དགེ་སློང་མ་ཨུཏྤ་ལའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-24 18:33:39         ཀློག་ཐེངས།  

0689b8a9fb2b561de98440f16c94ea6.jpg

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རྒྱལ་པོ་གསལ་རྒྱལ་ནི། ནོངས། རྒྱལ་ཚབ་བཻ་ཌཱུཪྻ་རྒྱལ་སར་གཤེགས་ཏེ་རྒྱལ་པོའི་ནང་ན་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་མ་ཡིན་པས། གླང་པོ་ཆེའི་རྨིག་པས་མི་བརྫིས་ཏེ་བསད་པ་ཡང་གྲངས་མེད་དོ། །དེའི་ཚེ་ན་རིགས་ཆེ་ཞིང་བཙུན་པའི་བུད་མེད་དག་ཅིག་དེ་ལྟ་བུ་དག་མཐོང་ནས་ཁྱིམ་ལ་མི་དགའ་བར་གྱུར་ཏེ་ཐམས་ཅད་རབ་ཏུ་བྱུང་ནས་དགེ་སློང་མར་གྱུར་ཏོ། །རབ་ཏུ་བྱུང་བ་དེ་དག་ལ་ལ་ནི། ཤཱཀྱའི་རིགས། ལ་ལ་ནི། རྒྱལ་རིགས་ཡིན་ཏེ། དཔེ་མེད་པར་མངའ་བྱད་ལེགས་པ། བལྟ་ན་སྡུག་པ། རིགས་ཆེ་བ་ལྔ་བརྒྱ་སྙེད་འདོད་པ་ཡོངས་སུ་སྤངས་ཏེ་རབ་ཏུ་བྱུང་བས་ཡུལ་མི་ཐམས་ཅད་ཀྱང་དེ་ལ་དགའ་སྟེ་འཚོ་བ་སྦྱར་ཏོ། །དགེ་སློང་མ་དེ་དག་གཅིག་ལ་གཅིག་འདི་སྐད་དུ། བདག་ཅག་ནི། རབ་ཏུ་བྱུང་ཡང་ཆོས་ཀྱི་བདུད་རྩིའི་རོ་མ་མྱོང་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཞི་བར་མ་བྱས་ན་མི་རུང་གི །དྲུག་སྡེ་མ་བསྙེན་དགའ་མོའི་ཐད་དུ་ཆོས་ཉན་དུ་འདོང་ངོ༌། །ཞེས་སྨྲས་ནས་དེ་གང་ན་བར་སོང་སྟེ་ཕྱིན་པ་དང་ཕྱག་འཚལ་ནས་འདི་སྐད་དུ་བདག་ཅག་ནི། རབ་ཏུ་བྱུང་ཡང་ཆོས་ཀྱི་བདུད་རྩིའི་རོ་མ་མྱོང་ན། བདག་ཅག་ལ་དམ་པའི་ཆོས་བསྟན་དུ་གསོལ་ཞེས་སྨྲས་པ་དང༌། དྲུག་སྡེ་མས་བསམ་པ། བདག་གིས་འདི་དག་ཆོས་དང༌། ཚུལ་ཁྲིམས་ལས་ཕྱིར་བཟློག་སྟེ་འདི་དག་གི་ཆོས་གོས་དང༌། ལྷུང་བཟེད་ཐོབ་པར་གྱུར་ན་རེ་ལེགས་སྙམ་ནས་འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ནི། རིགས་ཆེ་ཞིང་མཐོ་བ་སྟེ། རིན་པོ་ཆེ་སྣ་བདུན་དང༌། གླང་པོ་ཆེ་དང༌། རྟ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པའི་མི་དང༌། ཞིང་དང༌། འཚོ་བའི་ཡོ་བྱད་ཀྱིས་མི་བྲེལ་ན། ཅིའི་ཕྱིར་དེ་དག་ཡོངས་སུ་སྤངས་ཏེ་དགེ་སློང་མར་བཞུགས་ནས་འདི་ལྟར་ཉོན་མོངས་ཤིང་སྡུག་བསྔལ་དང་བསྡོས་ཏེ་སངས་རྒྱས་ཀྱི་བསླབ་པ་ལ་འཇུག་པར་བྱེད། ཉིས་ན་ཕྱིར་ཁྱིམ་དུ་སོང་སྟེ་ཁྱིམ་ཐབ་དང༌། བུ་དང༌། བུ་མོར་ལྡན་པར་ལྷན་ཅིག་ཏུ་ཡིད་བཞིན་དུ་རྩེ་དགའ་ཞིང་ཚེ་འདི་ལ་ཡང་སྐྱིད་པ་མྱོང་བར་བྱས་ལ། སྦྱིན་པ་ཡང་ཡིད་བཞིན་དུ་བྱས་ན་ལེགས་སོ། །ཞེས་བསྒོའོ། །

        དགེ་སློང་མ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་ནས་མི་དགའ་སྟེ་དུས་ནས་ཕྱིར་དོང་ངོ༌། །དེ་ནས་དགེ་སློང་མ་དེ་དག་དགེ་སློང་མ་ཨུཏྤ་ལའི་མདོག་གང་ན་འདུག་པར་སོང་ནས་དེར་ཕྱིན་པ་དང་ཨུཏྤ་ལའི་མདོག་ལ་ཕྱག་འཚལ་ཏེ་ཆོས་བཞིན་དུ་སྙུན་གསོལ་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཁྱིམ་ན་མཆིས་པ་ན་ཁྱིམ་གྱི་ལས་ཀྱིས་བསླུས། ད་རབ་ཏུ་བྱུང་ན་ཡང་འདོད་པའི་དབང་དུ་གྱུར་ནས་ཉོན་མོངས་པ་ལས་ཐར་པར་མི་ནུས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་བསྟན་དུ་གསོལ། ཨུཏྤ་ལས་སྨྲས་པ། ཁྱོད་ཅི་དང་ཅི་འདོད་པ་འདས་པའམ། མ་འོངས་པའམ། ད་ལྟར་གྱི་དངོས་པོ་གང་ཡང་རུང་བ་དྲིས་ཤིག་དང་ངས་བསྟན་པར་བྱའོ། །དགེ་སློང་མ་རྣམས་ཀྱིས་འདས་པ་དང༌། མ་འོངས་པ་རེ་ཞིག་ཞོག་ལ་ད་ལྟར་གྱི་བསྟན་ཏེ་བདག་ཅག་གི་ཐེ་ཚོམ་དགྲོལ་དུ་གསོལ། ཨུཏྤ་ལས་སྨྲས་པ། འདོད་ཆགས་ནི། མེ་དང་འདྲ་སྟེ། རི་ལུང་ཚིག་པར་བྱེད་དོ། རྩ་འཁྲི་དང་འདྲ་སྟེ། མཆེད་པར་འགྱུར་རོ། །འདོད་ཆགས་ཀྱི་དབང་གིས་གཅིག་ལ་གཅིག་འཚེ་ཞིང་གནོད་པར་བྱེད་དོ། །དེ་ལ་ཡུན་རིང་ན་ངན་སོང་གསུམ་དུ་ལྷུང་སྟེ་ཐར་པའི་དུས་མེད་དོ། །ཁྱིམ་ན་གནས་པ་ནི། སྡུག་པ་ལ་ཆགས་ཏེ་འདོད་པ་དང༌། བྱེ་བྲལ་བ་དང༌། སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། རྒྱལ་པོའི་ཁྲིམས་ཀྱིས་གཙེ་བའི་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་སྟེ། ཚེ་འཕོས་ནས་ཕྱིར་ཡང་སོས་པ་ཙམ་དུ་ལུས་དང་སེམས་གདུངས་ཏེ་ཁྱིམ་གྱིས་གླགས་ཤིང་བཅིངས་པ་ནི། བཙོན་རབས་ཀྱང་དམ་མོ། །བདག་ཀྱང་ཀུན་ཏུ་རྒྱུ་བའི་རིགས་སུ་སྐྱེས་ཏེ། ཁོ་མོའི་ཕ་མ་ཡང་རིགས་ཆེ་ཞིང་བཙུན་པས་ཁོ་མོ་ཡང་ཀུན་ཏུ་རྒྱུ་རིགས་ཆེ་བ། མང་དུ་ཐོས་པ། རིག་བྱེད་དང་ལྡན་པ་ཞིག་ལ་བག་མར་བཏང་ནས་དེའི་ཆུང་མ་བྱེད་དེ། དེའི་བུ་ཡང་ཡོད་པར་གྱུར་ཏོ། །ཕྱིས་གྱོས་རྒྱུག་ཚེ་འཕོས་པའི་འོག་ཏུ་ཁོ་མོ་ལ་སེམས་ཅན་ཡོད་པར་གྱུར་ནས་ཁྱིམ་ཐབ་ལ་འདི་སྐད་ཅེས་བྱས་སོ། །ཁོ་མོ་ལ་སེམས་ཅན་ཡོད་དེ། ཟླ་བ་ཡང་ཚད་དུ་ཉེ་བས་གལ་ཏེ་འདིར་བུ་བཙས་ན། བཙོག་ཅིང་མི་བཏུབ་ཀྱི། ཁོ་མོའི་ཕ་མའི་ཁྱིམ་དུ་བཙར་འགྲོའོ། །ཞེས་བྱས་ན། ཁོ་མོ་ལ་ལེགས་སོ། །ཞེས་ཟེར་ཏེ། ཁྱོ་ཤུག་གཉིས་འགྲོགས་ནས་བུ་ཞིག་ཀྱང་ཁྲིད་དེ་ཕ་མ་འདོད་པར་སོང་བ་ལས། ལམ་ཕྱེད་ཙམ་དུ་ཕྱིན་པ་དང་མངལ་མི་བདེ་བར་གྱུར་ནས་ཤིང་ཞིག་གི་དྲུང་དུ་ནམ་ཕྱེད་ཙམ་ན་བུ་བཙས་སོ། ཁོ་མོའི་ཁྱིམ་ཐབ་ཀྱང་ལོགས་ཤིག་ན་ཉལ་བ་ལས་མཚན་མོ་སྦྲུལ་གྱིས་ཟིན་ཏོ། །མཚན་མོ་བོས་ན་ཅང་མི་གྲག་ནས་ནམ་ལངས་ཏེ་བལྟས་ན། ཁྱིམ་ཐབ་ཀྱང་སྦྲུལ་གདུག་པས་ཟིན་པས་ཚེ་འཕོས་ཏེ་ལུས་ཀྱང་ཞིག་པར་གྱུར་ཏོ། །

        དེའི་ཚེ་ན་ཁོ་མོ་འཁམས་ཏེ་ས་ལ་འགྱེལ་བ་དང༌། བུ་ཆེ་བ་ཡང་ཕ་སྦྲུལ་གྱིས་བསད་པ་མཐོང་ནས་སྐད་ཕྱུང་སྟེ་དུས་པས། བུ་དུས་པའི་སྐད་གྱིས་ཁོ་མོ་ཡང་ཕྱིར་སངས་ནས་བུ་ཆེ་བ་ནི། ཁུར་དུ་ཐོགས། བུ་ཆུད་བ་ནི། ཕང་བར་ཁྱེར་ཏེ་དུ་ཞིང་སོང་སོང་བ་ལས་ལམ་ཡང་དབེན་པ་ཞིག་སྟེ། མི་འགའ་མང་མི་འདྲུལ་པས་གྲོགས་ཀྱང་མ་རྙེད་དོ། །བར་ན་ཆུ་ཆེན་པོ་ཞིག་ཡོད་དེ། ཆུའི་ཁ་ཚོ་ན་ཡང་ཆེ་ལ་ཟབ་པས་བུ་གཉི་ག་མ་ཐེག་ནས་བུ་ཆེ་བ་ནི། ཆུའི་ཆུ་རོལ་དུ་བཞག །བུ་ཆུང་དུ་ཁྱེར་ཏེ་ཕ་རོལ་ཏུ་བསྐྱལ་ནས་ཕྱིར་ཆེ་བ་བསུར་འོངས་པ་དང༌། བུ་ཡང་མ་འོང་བ་མཐོང་ནས་ཆུའི་ནང་དུ་ཞུགས་ཏེ་ཆུས་ཁྱེར་བ་ལས་ཁོ་མོས་བསྙགས་ན། སྟོབས་ཆུང་བསམ་ཟིན་ཏེ་ཆུས་ཁྱེར་རོ། །དེ་ནས་ཕྱིར་ཕ་རོལ་ཏུ་ཕྱིན་ཙམ་ན་བུ་ཆུང་དུ་ཡང་སྤྱང་ཀིས་ཟོས་ཏེ་ཁྲག་ཅུང་ཟད་ཙམ་ས་ལ་སྣང་ངོ༌། །དེར་ཡང་འཁམས་ནས་རིང་ཞིག་ལོན་ཏེ་ཕྱིར་སངས་པ་དང་ལམ་དུ་ཞུགས་ཏེ་སོང་སོང་བ་ལས། ཀུན་ཏུ་རྒྱུ་ཁོ་མོའི་ཕ་མ་དང་ཉེ་ཞིང་བཤེས་པ་ཞིག་དང་ཕྲད་ནས་ཀུན་ཏུ་རྒྱུ་དེས་ཁྱོད་ཅི་ཉེས་ན་འདི་ལྟར་ཉོན་མོངས་པར་གྱུར་ཅེས་དྲིས་ན། ཁོ་མོས་ཀྱང་ཇི་ལྟར་གྱུར་པ་རྒྱས་པར་གཏམ་བྱས་པ་དང༌། ཀུན་ཏུ་རྒྱུ་དེ་ཡང་དུས་ནས་ཁོ་མོས་ཕ་མའི་གཏམ་དྲིས་ན། ཁྱོད་ཀྱི་ཕ་མའི་ཁྱིམ་དུ་དེ་བར་མེ་ཤོར་ནས་ཕ་མ་དང་ཁྱིམ་གང་གི་མི་ཐམས་ཅད་མེས་ཚིག་གོ །ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས་ཁོ་མོ་འཁམས་ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཀུན་ཏུ་རྒྱུ་དེས་བསླད་སྟེ་ཁྱིམ་དུ་ཁྲིད་ནས་ཁོ་མོ་ལ་བུ་བཞིན་དུ་བྱམས་ཤིང་འདུག་པ་ལས། ཡང་ཀུན་ཏུ་རྒྱུ་གཅིག་གིས་ཆུང་མར་བླངས་ཏེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་བུ་འབྱུང་དུ་ཉེ་བ་ན་ཁྱིམ་ཐབ་གཞན་གྱི་ཁྱིམ་དུ་ཚང་ལ་བོས་ནས་དེའི་འོག་ཏུ་བདག་བུ་བཙས་ཏེ་སྒོ་དམ་དུ་བཅད་ནས་ཕུ་འཚིར་བ་ལས་ཁྱིམ་ཐབ་ཆང་གིས་མྱོས་ཏེ་སྒོ་བརྡུངས་པ་དང༌། སྒོ་འབྱེད་པ་མེད་པས་ཁྲོས་ཏེ་སྒོ་བཅག་ནས་ནང་དུ་འོངས་པ་དང་ཁོ་མོ་ཡང་བརྡེགས་སོ། །བདག་གིས་བུ་བཙས་སོ། །ཞེས་བྱས་ན། བུ་ཡང་བསད་དེ་མར་གྱི་ནང་དུ་བརྡོས་ནས་ཁོ་མོ་ཡང་ཟར་བཅུག་གོ །བུའི་ཤ་ཟ་མ་ཕོད་དེ་མ་ཟོས་པས་ཡང་བརྡེགས་ནས་ནན་གྱིས་ཟར་བཅུག་གོ །ཟོས་པའི་འོག་ཏུ་ཁྱིམ་ཐབ་ཀྱང་སངས་ནས་བདག་གིས་བསམ་པ། བདག་བསོད་ནམས་མེད་ཅིང་ལས་ངན་ནོ་སྙམ་བསམས་ནས་ཁྱིམ་ཐབ་བོར་ཏེ་ཡུལ་ཝ་ར་ཎཱ་སིར་བྲོས་སོ། །ཡུལ་ཝ་ར་ཎཱ་སའི་ཕྱི་རོལ་ན་ཤིང་ཞིག་གི་དྲུང་ན་འདུག་པ་ལས། གྲོང་དེའི་ཁྱིམ་ཐབ་གཞོན་ནུ་ཞིག་གསར་དུ་ཆུང་མ་ཚེ་འཕོས་ནས་གྲོང་ཁྱེར་དེའི་ཕྱི་རོལ་དུ་ཆུང་མའི་རུས་བུ་སྦས་ནས་ཁྱིམ་བདག་དེ་ཆུང་མ་དེ་ལ་ཆགས་པས། རུས་པུའི་དུང་ན་དུ་ཞིང་འདུག་པ་ལས་བདག་གི་དྲུང་དུ་འོངས་ཏེ་ཁོ་མོ་ལ་ཁྱོད་གཅིག་པུ་འདི་ན་ཅི་བྱེད་ཅེས་དྲིས་སོ། །ཁོ་མོས་ཀྱང་དེ་བཞིན་དུ་གཏམ་བྱས་པ་ལས་ཁྱིམ་བདག་དེས་སྐྱེད་མོས་ཚལ་དུ་ཁྲིད་དེ་ཁོ་མོ་ལ་ཆུང་མ་བྱའོ། །ཞེས་སྨྲས་ནས་ཁོ་མོས་ཀྱང་དེ་བཞིན་དུ་རུང་ངོ༌། ཞེས་སྨྲས་སོ། །ཁྱོ་ཤུག་ཏུ་འདུས་ནས་རིང་པོ་མ་ལོན་པར་ཁྱིམ་བདག་ནད་ཀྱིས་བཏབ་སྟེ་ཚེ་འཕོས་ནས་དེའི་ཚེ་ན་ཡུལ་ཆོས་ཀྱིས་གསོན་པའི་ཚེ་ཁྱོ་ཤུག་མཛའ་བ་རྣམས་ཁྱོ་ཚེ་འཕོས་ན། ཆུང་མ་ཡང་གསོན་པོར་ཁྱོ་དང་ལྷན་ཅིག་ཏུ་དུར་དུ་འཇུག་གོ།

        ཁོ་མོ་ཡང་དེ་ལྟར་དུར་དུ་བཅུག་ནས་ནུབ་མོ་དུར་རྐུན་འོངས་ཏེ་དུར་བྲུས་པ་དང༌། དུར་རྐུན་གྱི་དཔོན་པོས་ཁོ་མོ་བཟང་བར་མཐོང་བས། དེས་ཀྱང་ཆུང་མར་བྱས་སོ། །རིང་པོ་མ་ལོན་པར་བརྐུར་སོང་བ་ལས་རྒྱལ་པོས་བསད་ནས་རྐུན་ཟླ་རྣམས་ཀྱིས་རུས་བུ་བཀུར་ཏེ་ཁོ་མོ་དང་ལྷན་ཅིག་ཡང་དུར་དུ་བཅུག་གོ །དུར་ན་ཞག་གསུམ་འདུག་འདུག་པ་ལས་སྤྱང་ཀིས་དུར་བྲུས་ནས་ཁོ་མོ་ཡང་དུར་ནས་བྱུང་སྟེ་འདི་སྙམ་དུ་བསམས་སོ། ཁོ་མོས་སྔོན་སྡིག་པ་ཅིག་གི་བྱས་ན། འདི་འདྲ་བར་ལན་དུ་མ་ཤི་བ་ལས་ཕྱིར་སོས་པར་གྱུར། སྔོན་ཐོས་ན་ཤཱཀྱའི་རིགས་ཀྱི་སྲས་ཤིག་མངོན་པར་བྱང་ཆུབ་ནས་མཚན་ཡང་སངས་རྒྱས་ཞེས་བྱ་སྟེ། འདས་པ་དང༌། མ་འོངས་པ་ཀུན་མཁྱེན་ནོ། །ཞེས་གྲག་ན། ད་ནི།དེ་ལ་སྐྱབས་སུ་འགྲོའོ་སྙམ་བསམས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གང་ན་བ་དེ་ལོགས་སུ་སོང་བ་དང༌། རྒྱང་མ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་སྡོང་པོ་རྒྱས་པ་ལྟ་བུའམ། སྐར་མའི་ནང་ན་ཟླ་བ་ལྟ་བུར་མཐོང་ངོ༌། །

        དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀྱང་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་བདག་གདུལ་བའི་དུས་ལ་བབ་པར་མཁྱེན་ནས་བཞེངས་ཏེ་ཁོ་མོ་བསུའོ། ཁོ་མོ་སྒྲེན་མོར་འདུག་པས་ངོ་ཚ་སྟེ་ལག་པས་ནུ་མ་བཀབ་ནས་སལ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བུད་མེད་འདི་ལ་གོས་སྐོན་ཅིག་ཅེས་བཀའ་སྩལ་པ་དང༌། ཁོ་མོས་གོས་གྱོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བདག་ལ་ཐུགས་བརྩེ་བར་དགོངས་ནས་བདག་རབ་ཏུ་འབྱུང་བར་གནོད་ཞིག་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། བུད་མེད་འདི་སྐྱེ་རྒུའི་བདག་མོ་ལ་གཏད་དེ་རབ་ཏུ་ཕྱུང་ཞིག་ཅེས་བཀའ་སྩལ་ཏོ། །དེ་ནས་སྐྱེ་རྒུའི་བདག་མོས་ཁོ་མོ་རབ་ཏུ་ཕྱུང་ནས་ཁོ་མོ་ལ་བདེན་པ་བཞིའི་ཆོས་བསྟན་ནས་ཁོ་མོས་ཐོས་མ་ཐག་ཏུ་བརྩོན་འགྲུས་སུ་ནན་ཏན་བྱས་པས་དགྲ་བཅོམ་པ་ཐོབ་སྟེ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་བྱ་བ་ཀུན་རྟོགས་པར་གྱུར་ཏོ། །དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། སྔོན་ལས་ཅི་བགྱིས་ན། དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བ་སྟོན་ཅིག་ཅེས་སྨྲས་པ་དང༌། དགེ་སློང་མ་ཨུཏྤ་ལས་ཁྱེད་རྟག་པར་ཉོན་ཅིག །ཁྱེད་ལ་བསྟན་པར་བྱའོ། །ཞེས་སྨྲས་སོ། །སྔོན་འདས་པའི་དུས་ཡུན་རིང་པོ་ཞིག་ན་ཁྱིམ་བདག་ཤིན་ཏུ་ཕྱུག་པ་ཞིག་ལ་བུ་མེད་པ་ལས་ཆུན་མ་ཞིག་བླངས་ཏེ། ཆུན་མ་དེ་ལ་ཤིན་ཏུ་བྱམས་པས། རིང་པོ་མ་ལོན་པར་ཆུན་མ་དེ་སེམས་ཅན་དང་ལྡན་པར་གྱུར་ཏོ། །ཟླ་བ་ཚང་ནས་བུ་ཁྱེའུ་ཞིག་བཙས་ཏེ། ཁྱོ་ཤུག་གཉིས་དེ་ལ་བྱམས་ཤིང་སྡུག་པར་འཛིན་ཏོ། །དེ་ནས་ཆེན་མས་འདི་སྙམ་དུ་བསམས་སོ། །ཁོ་མོ་ནི། རིགས་ཆེ་ཞིང་བཙུན་མོད་ཀྱི། བུ་མེད་པས་རིགས་འཚོབ་པ་མེད་དོ། །གལ་ཏེ་ཁྱེའུ་འདི་ཆེར་སྐྱེས་ན་རིགས་འཚོ་བཅིང་ནོར་དང་ལོངས་སྤྱོད་ཀྱི་བདག་པོར་འགྱུར་ཏེ། བདག་ལ་མི་སྟེར་ཅིང་བདག་སྡུག་པར་འགྱུར་རོ་སྙམ་དུ་ཕྲག་དོག་སྐྱེས་ཏེ་བསད་པར་བསམས་ནས་བུ་ཁྱེའུའི་འཚོག་མར་ཁབ་ཀྱིས་བཙུགས་ཏེ་རྨ་ཡང་མི་སྣང་བར་བྱས་སོ། །ཁྱེའུ་ཡང་རིང་པོར་མ་ལོན་པར་ཚེ་འདས་པ་དང༌། ཆུན་མ་འཁམས་ནས་ཆེན་མ་ལ་ཁྱོད་ཀྱིས་ངའི་བུ་བསད་དོ། །ཞེས་བརྒལ་ཏོ། །ཆེན་མས་བསྙོན་ནས་འདི་སྐད་ཅེས་མནའ་བོར་རོ། །ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན། ཁོ་མོ་སྐྱེ་བ་ཐམས་ཅད་དུ་ཁོ་མོའི་ཁྱོ་སྦྲུལ་གདུག་པས་བསད་པར་ཤོག་ཅིག །བུ་ཞིག་ཡོད་ན་ཡང་ཆུས་ཁྱེར་བ་དང༌། སྦྱང་ཀིས་ཟ་བར་ཤོག་ཅིག །ཁོ་མོའི་ལུས་ཀྱང་གསོན་པོར་དུར་དུ་བཅུག་ཅིང་བུའི་ཤ་ཟ་བར་ཤོག་ཅིག །ཕ་མའི་ཁྱིམ་དུ་མེ་ཤོར་ཏེ་ཐམས་ཅད་ཚིག་པར་ཤོག་ཅིག་ཅེས་སྨྲས་སོ། །

        དེའི་ཚེ་ན་དེ་སྐད་ཅེས་མནའ་བོར་བའི་ཆེན་མ་དེ་ནི། ཁོ་མོ་ཡིན་ཏེ། དེ་དག་ཐམས་ཅད་ལུས་ཀྱིས་མྱོང་བར་གྱུར་ཏོ། །དགེ་སློང་མ་དེ་དག་གིས་སྨྲས་པ། བསོད་ནམས་ཅི་ཞིག་བྱས་ན། སངས་རྒྱས་མཐོང་ཞིང་སངས་རྒྱས་ཀྱིས་བསུ་ནས་རབ་ཏུ་བྱུང་སྟེ་འཁོར་བའི་མཐར་ཕྱིན་པར་གྱུར། ཨུཏྤ་ལས་སྨྲས་པ། སྔོན་ཝཱ་ར་ཎཱ་སི་འདིར་རི་དྲང་སྲོང་ལྷགས་ཞེས་བྱ་བ་ན་རང་སངས་རྒྱས་དང༌། ཉན་ཐོས་དང༌། མུ་སྟེགས་ཅན་མངོན་པར་ཤེས་པ་ལྔ་དང་ལྡན་པ་མང་དུ་གནས་སོ། །དེའི་ཚེ་ན་རང་སངས་རྒྱས་དག་ཅིག་བསོད་སྙོམས་ལ་གྲོང་དུ་གཤེགས་པ་དང༌། ཁྱིམ་བདག་གི་ཆུང་མ་ཞིག་གིས་མཐོང་ནས་རབ་ཏུ་དགའ་སྟེ་བསོད་སྙོམས་ཕུལ་ནས་མཆོད་པ་བྱས་སོ། །དེ་ནས་རང་སངས་རྒྱས་དེ་ནམ་མཁའ་ལ་འཕགས་ཏེ་ལུས་ལ་མེ་འབར་བ་དང༌། ཆུ་འབབ་པ་དང༌། འགྲོ་བ་དང༌། ཉལ་བ་དང༌། འདུག་པའི་རྫུ་འཕྲུལ་བསྟན་ནས་ཁྱིམ་བདག་གི་ཆུང་མ་དེས་ཁོ་མོ་ཡང་མ་འོངས་པའི་དུས་སུ་འདི་འདྲ་བ་ཐོབ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེ་ན་སྨོན་ལམ་བཏབ་པའི་ཁྱིམ་བདག་གི་ཆུང་མ་དེ་ནི། ཁོ་མོ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དང་ཕྲད་ནས་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པ་ཐོབ་བོ། །འདི་ལྟར་དགྲ་བཅོམ་པ་ཐོབ་མོད་ཀྱི། ལྕགས་ཚ་བའི་ཐུར་མ་སྤྱི་བོ་ནས་ཟུག་ནས་རྐང་མཐིལ་དུ་བྱུང་སྟེ་རྟག་ཏུ་འདི་ལྟ་བུའི་གནོད་པ་མྱོང་ངོ༌། །

        དེའི་ཚེ་རིགས་ཆེ་ཞིང་མཐོ་བའི་དགེ་སློང་མ་ལྔ་བརྒྱ་སྙེད་ཀྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལུས་དང་སེམས་སྐྱི་གཡའ་སྟེ་འདོང་བ་ལ་མེ་མ་མུར་གྱི་ཕུང་པོ་ལྟར་རྟོགས་ནས་འདོད་ཆགས་ཀྱི་སེམས་ཡོངས་སུ་ཟད་དེ། ཁྱིམ་གྱི་སྡུག་བསྔལ་ལ་བཙོན་ར་བས་ཀྱང་ལྷག་པར་རྟོགས་ཏེ། དྲི་མ་ཀུན་ཟད་ནས་དུས་གཅིག་ཏུ་ཏིང་ངེ་འཛིན་དུ་ཞུགས་ཏེ་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་མ་དེ་དག་གིས་ཚིག་མཐུན་པར་དགེ་སློང་མ་ཨུཏྤལ་ལ་བདག་ཅག་ནི། འདོད་ཆགས་ཀྱིས་ཀུན་ནས་བཅིངས་ཤིང་གླགས་པ་ལས་ཁྱོད་ཀྱིས་ཆོས་བསྟན་པས་འཁོར་བའི་མཐར་ཕྱིན་པར་གྱུར་ཏོ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཨུཏྤ་ལས་ནི། ལེགས་པར་བསྟན་ཏོ། །གང་ཆོས་སྟོན་པ་ནི། གཅིག་གིས་གཅིག་བསྟན་ཏེ་འབྲས་བུ་ཐོབ་ན། སངས་རྒྱས་ཀྱི་སྲས་ཡང་དག་པའོ། །ཞེས་བསྔགས་སོ། །དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །དགེ་སློང་མ་ཨུཏྤ་ལའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།

                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།