། །སློབ་དཔོན་གྱིས་སྨྲས་པ། ཁྱོད་ནི། ཁོ་བོའི་སློབ་མ་ཡིན་ན། ཅི་ཁོ་བོས་བསྟན་པའི་མན་ངག་ལ་ཡིད་མི་ཆེས་སམ། ཅི་སྟེ་ཡིད་མི་ཆེས་ན་ཁྲེལ་ལྟས་ཡོད་པ་མ་ཡིན་ཏེ། འདིར་མ་འདུག་པར་གར་དགའ་བར་སོང་ཞིག་ཅེས་བསྒོས་ནས་གསང་སྔགས་ཀྱིས་བཏབ་སྟེ་རལ་གྲི་ཞིག་ས་ལ་བཙུགས་ཏེ་སྔགས་ཀྱིས་བཏབ་པས། ཁྱེའུ་དེ་ཁྲོས་པའི་སེམས་སྐྱེས་ཏེ་སློབ་དཔོན་གྱིས་ཁྲོས་པར་རིག་ནས་རལ་གྲི་ལག་ཏུ་བྱིན་ནོ། །མི་གདུང་བ་རལ་གྲི་ཐོགས་ནས་སྒོར་བརྒྱུགས་ཏེ་མི་ཕྲད་རྒུ་བསད་ནས་སོར་མོ་བཅད་དེ་ལུས་ཀྱི་ཕྲེང་བར་བཏགས་པས། ཀུན་གྱིས་སོར་ཕྲེང་ཅན་དུ་བཏགས་སོ། །ཀུན་ཏུ་གསོད་ཅིང་ཞག་བདུན་དུ་ཕྱིན་པའི་ཉིན་པར་སོར་མོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ནི། རྙེད་ཀྱི། སོར་མོ་གཅིག་གིས་བསྣན་ན་བསད་པའི་གྲངས་ཀྱང་སྟོང་དུ་ཚང་བ་ལས། མི་ཐམས་ཅད་བྲོས་ཤིང་གབ་པས་གཅིག་ཀྱང་མི་རྒྱ་སྟེ། ཀུན་ཏུ་བཙལ་ཀྱང་མ་རྙེད་དོ། ཞག་བདུན་གྱི་བར་དུ་ཁ་ཟས་མ་ཟོས་པས་ཁྱེའུའི་མ་བུལ་སྙིང་བརྩེ་སྟེ་ཁ་ཟས་སྐྱེལ་དུ་བཏང་ན་ཐམས་ཅད་འཇིགས་པས་གཅིག་ཀྱང་མ་སྤོབས་སོ། །

        དེ་ནས་ཁྱེའུའི་མ་ཉིད་ཁ་ཟས་ཐོགས་ཏེ་བུའི་དྲུང་དུ་སོང་བ་ལས། རྒྱང་མ་ནས་མ་འོངས་པ་མཐོང་བ་དང༌། མའི་ཐོག་ཏུ་བརྒྱུགས་ཏེ་གསད་པར་གཟས་པ་ལས་དེ་ལ་མས་སྲི་ཞུ་མེད་པར་ཁྱོད་ཅི་ལོག་པས་བསམ་སྟེ། མཚམས་མེད་པའི་ལས་བྱེད་ཅིང་མ་གསོད་དམ་ཞེས་སྨྲས་པ་དང༌། ཕྱིར་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི། སློབ་དཔོན་གྱིས་བསྟན་པ་བཞིན་དུ་ཉིན་ཞག་བདུན་གྱིས་སོར་མོ་སྟོང་ཞིག་ཁ་བསྐངས་ཏེ། སོར་མོ་སྟོང་དུ་ཚང་ན་ཚངས་པའི་ལྷར་སྐྱེ་བས་སོར་མོ་གྲངས་མ་ཚང་སྟེ་མི་བྱར་མི་རུང་བས། ད་གསད་དགོས་སོ། །ཞེས་སྨྲས་པ་དང༌། དེ་ལ་ཁྱེའུའི་མས་ད་འདི་ལྟར་གྱུར་ན། ཁོ་མོ་མི་གསད་པར་སོར་མོ་གཅད་དུ་མི་རུང་ངམ་ཞེས་བསྒོ་བའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱང་མ་ནས་གདུལ་བའི་དུས་ལ་བབ་པར་གཟིགས་ཤིང་མཁྱེན་ནས་དགེ་སློང་ཞིག་ཏུ་སྦྲུལ་ཏེ། དེའི་ཕྱོགས་སུ་གཤེགས་སོ། །སོར་ཕྲེང་ཅན་གྱིས་དགེ་སློང་མཐོང་བ་དང༌། མ་གསོད་པར་བྱས་པ་བཏང་ནས་དགེ་སློང་གི་ཐོག་ཏུ་མཆོངས་ཏེ་གསད་པར་གཟས་སོ། །སངས་རྒྱས་ཀྱིས་དེ་ལྟར་འོངས་པ་གཟིགས་ནས་ཞབས་ཀྱིས་དལ་གྱིས་གཤེགས་ཀྱང་སོར་ཕྲེང་ཅན་མཐུ་སྟོབས་གཏུགས་ཏེ་བརྒྱུགས་ཀྱང་མ་སླེབས་ནས་རྒྱང་མ་ནས་དགེ་སློང་ཁྱོད་ཅུང་ཟད་ཅིག་སྡོད་ཅིག་ཅེས་བོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱང་མ་ནས་ང་ནི། རྟག་ཏུ་སྡོད་ན། ཁྱོད་ཉིད་མི་སྡོད་དོ། །ཞེས་བཀའ་སྩལ་པ་དང༌། སོར་ཕྲེང་ཅན་གྱིས་ཇི་ལྟར་ན་ཁྱོད་ནི། སྡོད་ལ། ཁོ་བོ་ནི། མི་སྡོད་ཅེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་དབང་པོ་རྣམས་ནི། རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་གྱི་དབང་ཐོབ་པས་སྡོད་དོ། །ཁྱོད་ནི། སློབ་དཔོན་གྱིས་ལོག་པར་བསྟན་ཏེ། སྡིག་པ་ལ་ཡིད་ཆེས་ནས་ཁྱོད་ཀྱི་སེམས་ཀྱང་བསླུས་ཏེ་མི་སྡོད་པས། ཉིན་མཚན་དུ་གསོད་པའི་ལས་བྱེད་དེ། སྡིག་པ་མཐའ་མེད་པའི་ལས་བྱེད་དོ། །སོར་ཕྲེང་ཅན་གྱིས་ཐོས་པ་ཙམ་གྱིས་སེམས་ཀྱིས་རྟོགས་ཤིང་ཆུད་དེ་རལ་གྲི་ས་ལ་བོར་ནས་རྒྱང་མ་ནས་སྐྱབས་སུ་གསོལ་ལོ། །ཞེས་ཕྱག་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱང་དེར་གཞེས་ཏེ་སངས་རྒྱས་ཀྱི་སྐུར་སྤྲུལ་ནས་འོད་ཟེར་ལྷང་ངེ་ལྷམ་མེར་མཚན་སུམ་ཅུ་རྩ་གཉིས་ཀྱིས་གསལ་བར་བརྒྱན་པ་བསྟན་ཏོ། །སོར་ཕྲེང་ཅན་གྱིས་སངས་རྒྱས་ཀྱི་སྐུ་འོད་ཟེར་དང་མཚན་དུ་ལྡན་པ་མཐོང་ནས་ལུས་ས་ལ་བརྡབས་ཏེ་ཉེས་པ་མཐོལ་ཅིང་འགྱོད་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །དད་པས་རབ་ཏུ་འབྱུང་བར་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་བས་སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས། སེམས་ཀྱི་དྲི་མ་ཀུན་ཟད་ནས་དགྲ་བཅོམ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །

        དེའི་ཚེ་ཡུལ་དེ་ན་གནས་པའི་མི་ལ་སོགས་པ་སྲོག་ཆགས་ཐམས་ཅད་སོར་ཕྲེང་ཅན་གྱི་མིང་ཐོས་པ་ཙམ་གྱིས་མི་སྐྲག་པ་མེད་དེ། མི་དང་སྲོག་ཆགས་སྦྲུམ་མ་རྣམས་ཀྱང་སྐྲག་པས། བུ་བཙའ་བའི་ཐུགས་མི་ཐུབ་བོ། །དེའི་ཚེ་བལ་གླང་མོ་ཞིག་བུ་མི་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱིས་སོར་ཕྲེང་ཅན་ལ་བཀའ་སྩལ་པ། ཁྱོད་བལ་གླང་མོའི་དྲུང་དུ་སོང་ལ་འདི་སྐད་དུ་བདག་ཐོག་མ་སྐྱེས་ནས་ད་ཙམ་གྱི་བར་དུ་མི་གཅིག་ཀྱང་མ་བསད་དོ། །ཞེས་བདེན་པའི་ཚིག་སྨྲོས་ཤིག་ཅེས་བཀའ་སྩལ་པ་དང༌། སོར་ཕྲེང་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ནི། མི་ཡང་མང་དུ་བཀུམ་ན། ཇི་སྐད་དུ་མ་བཀུམ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི། འཕགས་པའི་ཆོས་ལས་སྐྱེས་མ་ཐག་པ་ཞེས་བྱའོ། །དེ་ནས་སོར་ཕྲེང་ཅན་གོས་ཚགས་བཅོས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་བལ་གླང་མོའི་དྲུང་དུ་སོང་སྟེ། དེ་སྐད་སྨྲས་པས་བདེ་བར་བཙས་ནས་སོར་ཕྲེང་ཅན་ཡང་ཕྱིར་གནས་སུ་འོངས་སོ། །རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་དང་བཅས་ཏེ་སོར་ཕྲེང་ཅན་འཛིན་དུ་ཆས་པ་ལས། དཔུང་གི་ཚོགས་འགྲོ་བའི་ལམ། རྒྱལ་བུ་རྒྱལ་བྱེད་ཀྱི་དྲུང་དུ་བྱུང་བས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་ལུས་ཐུང་ཞིང་མི་སྡུག་པ་དབྱངས་རབ་ཏུ་སྙན་པ་ཞིག་ཡོད་དེ། གཙུག་ལག་ཁང་ན་དབྱངས་བྱེད་པ་དཔུང་གི་ཚོགས་ཀྱིས་ཐོས་ནས་སྐྱོ་མི་ཞེས་བ་ཙམ་དུ་ཉན་འདོད་དོ། །གླང་པོ་ཆེ་དང༌། རྟ་ཡང་རྣ་བ་བཏུད་ནས་འགྲོར་མི་བཏུབ་པར་ཉན་ཏོ། །རྒྱལ་པོ་ཡ་མཚན་དུ་གྱུར་ཏེ། ཅིའི་ཕྱིར་གླང་པོ་ཆེ་དང་རྟ་ལ་སོགས་པ་འགྲོར་མི་བཏུབ་ཅེས་སྨྲས་པ་དང་དབྱངས་སྙན་པ་ཉན་འདོད་པའི་ཕྱིར་འགྲོར་མི་བཏུབ་བོ། །ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཡང་འདི་ལྟར་ཆོས་ཉན་པར་དགའ་ན། བདག་ཅག་མིའི་ནང་དུ་སྐྱེས་པ་ལྟ་ཅི་སྨོས་ཏེ། སྐད་ཅིག་མཉན་པར་བྱའོ། །ཞེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་གླང་པོ་ཆེ་ལས་བབས་ཏེ་རལ་གྲི་ཡང་དཀྲོལ། གདུགས་ཀྱང་བཞག་ནས་བཅོམ་ལྡན་འདས་གང་ན་བཞུགས་པའི་སྤྱན་སྔར་སོང་སྟེ་ཕྱིན་པ་དང༌། སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་དབྱངས་ཤིན་ཏུ་སྙན་པ་འདི་སུ་ལགས་ལྟ་བར་འཚལ་ཏེ། ཀཪྵ་པ་ཎ་སྟོང་ཕྲག་བརྒྱད་ཅུ་ཞིག་ཀྱང་འབུལ་ལོ། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔར་སྦྱིན་པ་བྱིན་པའི་འོག་ཏུ་ཕྲད་པར་བྱའོ། །གལ་ཏེ་སྔར་ཕྲད་ན། ཀཪྵ་པ་ཎ་གཅིག་ཙམ་ཡང་སྦྱིན་མི་འདོད་པར་འགྱུར་རོ། །

        དེ་ནས་རྒྱལ་པོ་དང་དགེ་སློང་དུ་ཕྲད་ནས་ཧ་ཅང་མི་སྡུག་ལ་ཐུང་ཆེས་པས། ཀཪྵ་པ་ཎ་གཅིག་ཙམ་ཡང་སྦྱིན་པའི་སེམས་མ་སྐྱེས་ཏེ། རྒྱལ་པོས་པུས་མོ་ས་ལ་བཙུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་འདིའི་ལུས་ཤིན་ཏུ་མི་སྡུག་ཅིང་ཐུང་ལ་དབྱངས་ཤིན་ཏུ་སྙན་པ་འདི་སྔོན་ལས་ཅི་ཞིག་བགྱིས་ན། འདི་ལྟ་བུའི་རྣམ་པར་སྨིན་པ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་བསྟན་པར་བྱའོ། །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་པའི་འོག་ཏུ་རྒྱལ་པོ་ཀྲྀ་ཀཱི་བྱི་ཞེས་བྱ་བས་རིང་བསྲེལ་བསྡུས་ཏེ་མཆོད་རྟེན་བརྩིགས་པར་བྱས་པ་ལས། ཀླུའི་རྒྱལ་པོ་བཞི་ཞིག་མིར་སྤྲུལ་ཏེ་རྒྱལ་པོའི་དྲུང་དུ་ལྷགས་ནས་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་རྩིག་པ་འདི་རིན་པོ་ཆེ་ལས་བགྱིའམ། ས་ལས་བགྱི་ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། མཆོད་རྟེན་ནི། ཆེན་པོར་རྩིག་དགོས་ན། རིན་པོ་ཆེ་མང་པོ་མད་པས་ས་ལས་བྱ་དགོས་ཏེ། གྲུ་བཞི་ངོས་གཅིག་ཀྱང་དཔག་ཚད་ལྔར་ཕྱིན་པ། འཕང་དུ་མཐོ་ཚད་དཔག་ཚད་ཉི་ཤུ་ཡོད་པ་ཀུན་ཏུ་སྣང་བ་ཞིག་རྩིག་དགོས་སོ། །ཀླུའི་རྒྱལ་པོ་དེ་བཞིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་བཞི་ནི། ཀླུའི་རྒྱལ་པོ་ཡིན་ཏེ། རྒྱལ་པོ་མཆོད་རྟེན་བྱེད་པས་བདག་ཅག་ཀྱང་རིན་པོ་ཆེ་གཏང་སྙམ་མོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། འདི་ལྟར་བསྟབ་པ་ལེགས་སོ། །ཞེས་སྨྲས་པ་དང༌། ཀླུ་རྣམས་ཀྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །གྲོང་ཁྱེར་གྱི་ངོས་བཞིའི་ཕྱི་རོལ་ན་ཆུ་མིག་ཆེན་པོ་བཞི་ཞིག་ཡོད་དེ། ཤར་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་ཕ་གུ་བྱས་ན། ཐམས་ཅད་བཻ་ཌཱུཪྻ་སྔོན་པོར་འགྱུར་རོ། །ལྷོ་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་ཕ་གུ་བྱས་ན། ཐམས་ཅད་གསེར་དུ་འགྱུར་རོ། །ནུབ་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་ཕ་གུ་བྱས་ན། ཐམས་ཅད་དངུལ་དུ་འགྱུར་རོ། །བྱང་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་ཕ་གུ་བྱས་ན། ཐམས་ཅད་ཤེལ་དཀར་པོར་འགྱུར་རོ། །ཞེས་སྨྲས་ཏེ། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པར་དགའ་མགུ་རངས་ཏེ་ངོས་བཞིའི་ལག་དཔོན་རེ་རེ་བསྐོས་ནས་ངོས་རེ་རེ་བྱེད་དུ་བཅུག་པ་ལས། ངོས་གསུམ་གྱི་ལག་དཔོན་གྱིས་མཆོད་རྟེན་ཟིན་དུ་ཉེ་བ་ཙམ་ན་ངོས་གཅིག་གི་ལག་དཔོན་གྱིས་ལེ་ལོ་བྱས་པས་ཟིན་དུ་མི་ཉེ་སྟེ། རྒྱལ་པོ་ཉིད་མཆོད་རྟེན་བྱེད་པ་ལ་བལྟར་འོངས་ནས་ལེ་ལོ་བྱས་པ་དེ་ལ་ཁྱོད་ཀྱིས་ལས་ལེགས་པར་མ་བྱས་པས་མ་ཟིན་ཏེ། ཆད་པས་གཅོད་དོ། །ཞེས་བསྒོ་བ་དང༌། མི་དེ་རྒྱལ་པོ་ལ་ཁྲོས་ནས་འདི་ལྟ་བུའི་མཆོད་རྟེན་ཧ་ཅང་ཐང་ཆེས་པ་འདི་ནམ་ཡང་མི་ཟིན་ནོ། །ཞེས་གསོལ་ཏོ། །

        དེ་ནས་རྒྱལ་པོས་ནན་ཏུར་བསྐྱེད་པས་ཀུན་གྱིས་ཉིན་མཚན་བརྩོན་འགྲུས་བྱས་ནས་དུས་གཅིག་ཏུ་གཅིག་ཅར་ཟིན་ཏོ། །མཆོད་རྟེན་ངོ་མཚར་དུ་མཐོང་ལ་རིན་པོ་ཆེ་རྣམས་འཚེར་ཞིང་དབྱིབས་ཀྱང་ལྷག་པར་ལེགས་པས། ལག་དཔོན་ཁྲོས་པ་ཡང་ཤིན་ཏུ་དགའ་ནས་སྔར་ཉེས་པ་རྣམས་འགྱོད་ཅིང་བཤགས་ཏེ་གསེར་གྱི་དྲིལ་བུ་གཅིག་མཆོད་རྟེན་གྱི་རྩེ་མོ་ལ་བཏགས་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གང་ནས་གང་དུ་སྐྱེས་ཀྱང་སྒྲ་སྐད་ཤིན་ཏུ་སྙན་ཅིང་འགྲོ་བ་ཐམས་ཅད་ཐོས་པ་དང་དགའ་བར་ཤོག་ཅིག །མ་འོངས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཕྲད་དེ་འཁོར་བ་ལས་རྣམ་པར་གྲོལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་ངོས་གཅིག་གི་ལག་དཔོན་མཆོད་རྟེན་ཧ་ཅང་ཆེས་སོ། །ཞེས་ཁྲོས་པ་དེ་ནི། དགེ་སློང་འདི་ཡིན་ཏེ། དེའི་ཚེ་ཁྲོས་བཞིན་དུ་མཆོད་རྟེན་ཧ་ཅང་ཆེས་སོ། །ཞེས་སྨྲས་པ་ཙམ་གྱིས་རྟག་ཏུ་ལུས་ཐུང་ལ་མི་སྡུག་པར་གྱུར་ཏོ། །ཕྱིས་དགའ་བའི་སེམས་ཀྱིས་དྲིལ་བུ་ཕུལ་ནས་མཆོད་རྟེན་ལ་བཏགས་ཏེ་སྒྲ་སྐད་སྙན་པ་དང༌། ང་དང་ཕྲད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས་སྐྱེ་བ་ལྔ་བརྒྱའི་བར་དུ་སྒྲ་སྐད་རབ་ཏུ་སྙན་ཏེ་ད་འདིར་ང་དང་ཕྲད་ནས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །རྒྱལ་པོས་དེ་སྐད་ཅེས་གསུངས་པ་ཐོས་ནས་ཕྱིར་འགྲོ་བར་ཆེས་པ་ལས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ། ཁྱོད་གར་འགྲོ་ཞེས་བཀའ་སྩལ་པ་དང༌། རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །ཡུལ་འདི་ན་དགྲ་མ་རུངས་པ་སོར་ཕྲེང་ཅན་ཞེས་བགྱི་བ། མི་ཀུན་བསད་ནས་མ་འོས་པར་གནོད་པར་བགྱིད་པས། བདག་ཅག་དེ་ལ་དམག་རྒོལ་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་ཕྲེང་ཅན་ནི། ད་ལྟར་གྲོག་སྦུར་ཡང་མི་གསོད་ན། གཞན་གསོད་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱལ་པོ་དེས་ད་ཙམ་བཅོམ་ལྡན་འདས་ཀྱིས་མ་བཏུལ་ལམ་སྙམ་བསམས་པ་དང༌།བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སོར་ཕྲེང་ཅན་ནི། ད་ལྟར་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ་ཉེས་པའི་སྐྱོན་ཐམས་ཅད་ཟད་ནས་ད་ལྟར་གནས་ཁང་ན་འདུག་གོ །རྒྱལ་པོ་དེ་དང་ཕྲད་པར་འདོད་ན། དེ་དང་སྦྲད་དོ། །ཞེས་བཀའ་སྩལ་ཏེ། སོར་ཕྲེང་ཅན་གྱི་གནས་ཁང་གི་སྒོར་ཕྱིན་ནས་དགེ་སློང་སོར་ཕྲེང་ཅན་གནས་ཁང་གི་ནང་ན་ལུད་པ་བསལ་བའི་སྒྲ་ཕྱུང་བ་ཐོས་པ་ཙམ་གྱིས་སྔར་མི་མང་པོ་བསད་པ་དྲན་ཏེ་རྒྱལ་པོ་འཇིགས་སྐྲག་ནས་འཁམས་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རིང་ཞིག་ལོན་པ་དང༌། ཕྱིར་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཇི་ལྟར་འཁམས་པ་བཅོམ་ལྡན་འདས་ལ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ལེགས་པར་ཉོན་ཅིག་དང༌། སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་ན་བྱ་ཤིན་ཏུ་གདུག་པ་ཞིག་ཡོད་དེ། ཟས་སུ་ཡང་སྲིན་བུ་གདུག་པ་འབའ་ཞིག་ཟའོ། །ལུས་ཀྱང་ཤིན་ཏུ་གདུག་པས་རེག་གམ་ཉེར་ཡང་མི་བཟོད་དེ། གར་འཕུར་ཞིང་འགྲོ་བའི་དུས་ན་སེམས་ཅན་ཡོད་པ་ཀུན་ཡང་དོག་ལ། ཤིང་ཡང་ཀུན་ཏུ་སྐམ་པར་འགྱུར་རོ། །དེའི་ཚེ་བྱ་གདུག་པ་དེ་ཚལ་ཞིག་གི་ནང་དུ་ཕྱིན་ནས་ཤིང་ཁར་འདུག་སྟེ་སྐད་ཕྱུང་བ་ལས་དེའི་ཚེ་ཤིང་དེའི་དྲུང་ན་གླང་པོ་ཆེའི་རྒྱལ་པོ་ཞིག་ཡོད་དེ། བྱ་གདུག་པའི་སྐད་ཐོས་པ་ཙམ་གྱིས་འཁམས་ནས་ས་ལ་འགྱེལ་ཏོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་བྱ་གདུག་པ་དེ་ནི། ད་ལྟར་གྱི་སོར་ཕྲེང་ཅན་ཡན་ནོ། །གླང་པོ་ཆེའི་རྒྱལ་པོ་དེ་ནི། རྒྱལ་པོ་ཉིད་ཡིན་ནོ། །བཅོམ་ལྡན་འདས། སོར་ཕྲེང་ཅན་འདི་ནི། ཁྲོ་གཏུམ་པས་སེམས་ཅན་དེ་སྙེད་ཅིག་བསད་དེ། ད་བཅོམ་ལྡན་འདས་ཀྱིས་དགེ་བ་ལ་བཞག་གོ །

        བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དགེ་སློང་སོར་ཕྲེང་ཅན་འདི་ད་ལྟར་གྱི་དུས་འབའ་ཞིག་ན་མི་མང་པོ་བསད་དེ་ངས་བཏུལ་བར་མ་ཟད་དེ། སྔོན་འདས་པའི་དུས་ན་ཡང་སོར་ཕྲེང་ཅན་གྱིས་མི་འདི་དག་ཀུན་བསད་པ་ལས་ངས་བཏུལ་ཏེ་དགེ་བ་སེམས་པར་གྱུར་ཏོ། །རྒྱལ་པོས་ཡང་གསོལ་པ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཡང་འདི་དག་བསད་པ་དང༌། བཅོམ་ལྡན་འདས་ཀྱིས་བཏུལ་བའི་དངོས་པོ་རྣམ་པར་བྱེ་སྟེ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་ན་རྒྱལ་པོ་བ་ལ་མདར་ཞེས་བྱ་བ་ཞིག་བྱུང་ངོ༌། །དེའི་ཚེ་རྒྱལ་པོ་དེ་དཔུང་རྣམ་བཞི་དང་བཅས་ཏེ་ཚལ་གྱི་ནང་དུ་རྩེར་སོང་སོང་བ་ལས། རི་དྭགས་དང་ཕྲད་དེ་རི་དྭགས་ཀྱི་ཕྱི་བཞིན་རྒྱུག་རྒྱུག་པ་ནས་དེའི་ཚེ་རྒྱལ་པོ་དེ་ངལ་ནས་རྟ་ལས་བབས་ཏེ་འདུག་པ་ལས་ནས་དེའི་ཚེ་རྒྱལ་པོ་དེ་ངལ་ནས་རྟ་ལས་བབས་ཏེ་འདུག་པ་ལས་ཚལ་སྟུག་པོ་དེའི་ནང་ན་སེངྒེ་མོ་ཞིག་གནས་པ་འདོད་ཆགས་ཀྱིས་ཉེན་ནས་སོང་སོང་བ་ལས་ཚལ་གྱི་ནང་ན་རྒྱལ་པོ་གཅིག་པུ་འདུག་པ་དང་ཕྲད་ནས་སེངྒེ་མོ་ལྷག་པར་འདོད་ཆགས་སྐྱེས་ཏེ་རྒྱལ་པོ་ལ་བསྙེན་ནས་མཇུག་མ་བཏེག་སྟེ་སྙེགས་སོ། །རྒྱལ་པོས་ཀྱང་འདོད་ཆགས་སྐྱེས་པར་རིག་ནས་འདི་སྙམ་དུ་བསམས་སོ། །འདི་ནི། གཅན་གཟན་ཁྲོ་བ་ཡིན་ཏེ། བདག་བསད་པའི་མཐུ་ཡང་ཡོད་པས་གལ་ཏེ་ཡིད་བཞིན་དུ་མ་བྱས་ན། བདག་གི་སྲོག་ལ་འབབ་བོ་སྙམ་ནས་སྐྲག་བཞིན་དུ་སེངྒེ་མོ་ལ་འདོད་པ་སྤྱད་དོ། །དེ་ནས་སེངྒེ་མོ་ཕྱིར་སོང་བའི་འོག་ཏུ་གཡོག་རྣམས་ཀྱང་ལྷགས་ཏེ་རྒྱལ་པོ་བསུས་ཏེ་ཕོ་བྲང་དུ་ཁྲིད་དོ། །དེའི་ཚེ་སེངྒེ་མོ་དེ་སྦྲུམ་པར་གྱུར་ཏེ་ཟླ་བ་ཚང་ནས་བུ་ཞིག་བྱུང་ན། ལུས་གཟུགས་ནི། ཐམས་ཅད་མི་དང་འདྲ་སྟེ། རྐང་པ་འབའ་ཞིག་ཁྲ་བོར་འདུག་གོ །སེངྒེ་མོས་ཀྱང་རྒྱལ་པོའི་བུ་ཡིན་པར་དྲན་ནས་རྒྱབ་ཏུ་བཀལ་ཏེ་རྒྱལ་པོའི་ཐད་དུ་བསྐྱལ་ལོ། །རྒྱལ་པོས་ཀྱང་བདག་གི་བུ་ཡིན་པར་གསོས་བསྐྱེད་ནས་དེའི་རྐང་པ་བཀྲ་བའི་ཕྱིར་མིང་ཡང་རྐང་བཀྲ་ཞེས་བཏགས་སོ། །གསོས་བསྐྱེད་དེ་ཚད་དུ་ཕྱིན་པར་སྐྱེས་པ་དང༌། ཤིན་ཏུ་དཔའ་ཞིང་རྟུལ་ཕོད་པར་སྐྱེས་སོ། །ཕ་རྒྱལ་པོ་ཚེ་འཕོས་པའི་འོག་ཏུ་རྒྱལ་པོའི་དབང་ཐོབ་ནས་བཙུན་མོ་གཉིས་བླངས་སོ། །

        དེ་ལ་བཙུན་མོ་གཅིག་ནི། རྒྱལ་རིགས་སོ། །གཅིག་ནི། བྲམ་ཟེའི་རིགས་སོ། །ཕྱིས་རྐང་བཀྲ་དེ་སྐྱེད་མྶོ་ཚལ་དུ་འཆག་ཏུ་སོང་ནས་བཙུན་མོ་གཉིས་ལ་འདི་སྐད་ཅེས་བསྒོའོ། །བཙུན་མོ་ཁྱོད་གཉིས་ལས་གང་ངའི་ཕྱི་བཞིན་མགྱོགས་པར་འོངས་ཏེ་གང་ང་དང་སྔར་ཕྲད་པ་དེ་ལ་ནི། ཉི་མ་གཅིག་གི་བར་དུ་རྩེ་དགའ་ཞིང་ཡོངས་སུ་སྤྱད་དོ། །གང་ཕྱིས་འོངས་པ་དེ་ནི། ང་དང་ཕྲད་དུ་མི་འདོད་དོ། །ཞེས་བསྒོས་ནས་རྒྱལ་པོ་དེ་སོང་བའི་འོག་ཏུ་བཙུན་མོ་གཉིས་ཀྱང་རྒྱན་གྱིས་བརྒྱན་ཏེ་བཞོན་པ་བཤམས་ནས་དུས་གཅིག་ཏུ་ཆས་སོ། །ལམ་བྱི་བར་ན་ལྷའི་རྟེན་ཞིག་ཡོད་པ་ལ་བཙུན་མོ་བྲམ་ཟེའི་རིགས་ཅན་བཞོན་པ་ལས་བབས་ཏེ་ཕྱག་བྱས་ནས་མྱུར་དུ་སོང་བ་ལས་འཕྱིས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཀྱང་སྔར་སྨྲས་པ་བཞིན་དུ་མ་བསྟེན་ཏོ། །དེ་ནས་བཙུན་མོ་དེ་ཞེ་སྡང་སྐྱེས་ནས་ལྷ་ལ་ཁྲོས་ཏེ་བདག་ནི། ཁྱོད་ལ་ཕྱག་འཚལ་བའི་བར་དུ་འཕྱིས་ནས་རྒྱལ་པོས་མ་འདོད་དོ། །གལ་ཏེ་ལྷ་ཁྱོད་ལ་མཐུ་ཞིག་ཡོད་ཡང་དག་ན། ཅིའི་ཕྱིར་ངའི་མགོན་དང་སྐྱབས་མི་བྱེད་ཅེས་ཤིན་ཏུ་ཁྲོས་རྔམ་ནས་ཡིད་ལ་འདི་སྙམ་དུ་གནོད་པར་བྱ་བར་བསམས་སོ། །རྒྱལ་པོ་དེའི་ཕྱིར་ཕོ་བྲང་དུ་འོངས་ནས་བཙུན་མོས་འདི་སྐད་ཅེས་གསོལ་ཏོ། །བདག་ཉི་མ་གཅིག་ཅིག་ཅི་དགའ་བར་བགྱིད་དུ་གནང་བར་དབང་བསྐུར་ཅིག་ཅེས་གསོལ་པ་དང༌། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ༌། །ཞེས་བསྒོ་བ་དང༌། མི་མང་པོ་བསྡོགས་ཏེ་ལྷའི་རྟེན་བཅོམ་ནས་ས་ཡང་བསྙམས་སོ། །དེ་ནས་ལྷའི་རྟེན་སྲུང་བའི་ལྷ་དེ་ཤིན་ཏུ་མི་དགའ་སྟེ་འཁྲུགས་ནས་རྒྱལ་པོ་ལ་གནོད་པར་བྱ་བར་བསམས་ཏེ་ཕོ་བྲང་གི་ནང་དུ་སོང་བ་ལས་ཕོ་བྲང་སྲུང་བའི་ལྷ་དེས་ནང་དུ་མ་བཏང་ངོ༌། །

        དེའི་ཚེ་ན་དྲང་སྲོང་གཅིག་ཅིག་རི་དྲང་སྲོང་ལྷགས་ཞེས་བྱ་བ་ལ་གནས་ཏེ་རྒྱལ་པོ་རྐང་བཀྲ་དྲང་སྲོང་དེ་ལ་མཆོད་པ་བྱེད་པས་ཉིན་གཅིག་བཞིན་དུ་ནམ་མཁའ་ལ་འཕུར་ཞིང་ཕོ་བྲང་དུ་འོངས་ཏེ། ཟས་བཟང་པོ་ནི། མི་འདོད་ཀྱི། ཟས་ཐ་མལ་པ་ཙམ་ཟོས་ནས་ཕྱིར་འགྲོའོ། །ཉི་མ་གཅིག་ཅིག་དྲང་སྲོང་དེ་མི་འོང་བར་ལྷ་དེས་ཤེས་པས། དྲང་སྲོང་གི་ལུས་སུ་སྤྲུལ་ཏེ་ཕོ་བྲང་གི་ནང་དུ་འགྲོ་བར་བསམས་པ་ལས། ཕོ་བྲང་སྲུང་བའི་ལྷས་ཤེས་ནས་ནང་དུ་མ་བཏང་བ་དང༌། སྒོ་ནས་བོས་ཏེ་ནང་དུ་མི་སྟེར་རོ། །ཞེས་བྱས་པ་དང༌། རྒྱལ་པོས་ཐོས་ནས་དྲང་སྲོང་ཕྱི་རོལ་ནས་འབོད་པ་མྱུར་དུ་ནང་དུ་ཐོང་ཞིག་ཅེས་བཀའ་སྩལ་པ་དང༌། ཕོ་བྲང་སྲུང་བའི་ལྷས་ཀྱང་རྒྱལ་པོའི་བཀའ་བཞིན་དུ་མ་བཀག་སྟེ་ནང་དུ་བཏང་ངོ༌། །ནང་དུ་འོངས་པ་དང་དྲང་སྲོང་གི་སྟན་ལ་འདུག་ནས་རྒྱལ་པོས་ཀྱང་རྟག་ཏུ་ཁ་ཟས་ཅི་ཟ་བ་ཙམ་སྦྱར་ཏེ་ཕུལ་ལོ། །དེའི་ཚེ་ན་དྲང་སྲོང་སྦྲུལ་པ་དེ་ཁ་ཟས་ཟར་མ་བཏུབ་ནས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཁ་ཟས་འདི་ནི། ངན་ཆེས་ཀྱི། ཤ་དང་ཉ་ཤ་མེད་ན་མི་ཟའོ། །ཞེས་སྨྲས་པ་དང༌། རྒྱལ་པོས་ཀྱང་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་སྔོན་ཆད་ནི། ཁ་ཟས་ཐ་མལ་པ་ཟ་བས་ན། ཤ་དང་ཉ་མ་སྦྱར་བ་ཡིན་ནོ། །དྲང་སྲོང་སྦྲུལ་པས་སྨྲས་པ། ད་ཕྱིན་ཆད་ནི། ཁ་ཟས་ངན་པ་འདི་དག་མི་འདོད་ཀྱི། ཤ་དང་ཉ་སྦྱོར་ཅིག་ཅེས་སྨྲས་ནས་སོང་ངོ༌། །དེ་ནས་རྒྱལ་པོས་ཀྱང་དྲང་སྲོང་སྤྲུལ་པས་སྨྲས་པ་བཞིན་དུ་ཤ་དང་ཉ་སྦྱར་ནས་ཕྱི་ཉིན་དྲང་སྲོང་རྙིང་པ་འོངས་པ་ལ་ཕུལ་ལོ། །དྲང་སྲོང་དེ་ཞེ་སྡང་སྐྱེས་ཏེ་རྒྱལ་པོ་དེ་ལ་ཁྲོས་པ་དང༌། རྒྱལ་པོས་ཀྱང་དྲང་སྲོང་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁ་སྩང་འོངས་པ་ན་ཁ་ཟས་འདི་ལྟ་བུ་སྦྱོར་ཅིག་ཅེས་མ་བསྒོས་སམ། དྲང་སྲོང་གིས་སྨྲས་པ། ཁར་སྩང་ན་བས་ཉི་མ་གཅིག་ཟན་བཅད་དེ་མ་འོངས་པ་ཡིན་ན། དེ་སྐད་ཅེས་སུས་བསྒོས། ཁྱོད་ཀྱིས་ང་ལ་བརྙེས་པས་འདི་ལྟ་བུར་བྱས་པ་མ་ཡིན་གྱི། རྒྱལ་པོ་ཁྱོད་ལོ་བཅུ་གཉིས་བར་དུ་མི་ཤ་འབའ་ཞིག་ཟ་བར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ༌། །

        དེ་ནས་ཉིན་གཅིག་རྒྱལ་པོའི་གཡོས་མཁན་གྱིས་ཤ་མ་འབྱོར་ནས་འཕྲལ་དུ་ཤ་གཞན་མ་རྙེད་དེ་བྱིས་པའི་རོ་ཞིག་དང་ཕྲད་ནས་ཤ་འདི་ཡང་རུང་ངོ་སྙམ་བསམས་ཏེ་མགོ་དང་རྐང་ལག་བཅད་ནས་གཡོས་སུ་བྱས་ཏེ་སྦོས་སྣ་ཚོགས་ཀྱིས་བཏབ་ནས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ཀྱང་ཤ་དེ་ཟོས་ནས་སྔོན་གྱི་ཤ་བས་ལྷག་པར་ཞིམ་མོ། །ཞེས་གཡོས་མཁན་ལ་སྔོན་ཆད་ཀྱི་ཤ་འདི་ལྟ་བུའི་རོ་མེད་དོ། །ཤ་འདི་ནི། ལྷག་པར་ཞིམ་ན་ཅིའི་ཤ་ཞེས་དྲིས་པ་དང༌། གཡོས་མཁན་སྐྲག་ནས་ལྟོ་བ་ས་ལ་ཕབ་སྟེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་རྒྱལ་པོས་གྱོད་མི་རྨོ་ན། དྲང་པོར་གསོལ་ལོ། །ཞེས་སྨྲས་པ་དང༌། རྒྱལ་པོས་ཀྱང་ཁྱོད་ཀྱིས་དྲང་པོར་སྨྲས་ནི། གྱོད་མི་རྨའོ་ཞེས་བསྒོའོ། །གཡོས་མཁན་གྱིས་སྨྲས་པ། བདག་ཅག་གིས་འཕྲལ་ལ་ཤ་གཞན་བརྟས་ཕས་མ་རྙེད་དེ། བྱིས་པ་ཆུང་དུ་གུམ་པའི་རོ་ཞིག་རྙེད་དེ། དེ་གཡོས་སུ་བགྱིས་ཏེ་གསོལ་པ་ལས་རྒྱལ་པོས་མཁྱེན་པར་གྱུར་ཏོ། །རྒྱལ་པོས་བསྒོ་བ། ཤ་འདི་ནི། ལྷག་པར་ཞིམ་གྱི། ད་ཕན་ཆད་ཤ་འདི་ལྟ་བུ་རྟག་ཏུ་སྦྱོར་ཅིག་ཅེས་བསྒོ་བ་དང་གཡོས་མཁན་གྱིས་འདི་སྐད་ཅེས་གསོལ་ཏོ། །སྔར་ནི། བྱིས་པ་གུམ་པའི་རོ་ཞིག་རྙེད་དེ་གཡོས་སུ་བྱས་པ་ལགས་ཀྱི། འདི་ལས་ནི། མི་རྙེད་དོ། །ཞེས་གསོལ་པ་དང༌། རྒྱལ་པོས་ཡང་བསྒོ་བ། ད་ཕྱིན་ཆད་ཀྱང་ཁྱེད་ཀྱིས་གསང་ཐུབ་ཅིང་གཞན་གྱིས་མཚོར་བར་ལོངས་ཤིག་དང༌། ང་ལ་དབང་ཡོད་དོ། །ཞེས་བསྒོའོ། །གཡོས་མཁན་གྱིས་ཀྱང་རྒྱལ་པོས་བསྒོ་བ་བཞིན་དུ་མཚན་མོ་གསང་སྟེ་བརྐུས་ནས་བསད་དེ་ཉིན་གཅིག་བཞིན་དུ་གཡོས་སུ་བྱས་སོ། །དེའི་ཚེ་ན་གྲོང་ཁྱེར་དེའི་མི་དག་ཕལ་ཆེར་ཆོ་ངེས་འདེབས་ཤིང༌།བུ་སྟོར་ཏོ། །ཞེས་གཅིག་ནས་གཅིག་ཏུ་བསྒྲགས་ཏེ། ཅིའི་ཕྱིར་འདི་ལྟར་གྱུར་ཅེས་བློན་པོ་རྣམས་འདུས་ཏེ་བསྒོས་ནས་མཚན་མོ་ལམ་སྲང་མདོར་མེལ་ཚེ་བྱས་ཏེ་བལྟས་ན། རྒྱལ་པོའི་གཡོས་མཁན་གྱིས་བུ་ཆུང་དུ་བརྐུས་ཏེ་ཁྱེར་བ་ཟིན་ནས་བཅིངས་ཏེ་རྒྱལ་པོའི་སྤྱན་སྔར་ཁྲིད་ནས་སྔ་ཕྱིར་བུ་ཆུང་འདི་སྙེད་ཅིག་སྟོར་ཏོ། །ཞེས་གསོལ་པ་དང༌། རྒྱལ་པོ་ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་གསོལ་ཀྱང་མི་སྨྲ་བ་ལས། ད་བདག་ཅག་གིས་ཉེས་པ་བྱེད་བྱེད་པ་ཟིན་ཏེ་ཉེས་པར་མངོན་ན། ཞལ་ཆེ་གཅད་པའི་རིགས་ཀྱི། མི་སྨྲ་བའི་མི་རིགས་སོ། །ཞེས་གསོལ་པ་དང༌། རྒྱལ་པོས་ངས་བསྒོ་བ་ཡིན་ནོ། །ཞེས་སྨྲས་སོ། །

        དེ་ནས་བློན་པོ་རྣམས་མི་དགའ་སྟེ་འཁོན་དུ་བཟུང་ནས་སོ་སོར་དོང་ངོ༌། །ཕྱི་རོལ་ཏུ་ཕྱིན་པ་དང༌། གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོས་ནི། བདག་ཅག་ལ་སོགས་པའི་བུ་ཀུན་ཟོས་པས་དགྲ་ཡིན་ཏེ། མི་ཤ་ཟ་བའི་རྒྱལ་པོ་དང་ལྷན་ཅིག་སྲིད་ཅིག་ཏུ་བྱར་མི་རུང་གི །གནོད་པར་འགྱུར་བའི་དག་འདི་ལྟ་བུ་ནི། མེད་པར་བྱ་བའི་རིགས་སོ། །ཞེས་ཐམས་ཅད་གྲོས་མཐུན་པར་རྒྱལ་པོ་གསོད་པའི་གྲོས་བྱས་སོ། །གྲོང་ཁྱེར་དེའི་ཕྱི་རོལ་ན་སྐྱེད་མོས་ཚལ་ཞིག་ཡོད་དེ། དེ་ན་རྫིང་བུ་ཞིག་ཡོད་པའི་ནང་ན་རྒྱལ་པོ་ཉིན་གཅིག་བཞིན་དུ་ཁྲུས་བྱེད་དུ་འགྲོ་བ་ལས། བློན་པོ་རྣམས་ཀྱིས་སྐྱེད་མོས་ཚལ་གྱི་ནང་དུ་དཔུང་གི་ཚོགས་སྦས་ནས་རྒྱལ་པོ་རྫིང་བུར་ཞུགས་ཏེ་ཁྲུས་བྱེད་པ་ན་དབུང་གི་ཚོགས་མང་པོས་བསྐོར་ནས་བཟུང་སྟེ་གསད་པར་བྱས་པ་ལས། རྒྱལ་པོ་དེ་སྐྲག་ནས་དཔུང་གི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱེད་ཀྱིས་ང་ལ་བསྐོར་ཏེ་འཛིན་དུ་རྒོལ་ཞེས་བྱས་པ་དང༌། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཞེས་བྱ་བ་ནི། འབངས་མང་པོ་གསོ་བ་ཡིན་ན། རྒྱལ་པོས་འབངས་ཀྱི་བུ་ཀུན་ཟོས་པས། འབངས་ཐམས་ཅད་གནས་མེད་པར་གྱུར་ཏེ་སྡུག་བསྔལ་མི་བཟོད་པས། ད་རྒྱལ་པོ་ཁྱོད་གསད་དོ། །རྒྱལ་པོས་སྨྲས་པ། འདི་ལྟར་བྱས་པ་ངས་ནི། ཉེས་མོད་ཀྱི། ད་ཕྱིན་ཆད་འདི་ལྟར་མི་བྱའི། འདིའི་ཚེ་གཏང་དུ་རུང་ངམ་མི་རུང་ཞེས་བསྒོ་བ་དང༌། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གནམ་ལས་ཁ་བ་ནག་པོ་བབ་བམ། ཁྱོད་ཀྱི་མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་གཏང་བ་མེད་ཀྱི། ད་མ་སྨྲ་ཞིག། རྒྱལ་པོ་རྐང་བཀྲས་ཀྱང་བློན་པོས་སྨྲས་པའི་ཚིག་ཐོས་ནས་ད་ནི། གདོན་མི་ཟ་བར་སྲོག་དང་འབྲལ་ལོ་སྙམ་སྟེ་ཡང་བློན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ད་ནི། ཁྱེད་ཀྱིས་གསད་པར་ནི་ཆད་ན། སྐད་ཅིག་ཁོ་ན་ཞིག་ཁོ་བོ་བདེ་བར་སེམས་སུ་ཆུག་ལ་གདོད་སོད་ཅིག་ཅེས་བསྒོའོ། །

        དེ་ནས་བློན་པོས་ཀྱང་ཅུང་ཟད་བསྡད་དེ་སེམས་སུ་བཅུག་པ་དང༌། རྒྱལ་པོ་དེས་ཡིད་ལ་འདི་སྙམ་དུ་དམ་བཅས་སོ། །བདག་གིས་སྔོན་ཆད་དགེ་བ་ཅི་བྱས་པ་དང༌། རྒྱལ་པོའི་སྲིད་ཆོས་བཞིན་བྱས་པ་དང༌། དྲང་སྲོང་ལ་སྦྱིན་པ་བྱས་པའི་བསོད་ནམས་ཅི་ཡོད་པ་ཐམས་ཅད་ཀྱི་མཐུས་ནམ་མཁའ་ལ་འཕུར་བའི་སྲིན་པོར་གྱུར་ཅིག་ཅེས་བསྔོས་ཏེ་དེ་སྐད་ཅེས་སྨྲས་ནས་བསྡོས་མ་ཐག་ཏུ་སྲིན་པོར་གྱུར་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ནས་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱི་མཐུས་བསྡོངས་ཏེ་ང་ལ་གསད་པར་བྱས་ཀྱང་ངའི་བསོད་ནམས་ཀྱིས་རང་སོས་པར་གྱུར་ཏེ་ད་ཕྱིན་ཆད་ནི། ཁྱེད་བཟོད་པར་བྱོས་ཤིག །ཁྱེད་ཀྱི་ཆུང་མ་དང་བུ་གང་སྡུག་ཅིང་ཕངས་པ་བཟའ་བར་བྱའོ། །ཞེས་སྨྲས་ནས་འཕུར་ཏེ་རི་ལ་བབས་ནས་ཕྱིན་ཆད་མིའི་ནང་དུ་མི་ཟ་བར་གྱུར་ཏོ། །མི་མང་པོ་ཡང་འཇིགས་སྐྲག་ནས་རྟག་ཏུ་འཁྲས་ཤིང་གབ་བོ། །དེ་ནས་སྲིན་པོ་མི་ལ་ཟ་ཞིང་སྲིན་པོ་མང་དུ་བསྡོངས་ནས་འཁོར་དང་གཡོག་ཀྱང་མང་བར་གྱུར་ཏེ། ཕྱིས་སྲིན་པོའི་འཁོར་རྣམས་ཀྱིས་སྲིན་པོ་རྐང་བཀྲ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི། ཁྱོད་ཀྱི་འཁོར་དང་གཡོག་ཏུ་གྱུར་ན། བདག་ཅག་ལ་སྟོན་མོ་ཆེན་པོ་ཞིག་བྱིན་ཅིག་ཅེས་གསོལ་པ་དང༌། སྲིན་པོ་རྐང་བཀྲས་ཀྱང་དེ་བཞིན་གནང་ནས་རྒྱལ་པོ་ལྔ་བརྒྱ་བསད་དེ་སྟོན་མོ་བྱ་བར་བགྲོས་ནས་སོ་སོ་ནས་རྒྱལ་པོ་བླངས་ཏེ་བྲག་ཕུག་ཏུ་བཅུག་གོ །བཞི་བརྒྱ་དགུ་བཅུ་རྩ་དགུ་ནི། རྙེད་ཀྱི། རྒྱལ་པོ་གཅིག་མ་ཚང་བ་ལས་རྒྱལ་པོ་དེ་དག་བྲག་ཕུག་ན་གཅིག་ལ་གཅིག་འདི་སྐད་ཅེས་སྨྲའོ། །བདག་ཅག་ནི། ད་ཕོངས་ཏེ་སྐྱབས་སུ་འགྱུར་བ་ཡང་མེད་ན། གལ་ཏེ་སུ་ཏ་སོ་མ་ཐབས་དང་ལྡན་པ་དེ་འདིར་འོངས་ན་བདག་ཅག་ཐར་ཀྱང་སྲིད་ཀྱི། སུ་ཏ་སོ་མ་འདིར་འོངས་པར་སྲིན་པོ་ལ་གསོལ་བར་བྱའོ། །ཞེས་བགྲོས་ནས་སྲིན་པོའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བོ་ཁྱོད་སྟོན་མོ་མཛད་ན། བདག་ཅག་མིའི་རྒྱལ་པོ་འབའ་ཞིག་བསད་དེ་སྟོན་མོ་བྱས་པས། སྟོན་མོ་བཟང་པོར་མི་འགྱུར་གྱི། སུ་ཏ་སོ་མ་ཞེས་བགྱི་བ་ཡོན་ཏན་ཆེན་པོ་དང་ལྡན་ཏེ། དེ་རྙེད་ན་འདོད་སྟོན་མོ་བཟང་བོར་འགྱུར་རོ། །ཞེས་གསོལ་པ་དང༌།སྲིན་པོའི་རྒྱལ་པོས་འདི་ལྟ་བུ་ཞིག་ཅི་དཀའ་ཞེས་སྨྲས་ནས་ནམ་མཁའ་ལ་འཕུར་ཏེ་སུ་ཏ་སོ་མ་ལེན་དུ་སོང་ངོ༌། །

        དེའི་ཚེ་ན་སུ་ཏ་སོ་མ་བུ་མོ་གཞོན་ནུ་དང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཁྲུས་བྱེད་དུ་འགྲོ་བ་ལས་ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ་སྦྱིན་པར་བྱས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ད་ཁྲུས་ཤིག་བྱེད་དུ་འགྲོ་སྟེ། ཕྱིར་ལོག་ནས་སྦྱིན་པར་བྱའོ། །ཞེས་སྨྲས་ནས་ཁྲུས་བྱེད་དུ་སོང་བ་ལས། ཁྲུས་བྱེད་པ་ན་སྲིན་པོའི་རྒྱལ་པོ་འོངས་ཏེ་བྲག་ཕུག་ཏུ་ཁྱེར་རོ། །དེའི་ཚེ་ན་སུ་ཏ་སོ་མ་མ་དགའ་སྟེ་དུས་པ་དང༌།རྐང་བཀྲས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི། གཞན་པས་ལྷག་པར་ཡོན་ཏན་དང་ལྡན་པའི་མཆོག་གོ་ཞེ་ན། སྐྱེས་བུ་ཆེན་པོ་ནི། ཅིས་ཀྱང་མི་སྐྲག་པ་ཡིན་ན། ཅིའི་ཕྱིར་མི་དགའ་སྟེ་བྱིས་པ་ཆུང་དུ་ལྟར་དུ་ཞེས་སྨྲས་སོ། །སུ་ཏ་སོ་མས་སྲིན་པོ་ལ་སྨྲས་པ། བདག་ལུས་ལ་ཆགས་ཤིང་སྲིན་པོའི་འཇིགས་པས་མི་དགའ་བ་མ་ཡིན་གྱི། བདག་ནི།ཐོག་མ་ནས་རྫུན་སྨྲ་མ་མྱོང་ན། ད་ཅི་ཁྲུས་ལ་འགྲོ་བའི་ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ། བདག་གིས་ཀྱང་ཁྲུས་བྱས་ནས་ཕྱིར་ལོག་སྟེ་སྦྱིན་པ་སྦྱིན་ནོ། །ཞེས་སྨྲས་ནས་ཁྲུས་བྱེད་དུ་སོང་བ་ལས། རྒྱལ་པོ་ཁྱོད་ཀྱིས་བདག་འདིར་ཁྱེར་ཏེ་འོངས་པས་བདག་གིས་རྫུན་སྨྲས་སོ་སྙམ་སྟེ་མི་དགའི། ལུས་དང་སྲོག་ལ་ཆགས་པ་ནི། མ་ཡིན་ནོ། །རྒྱལ་པོ་ཁྱོད་བདག་ལ་ཐུགས་བརྩེ་བའི་ཕྱིར་ཞག་བདུན་ཞིག་བཤོལ་ཏེ་བྲམ་ཟེ་དེ་ལ་སྦྱིན་པ་བྱས་ནས་ཕྱིར་ཡང་འགུམ་དུ་མཆིའོ། །ཞེས་གསོལ་ཏོ། །སྲིན་པོས་སྨྲས་པ། ཁྱོད་ད་བཏང་ན་ཕྱིར་འོང་དུ་བཏུབ་བམ། སྨྲས་པ། གལ་ཏེ་མ་འོངས་ན་ཡང་ཁྱོད་ལ་བླང་བའི་མཐུ་བྱེད་དོ། །ཞེས་སྨྲས་ནས་ཕྱིར་བཏང་ངོ༌། །སུ་ཏ་སོ་མ་ཕྱིར་ཡུལ་དུ་ཕྱིན་ཙམ་ན་བྲམ་ཟེ་དེ་ཡང་ད་དུང་འདུག་སྟེ་རབ་ཏུ་དགའ་ནས་བྲམ་ཟེ་ལ་སྦྱིན་པ་བྱིན་ནོ། །

        བྲམ་ཟེ་དེས་ཀྱང་སུ་ཏ་སོ་མ་རིང་པོར་མི་ཐོགས་པར་སྲོག་དང་བྲལ་བར་འགྲོ་བས། ཕྱིར་ཡུལ་ལ་ཆགས་ཏེ་མི་དགའ་བར་ཤེས་ནས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བསྐལ་པའི་མཐའ་ལ་ཐུག་པ་ན། །གནམ་དང་ཀླུང་ཡང་རབ་འབར་ཏེ། །རི་རབ་ལྷུན་པོ་རྒྱ་མཚོ་ཡང༌། །ཐམས་ཅད་ཐལ་བ་ཉིད་དུ་འགྱུར། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཐམས་ཅད་འཇིག་ཅིང་ཉམས་ཡལ་ཏེ། །གནམ་དང་ས་ཡང་མེད་འགྱུར་ན། །རྒྱལ་སྲིད་ལྟ་ཞིག་ག་ལ་རྟག །སྐྱེ་དང་རྒ་དང་ན་འཆི་ཡི། །འཁོར་བའི་མཐའ་ནི་ཟད་མི་ཤེས། །རེ་ཞིང་འདོད་པ་མ་གྲུབ་ན། །མྱ་ངན་གྱིས་ནི་གནོད་པར་འགྱུར། །འདོད་པ་སྐྱོན་དུ་རབ་ཆེ་སྟེ། །ཉེས་པ་གཞན་ནས་འོངས་པ་མིན། །ཁམས་གསུམ་སྡུག་བསྔལ་བཅས་པས་ན། །ཡུལ་སྲིད་ཡིད་བརྟེན་རུང་རེ་སྐན། །ཡོད་པ་ཡེ་ནས་མེད་པ་སྟེ། །རྒྱུ་དང་རྐྱེན་གྱིས་སྒྲུབ་པར་འགྱུར། །དར་བ་ཡོད་ན་རྒུད་པ་ཡོད། །བདེན་པ་ངེས་པར་རྫུན་འགྱུར་རོ། །སོ་སོའི་སྐྱེ་བོ་ཐམ་ཐོམ་དག །སྒྱུ་མ་ལ་ནི་ཀུན་གནས་ཏེ། །ཁམས་གསུམ་ཇི་ལྟར་སྟོང་བཞིན་དུ། །ཡུལ་གྱི་སྲིད་ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་ལ་གཟུགས་མེད་དོ། །གདུག་པའི་སྤྲུལ་བཞི་ལ་གནས་ཏེ། །མ་རིག་པ་ལས་སྐྱེས་པ་ལ། །བདེ་བའི་གནས་སུ་ཀུན་འཛིན་ཏོ། །གཟུགས་ལ་རྟག་པའི་བདག་མེད་དེ། །སེམས་ལ་རྟག་པའི་ཁྱིམ་ཡོད་མིན། །ལུས་ལ་སེམས་ཀྱང་བྲལ་འགྱུར་ན། །ཡུལ་སྲིད་ལྟ་ཞིག་ཡོད་རེ་སྐན། །དེའི་ཚེ་སུ་ཏ་སོ་མས་ཚིགས་སུ་བཅད་དེ་སྨྲས་པ་ཐོས་ནས་དོན་ཡིད་ལ་བསམས་པས་ཤིན་ཏུ་དགའ་སྟེ་རྒྱལ་ཚབ་རྒྱལ་པོར་བཅུག་ནས་བློན་པོ་རྣམས་ལ་ཕྱི་ཕྱག་བྱས་ཏེ་འཐམས་པ་བཞིན་དུ་ཕྱིར་འགྲོ་བར་བྱས་པ་ལས། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་རྐང་བཀྲས་མ་བསྙེངས་ཤིག །བདག་ཅག་གིས་བསམས་ན། རྒྱལ་པོའི་སྐུ་བསྲུང་བའི་སླད་དུ་ལྕགས་ཀྱི་ཁང་པ་བྱས་ལ་རྒྱལ་པོ་དེའི་ནང་དུ་ཞུགས་ན་རྐང་བཀྲ་དཔའ་མོད་ཀྱི། ཅི་བགྱིར་ཡང་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་དང་མི་མང་པོ་རྣམས་ལ་བསྒོ་བ། མི་གཅིག་སྐྱེས་པ་ལ་རྫུན་མི་ཟེར་བའི་ཁྲེལ་ལྟས་དགོས་ཏེ། རྫུན་སྨྲས་ན་གསོན་ཡང་དགའ་བ་མ་ཡིན་པས། ཐོག་མ་འཁམས་པ་ནས་ཚེ་འཕོས་ཀྱང་བླའི། རྫུན་སྨྲས་ཏེ་གསོན་པར་མི་འདོད་དོ། །ཞེས་ཁྲེལ་ལྟས་བྱས་པའི་ལེགས་པ་རྣམ་པ་སྣ་ཚོགས་དང༌། རྫུན་སྨྲ་བའི་སྐྱོན་མང་པོ་སྨྲས་པ་དང༌། བློན་པོ་རྣམས་ཀྱང་མྱ་ངན་གྱིས་བརྣངས་ཏེ་ཚིག་མེད་པར་གྱུར་ཏོ། །དེ་ནས་ཐམས་ཅད་ཀྱིས་རྒྱལ་པོ་བསྐྱལ་ནས་ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ་བརྒྱལ་ཞིང་འཁམས་པར་གྱུར་ཏོ། །སུ་ཏ་སོ་མ་ལམ་དུ་ཞུགས་ཏེ་སོང་བའི་ཚེ་སྲིན་པོ་རྐང་བཀྲ་ཡང་སུ་ཏ་སོ་མ་འདིར་འོང་བའི་དུས་ཡིན་ནོ་སྙམ་བསམས་ནས་རིའི་རྩེ་མོར་བྱུང་སྟེ་བལྟས་པ་དང༌། སུ་ཏ་སོ་མ་ལམ་ན་རྒྱང་མ་ནས་སྲོག་འདོར་དུ་འོང་བ་མཐོང་ངོ༌། །

        དེ་ནས་ཉེ་བར་འོངས་ཏེ་བལྟས་ན། སྔོན་པས་ཀྱང་ལྷག་པར་དགའ་བའི་མདངས་ཡོད་པས་སྲིན་པོས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྲོག་འདོར་དུ་འོང་བ་ལྟ་བདག་ལ་དགའ་བ་ཅི་ཞིག་ཡོད་དེ། ཁྱེད་འཚོ་བ་གཏོང་བ་ལ་སྲོག་ཀྱང་མི་ཕངས་སམ། ཁྱོད་ཡུལ་དུ་ཕྱིན་ནས་ཕན་པའི་དོན་ཅི་ཞིག་རྙེད་ན། འདི་ལྟར་དགའ་ཞེས་དྲིས་སོ། །སུ་ཏ་སོ་མས་སྨྲས་པ། རྒྱལ་པོ་ཆེན་པོ། ཁྱེད་ཀྱིས་ཐུགས་བག་མཛད་དེ་བདག་གི་འཚོ་བ་ཞིག་བདུན་བཤོལ་ནས་བདག་གིས་སྔར་དམ་བཅས་པ་ལས་མ་འགལ་ཏེ་སྦྱིན་པ་ཆེན་པོ་ཡང་བྱས། དམ་པའི་ཆོས་ཀྱང་ཐོས་ནས་ཡིད་ལ་གཅགས་ཏེ་བསམ་པ་གྲུབ་པས་ན། འདིར་སྲོག་བཏང་ཡང་གསོན་པ་པས་དགའོ། །ཞེས་སྨྲས་སོ། །རྒྱལ་པོ་རྐང་བཀྲས་སྨྲས་པ། ཁྱོད་ཀྱིས་ཆོས་ཅི་ཞིག་ཐོས་པ་ཁོ་བོ་ལ་ཡང་སྨྲོས་ཤིག་ཅེས་བསྒོ་བ་དང༌། སུ་ཏ་སོ་མས་ཚིགས་སུ་བཅད་པ་ཇི་སྐད་དུ་ཐོས་པ་དེ་ཡང་སྨྲས། དེ་མ་ཡིན་པས་ཞན་ཡང་གསོད་པའི་ཁ་ན་མ་ཐོ་བའི་སྡིག་པ་དང༌། མི་དགེ་བའི་རྣམ་པར་སྨིན་པ་ཡང་ཐབས་མཁས་པས་རྒྱ་ཆེར་སྨྲས། སྲོག་མི་གཅོད་པའི་ཡོན་ཏན་དང་བསོད་ནམས་རྒྱ་ཆེན་པོ་དང༌། བྱམས་པའི་སེམས་ཀྱང་རྒྱས་པར་བསྟན་པས། རྒྱལ་པོ་རྐང་བཀྲ་རབ་ཏུ་དགའ་རངས་ཏེ་སྤྱི་བོས་ཕྱག་འཚལ་ནས་བསྟན་པ་བཞིན་དུ་ཕྱིན་ཆད་སྲོག་གཅོད་པ་བཏང༌། རྒྱལ་པོ་བྲག་ཕུག་ཏུ་བཅུག་པ་རྣམས་ཀྱང་སོ་སོའི་ཡུལ་དུ་བསྐྱལ་ལོ། །དེ་ནས་སུ་ཏ་སོ་མས་དཔུང་གི་ཚོགས་བཤམས་ནས་རྒྱལ་པོ་རྐང་བཀྲ་བསུས་ཏེ་ཕྱིར་ཡང་རྒྱལ་པོར་བཅུག་གོ །དེར་ནི། དྲང་སྲོང་གིས་དམོད་པ་བོར་བའི་ལོ་བཅུ་གཉིས་ཀྱང་ཚང་བས། དེ་ཕྱིན་ཆད་མི་ཤ་ཡང་མི་ཟ་སྟེ་སྔོན་བཞིན་དུ་རྒྱལ་པོ་བྱས་སོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་སུ་ཏ་སོ་མ་དེ་ནི། ད་ལྟར་ང་ཡིན་ནོ། །རྒྱལ་པོ་རྐང་བཀྲ་དེ་ནི། ད་ལྟར་སོར་ཕྲེང་ཅན་ཡིན་ནོ། །

        དེའི་ཚེ་ལོ་བཅུ་གཉིས་ཀྱི་བར་དུ་རྐང་བཀྲས་མི་ཟོས་པ་རྣམས་ནི། སོར་ཕྲེང་ཅན་གྱིས་བསད་པའི་མི་རྣམས་ཡིན་ནོ། །མི་འདི་དག་ཀྱང་གང་ནས་གང་དུ་སྐྱེས་པར་རྟག་ཏུ་སོར་ཕྲེང་ཅན་གྱིས་བསད་པར་གྱུར་ལ། ངས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་བ་ལ་བཀོད་པར་གྱུར་ཏོ། །ངས་སྔོན་དུ་དྲན་པ་སྔོན་མ་རབས་བྱེད་པའི་ཚེ་ཡང་གསོད་པ་ལས་བཟློག་ནུས་ན། ད་མངོན་པར་སངས་རྒྱས་ཏེ་ཡོན་ཏན་ཕུན་སུམ་ཚོགས་ལ་སྡིག་པ་ཡོངས་སུ་སྤངས་ན། འདི་དག་འདུལ་བར་གྱུར་པ་ལྟ་ཅི་སྨོས། རྒྱལ་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མི་འདི་དག་སྔོན་ཅི་ཞིག་བགྱིས་ན། སྐྱེ་བ་ཐམས་ཅད་དུ་སོར་ཕྲེང་ཅན་གྱིས་རྟག་ཏུ་བསད་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་པར་ཉོན་ཅིག་དང་བསྟན་པར་བྱའོ། །སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་ཝཱ་ར་ཎཱ་སི་ན་རྒྱལ་པོ་བ་ལ་ད་ར་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་སྲས་གཉིས་ཡོད་དེ། བྱད་གཟུགས་ལེགས་པ། བལྟ་ན་སྡུག་པ། རྩལ་དང་ལྡན་པའོ། །དེའི་ཚེ་སྲས་ཆུང་དུ་ཤོས་ཀྱིས་འདི་སྙམ་དུ་བསམས་སོ། །གལ་ཏེ་བདག་གི་ཕ་ཚེ་འཕོས་ན་ཕུ་བོ་རྒྱལ་པོར་འགྱུར་ཏེ། བདག་གཞོན་པས་རྒྱལ་པོ་ཡང་མི་འཐོབ་ན། མིར་སྐྱེས་ལ་རྒྱལ་པོ་མ་ཐོབ་ན་ཐ་མལ་བར་འདུག་ན་ཡང་ཅི་རུང༌། དབེན་པར་སོང་ནས་དྲང་སྲོང་གི་ལམ་བཙལ་ལོ་སྙམ་བསམས་ནས་རྒྱལ་པོའི་ཐད་དུ་སོང་སྟེ་ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི། རི་དབེན་པར་དྲང་སྲོང་གི་ལམ་བཙལ་བར་དགའོ། །བདག་ལ་སྡུག་པར་འཛིན་ན་བསམ་པ་འདི་ལས་མ་ཟློག་ཅིག་ཅེས་ཡང་དང་ཡང་དུ་གསོལ་པ་དང༌། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ནས་རི་དབེན་པར་སོང་ངོ༌། །དེ་ནས་ལོ་མང་ཞིག་ལོན་པ་དང༌། རྒྱལ་པོ་ཡབ་ཚེ་འཕོས་ནས་ཕུ་བོ་རྒྱལ་སར་གཤེགས་སོ། །ཕུ་བོ་ཡང་རྒྱལ་སར་ཞུགས་ནས་རིང་པོར་མ་ལོན་པར་ནད་ཀྱིས་བཏབ་ནས་ཚེ་འཕོས་ཏེ། རིགས་འཚོབ་པའི་མི་མེད་དོ། །བློན་པོ་རྣམས་འདུས་ནས་ཇི་ལྟར་བྱ་བ་བགྲོས་པ་དང༌། དེ་ལ་བློན་པོ་གཅིག་གིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོའི་སྲས་ཆུང་དུ་ཞིག་རྒྱལ་པོ་ལ་གསོལ་ཏེ་དེ་ལྟར་རི་ལ་དྲང་སྲོང་བྱེད་ཅིང་འདུག་གི །དེ་སྤྱན་དྲངས་ལ་རྒྱལ་བོར་གཞུག་གོ །ཞེས་སྨྲས་པ་དང༌། བློན་པོ་རྣམས་ཀྱིས་དེ་འདྲ་བ་ཞིག་ངེས་པར་ཡོད་དམ། དེ་འདྲ་བ་ཞིག་ཡོད་ན་ལྟ་སྤྱན་དྲངས་ལ་རྒྱལ་པོར་གཞུག་གོ །ཞེས་བགྲོས་ནས་རི་ལ་རྒྱལ་བུ་ཚོལ་དུ་དོང་ངོ༌། །

        དེ་དག་རྒྱལ་བུ་དང་ཕྲད་ནས་བདག་ཅག་ལ་རྒྱལ་པོ་མེད་དེ། ཁྱོད་ཀྱིས་རྒྱལ་པོ་བྱ་དགོས་ཀྱི། འདོང་ངོ༌། །ཞེས་སྨྲས་པ་དང༌། དྲང་སྲོང་གིས་ཚིག་འདི་ནི། འཇིགས་སུ་རུང་སྟེ། ཁོ་བོ་ནི། དབེན་པ་འདི་ན་རབ་ཏུ་བདེ་སྟེ། མྱ་ངན་ཅི་ཡང་མེད་དོ། །འཇིག་རྟེན་པ་ནི། རང་བཞིན་གྱིས་མ་དུལ་བ་ཡིན་པས། རྒྱལ་པོ་ཡང་གསོད་དེ། བདག་གིས་མི་ནུས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། རྒྱལ་པོའི་གདུང་ཆད་དེ་གདུང་འཚོབ་པ་མེད་པས། དྲང་སྲོང་ཁྱོད་འབའ་ཞིག་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ཏེ། ཡུལ་མི་ཐམས་ཅད་ཀྱང་མགོན་མེད་པར་གྱུར་གྱི། འགྲོ་བ་མང་པོ་ལ་ཐུགས་བརྩེ་བའི་ཕྱིར་རྒྱལ་པོར་གཤེགས་སུ་གསོལ། ཞེས་སྨྲས་པ་དང༌། དྲང་སྲོང་གིས་ཀྱང་མ་བཟོད་ནས་བློན་པོ་རྣམས་ཀྱིས་གསོལ་པ་བཞིན་དུ་ཕྱིར་ཡུལ་དུ་འོངས་ཏེ་རྒྱལ་པོ་བྱས་སོ། །དྲང་སྲོང་དེ་ཆུང་དུ་ནས་འདོད་ཆགས་དང་མ་འཕགས་པ་ལས། སྲིད་འཚོ་ཞིང་བགས་ཀྱིས་བུད་མེད་དང་འབགས་པས། འདོད་ཆགས་ལྷག་པར་ཆེ་བར་གྱུར་ཏེ།ཉིན་མཚན་དུ་འདོད་ཆགས་ལ་བག་མེད་པས་འདི་སྐད་བཀར་བཏགས་སོ། །ངའི་ཡུལ་མི་ལས་བུ་མོ་ཡོད་པ་རྣམས་བག་མར་གཏོང་བ་ན་སྔར་ང་དང་ཕྲད་པའི་འོག་ཏུ་གདོད་བག་མར་ཐོང་ཞིག་ཅེས་བཀར་བཏགས་སོ། །ཡུལ་ན་བུད་མེད་བཟང་མོ་སྡུག་གུ་ཡིད་དུ་འོང་བ་ཐམས་ཅད་ལ་ཡང་མི་རིགས་པ་སྤྱོད་དོ། །དེའི་ཚེ་བུད་མེད་གཅིག་ཅིག་མི་མང་པོ་ཚོགས་པའི་མདུན་དུ་སྒྲེན་མོར་བྱུང་སྟེ་གཅིན་གཅི་བ་དང༌། ཐམས་ཅད་ཀྱིས་བགད་དེ་ངོ་ཚ་མི་ཤེས་པ་འདི་ཅི་བྱེད་ཅེས་སྤྱོས་པ་དང༌། བུད་མེད་དེས་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཀྱིས་བུད་མེད་ཀྱི་ནང་དུ་གཅིན་གཅི་བ་ལ་ངོ་ཚར་ཅི་ཞིག་ཡོད་དེ། ཁྱེད་ཀྱང་གཅིག་གི་མདུན་དུ་གཅིག་གིས་གཅིན་གཅིས་ཀྱང་ངོ་མི་ཚ་ན། ཁོ་མོ་བུད་མེད་དུ་འདྲ་བའི་ནང་དུ་གཅིས་པ་ལ་ངོ་ཚར་ཡང་ཅི་ཞིག་ཡོད། མི་མང་པོས་སྨྲས་པ། ཁྱོད་ཀྱིས་འདི་སྐད་སྨྲས་པ་འདི་ཅིའི་ཐ་ཚིག་ཅེས་སྨྲས་པ་དང༌། བུད་མེད་དེས་འདི་སྐད་ཅེས་སྨྲས་སོ། །ཡུལ་འདི་ནི་རྒྱལ་པོ་གཅིག་པུ་ནི། སྐྱེས་པ་ཡིན་གྱི། གཞན་ཡུལ་མི་ཐམས་ཅད་ནི། བུད་མེད་ཡིན་དུ་ངེས་སོ། །ཁྱེད་ཀུན་སྐྱེས་པ་ཡིན་ན་དེ་འདྲ་བའི་མི་རིགས་པ་རྒྱལ་པོ་བྱེད་པའི་མི་རིགས་སོ། །དེ་ནས་མི་མང་པོ་ངོ་ཚ་ཞིང་སྐྱེངས་པར་གྱུར་ཏེ་བུད་མེད་འདིས་སྨྲ་བ་ནི། བདེན་ཏེ། རིགས་པ་མ་ཡིན་པས་རྒྱལ་པོ་འདི་མེད་པར་བྱའོ། །ཞེས་བགྲོས་ནས་ཐམས་ཅད་གྲོས་མཐུན་ཏེ་རྒྱལ་པོ་སྐྱེད་མོས་ཚལ་དུ་ཁྲུས་ལ་འགྲོ་བའི་ཚེ་གསད་པར་བྱའོ། །དེ་ནས་སྐྱེད་མོས་ཚལ་དུ་དཔུང་གི་ཚོགས་སྤས་ནས་རྒྱལ་པོ་རྫིང་བུར་འོངས་པའི་ཚེ་ཐམས་ཅད་ལོག་ནས་བཟུང་སྟེ་བསད་པར་བྱས་སོ། །རྒྱལ་པོ་སྐྲག་ནས་ཁྱེད་རྣམས་ཅི་བྱེད་ཅེས་སྨྲས་པ་དང༌། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆོས་བཞིན་མི་བྱེད་དེ་འདོད་ཆགས་ཀྱིས་སྦྱོར་ནས་ཡུལ་མི་ཐམས་ཅད་ཀྱང་རིགས་སུན་ཅིང་སྨྲ་ཕ་བ་སྟེ། བདག་ཅག་མ་བཟོད་ཆེས་ནས་ཁྱོད་མེད་པར་བྱས་ཏེ་རྒྱལ་པོ་མཛངས་པ་གཟོད་བཙལ་ལོ་སྙམ་མོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་སྐྲག་པར་གྱུར་ཏེ་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་ཆད་ནི། བདག་གི་ཉེས་པ་བདེན་གྱི་ཕྱིན་ཆད་དེ་ལྟར་མི་བྱ་ན། གཏང་དུ་རུང་ངམ་མི་རུང་ཞེས་སྨྲས་པ་དང༌། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གནམ་ལས་ཁ་བ་ནག་པོ་བབ་བམ། མགོ་ལ་སྤྲུལ་ནག་པོ་སྐྱེས་ཀྱང་མི་གཏང་གི །མ་སྨྲ་ཞིག་ཅེས་བསྒོའོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ད་ནི། གདོན་མི་ཟ་བར་གསོད་དོ་སྙམ་སྟེ་ཁྲོས་ནས་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ང་སྔོན་རི་ལ་འདུག་སྟེ་འཇིག་རྟེན་ལ་མི་དགའ་བ་ལས་ནན་གྱིས་རྒྱལ་པོར་བཅུག་སྟེ། ང་ནི། ང་གསོད་དོ། །གར་སྐྱེས་གར་སྐྱེས་ཀྱང་ཁྱོད་ང་དང་ཕྲད་དེ་ཁྱོད་ཀྱང་ངས་གསོད་པར་ཤོག་ཅིག་ཅེས་དམ་བཅས་སོ། །དེ་ལྟར་དམ་བཅས་མོད་ཀྱི། འོན་ཀྱང་མ་གནང་སྟེ་བསད་དོ། །རྒྱལ་པོ་ཆེན་པོ།དེའི་ཚེ་དེའི་དུས་ན་རྒྱལ་པོ་དྲང་སྲོང་དེ་ནི། ད་ལྟར་སོར་ཕྲེང་ཅན་ཡིན་ནོ། །

        དེའི་ཚེ་མི་མང་པོ་གྲོས་མཐུན་པར་རྒྱལ་པོ་གསོད་པ་ནི། སོར་ཕྲེང་ཅན་གྱིས་བསད་པའི་མི་འདི་དག་ཡིན་ཏེ། རྟག་ཏུ་སོར་ཕྲེང་ཅན་གྱིས་བསད་པར་གྱུར་ཏོ། །རྒྱལ་པོས་ཡང་པུས་མོས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་སོར་ཕྲེང་ཅན་འདིས་མི་མི་འདི་སྙེད་ཅིག་བསད་ན། ད་འབྲས་བུ་ཐོབ་པའི་འོག་ཏུ་རྣམ་པར་སྨིན་པ་མྱོང་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སྡིག་པ་བྱས་ན། རྣམ་པར་སྨིན་པ་ངེས་པར་མྱོང་སྟེ། དགེ་སློང་འདི་ཡང་ད་ལྟར་གནས་ཁང་ན་སེམས་ཅན་དམྱལ་བའི་མེ་བ་སྤུའི་ཁུང་ཀུན་ནས་འབར་ཏེ་སྡུག་བསྔལ་མི་བཟད་པ་མྱོང་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་སྡིག་པའི་ལས་བྱས་ན། ངེས་པར་སྡིག་པའི་རྣམ་པར་སྨིན་པ་རྟོགས་པར་བྱ་བའི་ཕྱིར་དགེ་སློང་ཞིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱེད་སོང་ལ་ལྡེ་མིག་ཁྱེར་ཏེ་དགེ་སློང་སོར་ཕྲེང་ཅན་གྱི་སྒོའི་བུ་གུར་ཆུག་ཅིག་ཅེས་བཀའ་སྩལ་ནས་དགེ་སློང་གིས་བཀའ་བཞིན་དུ་ལྡེ་མིག་ཐོགས་ཏེ་སྒོའི་བུ་གུར་བཅུག་ན། དེ་མ་ཐག་ཏུ་ཞུའོ། །དགེ་སློང་དེ་སྡངས་སྐྲག་ནས་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་དེ་བཞིན་དུ་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་པ་བྱས་པའི་རྣམ་པར་སྨིན་པ་ནི། འདི་ཡིན་ནོ། །ཞེས་བཀའ་སྩལ་ཏེ། རྒྱལ་པོ་དང་འཁོར་མང་པོ་རྣམས་ཡིད་ཆེས་པར་གྱུར་ཏོ། །

        དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་སོར་ཕྲེང་ཅན་སྔོན་ལེགས་པ་ཅི་ཞིག་བགྱིས་ན། མཐུ་སྟོབས་གྱད་ཆེན་པོའི་སྟོབས་དང་མཉམ་ཞིང་རྩལ་ཆེ་བ། བྱ་ལྟར་མགྱོགས་པར་གྱུར། ལེགས་པ་ཅི་ཞིག་བགྱིས་ན། བཅོམ་ལྡན་འདས་དང་ཕྲད་དེ་འཁོར་བ་ལས་གྲོལ་བར་གྱུར་པ་འཁོར་མང་པོ་ལ་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ལེགས་པར་ཉོན་ཅིག །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་ཞིག་གང་ཟག་གི་ལས་བྱེད་པ་ལས། འབྲུའི་ཁལ་ཞིག་བཀལ་ཏེ་སོང་སོང་བ་ལས་ལམ་དུ་ཆར་པས་ནོན་ཏེ་བྱོལ་བའི་གནས་མེད་པས། འབྲུ་དང་སྣོད་དུ་བཅས་པ་ཐམས་ཅད་གཤེར་བར་གྱུར་ཏོ། །དེའི་ཚེ་ན་དགེ་སློང་དེ་མགྱོགས་པར་འགྲོ་འདོད་པ་ལས། མཐུ་ཆུང་བས་འགྲོ་བུལ་ཏེ་མགྱོགས་པར་མ་གྱུར་པས་འདི་སྐད་ཅེས་སྨོན་ལམ་བཏབ་པོ། །བདག་མ་འོངས་པའི་དུས་ན་མཐུ་སྟོབས་ནི། མི་སྟོང་དང་མཉམ་ཞིང་ལུས་ཡང་ལ། འགྲོ་མགྱོགས་ཁྱད་བྱ་འཕུར་བ་དང་འདྲ་བར་ཤོག་ཅིག །མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་གཤེགས་པ་དང་ཕྲད་དེ་འཁོར་བ་ལས་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཀུན་དགའ་བོ། དེ་ལ་གཞན་དུ་མ་སེམས་ཤིག །དེའི་ཚེ་གང་ཟག་གི་ལས་བྱེད་པའི་དགེ་སློང་དེ་ནི། ད་ལྟར་གྱི་དགེ་སློང་སོར་ཕྲེང་ཅན་ཡིན་ཏེ། དེའི་ཚེ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་བསྲུངས་ཏེ་དགེ་འདུན་གྱི་ལས་བྱས་པས་། སྨོན་ལམ་བཞིན་དུ་གང་ནས་གང་དུ་སྐྱེས་ཀྱང་བྱད་གཟུགས་བཟང་བ་དང༌། མཐུ་སྟོབས་དང་རྩལ་ཆེ་བར་གྱུར་ཏེ། ང་དང་ཕྲད་པར་སྨོན་པས་འཁོར་བ་ལས་གྲོལ་བར་གྱུར་ཏོ། །

        དེའི་ཚེ་ཀུན་དགའ་བོ་དང༌། དགེ་སློང་རྣམས་དང༌། རྒྱལ་པོ་དང༌། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་གསུངས་པ་ཐོས་ནས་ཐམས་ཅད་ཀྱིས་བརྩོན་འགྲུས་བསྐྱེད་དེ་བདེན་པ་བཞི་ཡིད་ལ་བྱས་པས་ལ་ལ་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་ལྡོག་པ་དང༌། ཕྱིར་མི་ལྡོག་པ་དང༌། དགྲ་བཅོམ་པར་གྱུར་ཏོ། །ལ་ལ་ནི། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད་དོ། །ལ་ལ་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ཐམས་ཅད་ལུས་དང་ངག་དང་ཡིད་དགེ་བ་ལ་འདུན་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །མི་གདུང་བ་སོར་ཕྲེང་ཅན་གྱི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།

                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།