རྒྱལ་པོ་ཟླ་འོད་ཀྱིས་མགོ་བྱིན་པའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-18 19:17:42         ཀློག་ཐེངས།  

0689b8a9fb2b561de98440f16c94ea6.jpg

        བམ་པོ་དྲུག་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་ཨ་མྲའི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ན། བསྐལ་པ་གཅིག་གི་བར་དུ་འཇིག་རྟེན་ན་གནས་པར་འགྱུར་ཏེ། ངས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་པས། ད་དེ་བཞིན་གཤེགས་པ་འཇིག་རྟེན་ན། སྐུ་ཚེ་ཇི་སྲིད་ཀྱི་བར་དུ་བཞུགས་པའི་རིགས་ཞེས་ལན་གསུམ་གྱི་བར་དུ་སྨྲས་ན། དེའི་ཚེ་ན་ཀུན་དགའ་བོ་བདུད་ཀྱིས་བསླུས་པས། བཅོམ་ལྡན་འདས་ཀྱིས་བཀའ་ཐོས་བཞིན་དུ་ཙང་མི་སྨྲ་བར་འདུག་གོ །

        ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཁྱོད་ལོངས་ལ་དབེན་པར་སོང་སྟེ་ཤིན་ཏུ་སོམས་ཤིག །ཅེས་བཀའ་སྩལ་ནས་ཀུན་དགའ་བོ་འདུག་པ་ལས་ལངས་ཏེ་ཚལ་ཞིག་ཏུ་སོང་ངོ༌། །ཀུན་དགའ་བོ་སོང་བའི་འོག་ཏུ་བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་འོངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཡུན་རིང་དུ་འཇིག་རྟེན་ན་བཞུགས་ཏེ། གདུལ་བའི་རིགས་པ་ཡང་གངྒཱའི་ཀླུང་བྱེ་མ་སྙེད་བཏུལ་ནས་འཁོར་བ་ལས་ཡོངས་སུ་བཟླས་པའི་དོན་ཡང་མཛད་ལགས་ལ། ད་སྐུ་ན་ཡང་བགྲེས་ཀྱི། མྱ་ངན་ལས་འདའ་བར་གཤེགས་པའི་རིགས་སོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཉུང་ཟད་ཅིག་བླངས་ཏེ་ཕྱག་གི་སེན་མོའི་སྟེང་དུ་བཞག་ནས་བདུད་སྡིག་ཏོ་ཅན་ལ་ས་ཆེན་པོའི་ས་མང་ངམ། སེན་མོའི་སྟེང་གི་ས་མང་ཞེས་བཀའ་སྩལ་ནས་བདུད་སྡིག་ཅན་གྱིས་གསོལ་པ། ས་ཆེན་པོའི་ས་རབ་ཏུ་མང་གི །སེན་མོའི་སྟེང་གི་ས་མང་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བཏུལ་བའི་སེམས་ཅན་ནི། སེན་མོའི་སྟེང་གིས་དང་འདྲའོ། །གང་མ་བཏུལ་བ་ནི། ས་ཆེན་པོ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཏོ་ཅན་ལ་བཀའ་སྩལ་པ། ད་སྟེ་ཟླ་བ་གསུམ་ནང་ཡོངས་སུ་མྱ་ངན་ལས་འདའ་འོ། །ཞེས་བཀའ་སྩལ་པ་བདུད་སྡིག་ཏོ་ཅན་གྱིས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་དོང་ངོ༌། །

        དེའི་ཚེ་ཀུན་དགའ་བོ་ཚལ་གྱི་ནང་ན་གཉིད་ལོག་ནས་རྨི་ལམ་དུ་ཤིང་ཆེན་པོ་ནམ་མཁའི་ཁམས་ཀུན་ཏུ་ཡོག་པ་ལ་ཡལ་ག་དང༌། ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཤིན་ཏུ་རྒྱས་པ། འགྲོ་བ་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་བ། ཤིང་དེ་ལ་ཡོན་ཏན་བརྗོད་ཀྱིས་མི་ལང་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་རྨིས་ཏེ། རིང་པོ་མ་ལོན་པར་རླུང་ཆེན་པོ་ལངས་ནས་ཡལ་ག་དང་ལོ་མ་ཀུན་གྲུགས་ཏེ་རྡུལ་བཞིན་དུ་འཐོར་ནས་ཀྱང་སྟོབས་པོ་ཆེའི་གནས་སུ་མེད་པར་གྱུར་ཏེ་འགྲོ་བ་ཐམས་ཅད་ཤིན་ཏུ་མྱ་ངན་བྱེད་པ་སྙམ་རྨིས་ནས་སད་པ་དང་མི་བདེ་ཞིང་སྐྲག་པར་གྱུར་ཏེ་འདི་སྙམ་དུ་བསམས་སོ། །བདག་གིས་ལྷ་དང་མི་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་བའི་ཤིང་ཆེན་པོ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་རྨིས་ནས་རིང་པོ་མ་ལོན་པར་རླུང་ཆེན་པོས་གཏོར་ཏེ་མེད་པར་བྱས་པ་འདི། བཅོམ་ལྡན་འདས་ནི། ཤིང་ཆེན་པོ་དང་འདྲ་བར་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ན། ཅི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་དགོངས་སམ་སྙམ་བསམས་ནས་ཤིན་ཏུ་སྐྲག་སྟེ་བཅོམ་ལྡན་འདས་གང་ན་བར་འོངས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཚལ་ན་མཆིས་པ་ལས་རྨི་ལམ་འདི་ལྟ་བུ་ཞིག་རྨིས་ན། ཅི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་དགོངས་སམ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །ཁྱོད་ཀྱིས་སྨྲས་པ་བཞིན་ཏེ།ང་ད་སྟེ་ཟླ་བ་གསུམ་ན་མྱ་ངན་ལས་འདའོ། །གང་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་ནི། བསྐལ་པ་གཅིག་གི་བར་དུ་གནས་ཏེ། ང་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་ན། དེ་དེ་བཞིན་གཤེགས་པ་སྐུ་ཚེ་ཇི་སྲིད་ཀྱི་བར་བཞུགས་པའི་རིགས་ཞེས་ཁྱོད་ལ་དྲིས་ན། ལན་གསུམ་གྱི་བར་དུ་དྲིས་ཀྱང་ཁྱོད་སྨྲར་མ་བཏུབ་སྟེ། ཁྱོད་སོང་བའི་འོག་ཏུ་བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་འོངས་ཏེ་མྱ་ངན་ལས་འདའ་བར་གསོལ་ནས་ངས་ཀྱང་དེ་བཞིན་དུ་གནང་ངོ༌། །ཀུན་དགའ་བོས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་གདུངས་ཏེ་ལུས་མི་བཟོད་པར་གྱུར་ཏེ། ཉེ་གནས་རྣམས་ཀྱིས་གཅིག་ལ་གཅིག་སྤྲན་ནས་ཐམས་ཅད་ཀྱང་མྱ་ངན་གྱིས་གདུགས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་སོ། །

        དེ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་ཉེ་གནས་རྣམས་ལ་བཀའ་སྩལ་པ། རྟག་ཅེས་བྱ་བ་སུ་ཡིན། ཐམས་ཅད་ལ་རྟག་པ་མེད་དེ། ཁྱོད་ཀྱི་ཕྱིར་བྱ་བ་ཀུན་མཛད་དེ། བསྟན་པ་ཡང་བསྟན་ཟིན་པས་ཁྱེད་རྣམས་མྱ་ངན་མ་བྱེད་པར་བརྩོན་འགྲུས་སུ་ནན་ཏན་གྱིས་ཤིག་ཅེས་བཀའ་སྩལ་ནས་དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་ལུས་དེ་སྐད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའོ། །ཞེས་ཐོས་པ་དང་མྱ་ངན་དུ་གྱུར་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་ནི་ཧ་ཅང་ཡང་མྱུར་ཆེས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་མདོངས་ཤིང་མགོན་མེད་པར་གྱུར་ཏོ། །ཞེས་སྨྲས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་མཐོང་བར་མི་བཟོད་དེ། ཅི་ནས་ཀྱང་བདག་སྔར་མྱ་ངན་ལས་འདའོ། །ཞེས་ལན་གསུམ་གྱི་བར་དུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་སྟེ་ཁྱོད་དུས་ལ་བབ་པར་ཤེས་པ་ན། འཕགས་པ་ཐམས་ཅད་ནི། ཞི་བས་མྱ་ངན་ལས་འདའོ། །ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུས་ཀྱང་བཅོམ་ལྡན་འདས་ལས་གནང་བའི་ལུང་ཐོབ་ནས་གོས་ཚགས་བཅོས་ནས་བཅོམ་ལྡན་འདས་ལ་ལན་བརྒྱ་ཙམ་བསྐོར་ཏེ་ཚིགས་སུ་བཅད་པ་རྣམ་པ་མང་པོས་བསྟོད་ནས་སངས་རྒྱས་ཀྱི་ཞབས་དང་ཕྱག་ནས་བཟུང་སྟེ་ལན་གསུམ་གྱི་བར་དུ་སྤྱི་བོ་ས་ལ་གཏུགས་ནས་ཐལ་མོ་སྦྱར་ཏེ་འདི་སྐད་དུ་བདག་གིས་ནང་གི་ཐ་མར་ཡང་བཅོམ་ལྡན་འདས་མཐོང་ངོ༌། །ཞེས་སྨྲས་ནས་སྟི་སྟང་དང་བཅས་ནས་མཆི་ཕྱག་འཚལ་ཏེ་ཉེ་གནས་དགེ་ཚུལ་ཀྱུན་ཏེ་དང་རྒྱལ་བའི་ཁབ་སྔོན་སྐྱེ་བའི་གནས་གང་ན་བར་སོང་ངོ༌། །དེར་ཕྱིན་པ་དང་དགེ་ཚུལ་ཀྱུན་ཏེ་ལ་བསྒོ་བ། ཁྱོད་སོང་ལ་གྲོང་ཁྱེར་དང༌། གྲོང་རྡལ་དང༌། རྒྱལ་པོའི་ཕོ་བྲང་དང༌། བློན་པོའི་གནས་དང༌། ཡོན་བདག་བཤེས་པའི་གནས་ཀུན་ཏུ་སོང་ལ་དེ་དག་ལ་ང་ཕྱི་ཕྱག་འཚལ་ལོ། །ཞེས་བསྒོ་ཞིག །དེ་ནས་དགེ་ཚུལ་ཀྱུན་ཏེ་སློབ་དཔོན་གྱིས་བསྒོ་བ་བཞིན་དུ་ཀུན་ཏུ་སོང་ནས་འདི་སྐད་དུ་བདག་གི་མཁན་པོ་ཤཱ་རིའི་བུ་འདིར་གཤེགས་ཏེ། མྱ་ངན་ལས་འདའ་བར་གཤེགས་ཀྱི། ཁྱེད་ཀྱིས་མཐོང་བར་འདོད་ན་ཀུན་ཤོག་ཅིག་ཅེས་བསྒོའོ། །

        དེའི་ཚེ་ན་རྒྱལ་པོ་མ་སྐྱེས་དགྲ་དང༌། ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་དང༌། ཡོན་བདག་གི་རིགས་རྣམས་དགེ་ཚུལ་གྱིས་བསྒོ་བ་ཐོས་ནས་ཐམས་ཅད་མི་དགའ་ཞིང་མྱ་ངན་གྱིས་གདུངས་པར་གྱུར་ཏེ་ཐམས་ཅད་ཚིག་མཐུན་པར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་གཙོ་བོ་ཆེན་པོ། འགྲོ་བ་མང་པོའི་བཤེས་གཉེན་དུ་གྱུར་པ་ད་མྱ་ངན་ལས་འདའ་བ་ནི། ཧ་ཅང་ཡང་སྔ་ཆེས་སོ། །ཞེས་སྨྲས་ནས་དེ་དག་མྱུར་བར་ཤཱ་རིའི་བུ་གང་ན་བ་དེར་ལྷགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་གཙོ་བོ་ཆེན་པོ། འགྲོ་བ་མང་པོའི་བཤེས་གཉེན་སྐུ་ཚེ་ཡོངས་སུ་གཏོང་སྟེ་མྱ་ངན་ལས་འདའོ། །ཞེས་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་མགོན་དང་དཔུང་གཉེན་མེད་པར་འགྱུར་རོ། །དེ་ནས་ཤཱ་རིའི་བུས་འཁོར་མང་པོ་ལ་སྨྲས་པ། ཐམས་ཅད་མི་རྟག་པ་སྟེ། སྐྱེ་བ་ཡང་མཐར་འཆི་ལ་འདུས་པ་ཡང་མཐར་འབྲལ་བས། ཁམས་གསུམ་ནི། སྡུག་བསྔལ་བ་དང་བཅས་པས་ན་གང་ཞིག་བདེ་བར་འགྱུར། ཁྱེད་ནི། སྔོན་གྱི་དགེ་བའི་རྩ་བ་ལས་སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དང་ཡང་ཕྲད་མོད་ཀྱི། མདོ་སྡེ་དང་ཆོས་ཐོས་པ་ཡང་ཤིན་ཏུ་དཀའ། མི་ལུས་ཐོབ་པ་ཡང་ཤིན་ཏུ་དཀའ་བ་ཡིན་གྱི། བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་འཁོར་བ་ལས་གྲོལ་བའི་ལས་ལ་བརྩོན་པར་གྱིས་ཤིག་ཅེས་ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་འཁོར་མང་པོ་ལ་ཇི་ལྟར་ན་བ་ལ་སྨན་གཏོང་བ་བཞིན་དུ་རྒྱ་ཆེར་བསྟན་ཏེ། འཁོར་མང་པོས་ཆོས་བསྟན་པ་ཐོས་ནས་ཁ་ཅིག་ནི། འབྲས་བུ་དང་པོ་ནས་འབྲས་བུ་གསུམ་པའི་བར་དུ་ཐོབ་པར་གྱུར།

        ཁ་ཅིག་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར། ཁ་ཅིག་ནི། རང་སངས་རྒྱས་སུ་གྲུབ་པར་ཡི་དམ་བཅས་ཏེ་ཆོས་བསྟན་པ་ཐོས་ནས་ཕྱག་འཚལ་ནས་སོ་སོར་དོང་ངོ༌། །དེ་ནས་ཤཱ་རིའི་བུ་དེའི་ནུབ་མོ་ནམ་གྱི་ཆ་སྨད་ལ་ལུས་དང་སེམས་དྲང་པོར་བཞག་སྟེ་སེམས་རྩེ་གཅིག་ཏུ་བསམ་གཏན་དང་པོ་ལ་ཞུགས་སོ། །བསམ་གཏན་དང་པོ་ལས་བྱུང་ནས་བསམ་གཏན་གཉིས་ལ་ཞུགས། བསམ་གཏན་གཉིས་པ་ལས་བྱུང་ནས་བསམ་གཏན་གསུམ་པ་ལ་ཞུགས། བསམ་གཏན་གསུམ་པ་ལས་བྱུང་ནས་བསམ་གཏན་བཞི་པ་ལ་ཞུགས། བསམ་གཏན་བཞི་པ་ལས་བྱུང་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས་འགོག་པའི་ཏིང་ངེ་འཛིན་ལ་ཞུགས། འགོག་པའི་ཏིང་ངེ་འཛིན་ལས་བྱུང་ནས་མྱ་ངན་ལས་འདའ་བར་བཞུགས་སོ། །

        དེའི་ཚེན་བརྒྱ་བྱིན་ལྷའི་དབང་པོས་ཤཱ་རིའི་བུ་མྱ་ངན་ལས་འདའ་བར་ཤེས་ནས་ལྷའི་འཁོར་བརྒྱ་སྟོང་མང་པོ་དང་སོ་སོ་ནས་མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་ཡོ་བྱད་ཐོགས་ཏེ་ཕྱོགས་དེར་ལྷགས་ནས་སྟེང་གི་ནམ་མཁའ་ལ་བར་མཚམས་མེད་པར་འཁོད་དེ་མཆི་མ་ཆར་བཞིན་དུ་བླགས་ནས་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་གཏོར་ནས་འདི་སྐད་དུ་བཙུན་པ་ཤཱ་རིའི་བུའི་ཤེས་རབ་ནི། ཟབ་ཁྱད་ཀྱང་རྒྱ་མཚོ་ཙམ་སྟེ། ཇི་ལྟར་རིགས་པའི་བློ་དང་ལྡན། གསུང་གི་སྤོབས་པ་ནི། ཆུ་མིག་དང་འདྲ་སྟེ། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཏུ་ལྡན། ཆོས་ཀྱི་གཙོ་བོ་ཆེན་པོ་དེ་བཞིན་གཤེགས་པའི་རྗེས་སུ་ཆོས་ཀྱི་འཁོར་ལོ་རྒྱས་པར་བསྐོར་བ་དང་མྱ་ངན་ལས་འདའ་བ་ནི། ཧ་ཅང་ཡང་སྔ་ཆེས་སོ། །གྲོང་ཁྱེར་དེའི་ནང་དང་ཕྱི་རོལ་ན་འདུག་པའི་མི་ཐམས་ཅད་ཀྱིས་ཤཱ་རིའི་བུ་མྱ་ངན་ལས་འདས་སོ། །ཞེས་ཐོས་ནས་ཐམས་ཅད་ཀྱིས་མར་དང་འབྲུ་མར་བསུང་ཅན་དང༌། སྤོས་དང༌།མེ་ཏོག་དང༌། མཆོད་པའི་ཡོ་བྱད་ཐོགས་ཏེ་ཐམས་ཅད་ལྷགས་ནས་ལུས་ཀྱིས་མི་བཟོད་པར་མྱ་ངན་གྱིས་གདུངས་ཏེ་སོ་སོ་ནས་ཐོགས་པའི་ཡོ་བྱད་ཀྱིས་མཆོད་པ་བྱས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་བི་ཤྭ་ཀརྨ་ལ་བསྒོ་བ། ཁྱོད་ཀྱིས་རིན་པོ་ཆེ་མང་པོས་བརྒྱན་པའི་ཤིང་རྟ་སྦྱོར་ཅིག། ཤཱ་རིའི་བུའི་བུར་གཞག་པར་བྱའོ། །ཞེས་བསྒོའོ། །

        དེ་ནས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། རྒྱལ་པོ་དང༌། བློན་པོ་དང༌། ཡུལ་གྱི་མི་ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ་གང་ན་ཐང་བདེ་བར་བསྐྱལ་ཏོ། །བརྒྱ་བྱིན་ལྷའི་དབང་པོས་གནོད་སྦྱིན་རྣམས་ལ་ཁྱེད་ཀྱིས་རྒྱ་མཚོའི་ངོགས་ནས་གླང་མགོའི་ཙནྡན་ལོངས་ཤིག་ཅེས་བསྒོས་ནས་གནོད་སྦྱིན་རྣམས་ཀྱིས་རྒྱ་མཚོའི་ངོགས་ནས་ཙནྡན་བླངས་ཏེ་སྤུངས་ནས་དེའི་སྟེང་དུ་བུར་བཞག་སྟེ་མར་དང་འབྲུ་མར་གྱིས་གཏོར་ནས་མེ་བཏང་ངོ༌། །འཁོར་དེ་དག་ཀུན་གྱིས་ཕྱག་འཚལ་ཏེ་ཕྱིར་དོང་ངོ༌། །མེ་ཤི་བའི་འོག་ཏུ་དགེ་ཚུལ་ཀུན་ཏེས་སློབ་དཔོན་གྱི་རིང་བསྲེལ་དང༌། ལྷུང་བཟེད་དང༌། ཆོས་གོས་གསུམ་ཐོགས་ཏེ་སངས་རྒྱས་གང་ན་བདེར་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་པུས་མོའི་ལྷ་ངས་ལ་བཙུགས་ནས་བདག་གི་སློབ་དཔོན་ནི། མྱ་ངན་ལས་འདས་ཏེ། དེའི་རིང་བསྲེལ་དང༌། ཆོས་གོས་དང༌། ལྷུང་བཟེད་ནི། འདི་དག་ལགས་སོ། །ཞེས་གསོལ་ཏོ། །དེའི་ཚེ་ན་ཀུན་དགའ་བོས་དགེ་ཚུལ་གྱིས་སྨྲས་པ་ཐོས་ནས་མྱ་ངན་གྱིས་ཤིན་ཏུ་གདུངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤཱ་རིའི་བུ་ཚོགས་ཀྱི་གཙོ་བོ་ཆེན་པོ་ཡང་མྱ་ངན་ལས་འདས་ན། བདག་ཅག་གིས་སུ་ལ་གནས་བཅའ་ཞིང་སྐྱབས་སུ་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་མྱ་ངན་ལས་འདས་ཀྱང་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌།རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དང༌། ཆོས་ཀྱི་སྐུ་ནི། མྱ་ངན་ལས་མ་འདས་སོ། །ཤཱ་རིའི་བུ་ནི། ད་ལྟར་འབའ་ཞིག་ང་མྱ་ངན་ལས་འདའ་བ་ལ་མཐོང་བར་མི་བཟོད་དེ། སྔར་མྱ་ངན་ལས་འདས་པ་འདིར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་ང་ཚེ་འཕོབ་ལ་མ་བཟོད་ནས་སྔར་ཆེ་འཕོས་སོ། །ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། སྔོན་བཅོམ་ལྡན་འདས་སྐུ་ཚེ་སྔ་མ་ལ་ཡང་སྔར་གུམ་ནས་ཕྱིས་གཤེགས་པའི་དངོས་པོ་རྒྱས་པར་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ལ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་འདས་པའི་སྔ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་ཆེ་གེ་མོ་ཞིག་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ། འཛམ་བུའི་གླིང་ལ་དབང་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང༌། ལྗོངས་སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་ལ་དབང་བྱེད་པ་ཞིག་བྱུང་ངོ༌། །རྒྱལ་པོ་དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ་ཡོད་དོ།

        བཙུན་མོ་ཆེན་མོ་ནི། མེ་ཏོག་སྦྱིན་ཞེས་བྱ། བཙུན་མོ་རབ་འོག་ནི། སྤྱན་ཆེན་མོ་ཞེས་བྱ་སྟེ། རྒྱལ་པོ་དེ་ལ་རྒྱལ་བུ་ལྔ་བརྒྱ་སྙེད་ཡོད་དོ། །རྒྱལ་བུ་ཐུ་བོ་རྒྱལ་ཚབ་ནི། ཚུལ་ཁྲིམས་བཟང་པོ་ཞེས་བྱ། རྒྱལ་པོ་བཞུགས་པའི་ཕོ་བྲང་ནི། འཚོ་བ་བཟང་པོ་ཞེས་བྱ་སྟེ། ཕོ་བྲང་དེ་ཆུ་ཞེང་གབ་པར་དཔག་ཚད་བཞི་བརྒྱ་ཡོད་དེ། གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་ལས་བྱས་སོ། །སྐྱེད་མོས་ཚལ་གྱི་ནང་ན་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་གྱི་ཤིང་ཚར་བཞི་ཡོད་དེ། ཁ་ཅིག་གི་ཡལ་ག་ནི། གསེར། ལོ་མ་ནི། དངུལ། ཁ་ཅིག་གི་ཡལ་ག་ནི། དངུལ། ལོ་མ་ནི། གསེར། ཁ་ཅིག་གི་ཡལ་ག་ནི། བཻ་ཌཱུཪྻ། ལོ་མ་ནི། ཤེལ། ཁ་ཅིག་གི་ཡལ་ག་ནི།ཤེལ། ལོ་མ་ནི། བཻ་ཌཱུཪྻ་སྟེ། རིན་པོ་ཆེའི་རྫིང་རྣམས་ཀྱང་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་ལས་བྱས་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བཞིའི་བྱེ་མ་བདལ་སྟེ་རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ཚེ་ཁོ་ར་ཁོར་ཡུག་དཔག་ཚད་བཞི་བཅུའི་བར་དུ་གསེར་དང༌། དངུལ་དང༌། བཻ་ཌཱུཪྻ་དང༌། ཤེལ་གྱིས་ཆལ་པར་བཀང་ངོ༌། །ཡུལ་དེ་ན་གནས་པའི་མི་རྣམས་བདེ་ཞིང་སྐྱིད་པ། ལོ་ལེགས་པ། ལོངས་སྤྱོད་འབྱོར་པ། རིན་པོ་ཆེ་དམ་པ་གྲངས་མེད་པ་བདོག་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཕོ་བྲང་ན་འདུག་པ་ལས་རྟག་ཏུ་འདི་སྙམ་དུ་བསམ་བསྐྱེས་སོ། །

        འཇིག་རྟེན་ན་གནས་པ་དག་བཙན་ཞིང་ཆེ་བ་ལ་ཐམས་ཅད་ཀྱིས་བཀུར་སྟི་བྱེད་པར་འགྱུར་སྙམ་དུ་བསམས་མ་ཐག་ཏུ་འདོད་པ་ལྔའི་ལོངས་སྤྱོད་དམ་པ་ཡིད་བཞིན་དུ་གྲུབ་སྟེ། འདི་ལྟར་འབྲས་བུ་མཆོག་ཐོབ་པ་ཡང་སྔོན་བསོད་ནམས་ཀྱི་ཚོགས་བསྐྱེད་པ་ལས་གྱུར་ཏེ། དཔེར་ན། ཞིང་པ་དག་ཀྱང་དཔྱིད་ས་བོན་མང་དུ་བཏབ་ན། སྟོན་མང་དུ་བསྡུར་ཡོད་དོ་སྙམ་དུ་རེ་བ་ཡོད་དོ། །བདག་ཀྱང་དེ་དང་འདྲ་སྟེ། སྔོན་བསོད་ནམས་ཀྱི་ཚོགས་བསྐྱེད་པས་ད་ལྟར་འདི་ལྟ་བུ་གྲུབ་པར་གྱུར་ཏོ། །ད་ལྟའི་དུས་སུ་ས་བོན་མ་བསྐྱེད་ན། ཕྱིས་རེ་བ་མེད་དོ་སྙམ་བསམས་ནས་བློན་པོ་རྣམས་ལ་ད་ནི། བདག་གིས་རིན་པོ་ཆེ་དང༌། ལོངས་སྤྱོད་ཀྱིས་ཀུན་ལ་སྦྱིན་པའི་ཕྱིར་གྲོང་ཁྱེར་གྱི་སྒོ་དང༌། ཚོང་དུས་ཀྱི་མདོར་སྤུངས་ཏེ་སེམས་ཅན་ལ་ཡིད་བཞིན་དུ་ཅི་བདོག་པ་སྦྱིན་པར་བྱའོ། །གཞན་ཡང་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པ་ལ་ཡང་བང་མཛོད་ཅི་ཡོད་པ་ཐམས་ཅད་འགྲོ་བ་མང་པོ་ལ་སྦྱིན་པར་བཀར་བཏགས་སོ། །ཞེས་བསྒོ་ནས་གསེར་གྱི་རྒྱལ་མཚན་བསྒྲེངས་ཏེ་གསེར་གྱི་རྔ་བརྡུངས་ནས་ཕྱོགས་སུ་རྒྱས་པར་ཀུན་གྱིས་ཐོས་ཤིང་ཤེས་པར་ཤིན་ཏུ་བསྒྲགས་སོ། །

        དེའི་ཚེ་ན་ཡུལ་དེ་ན་འཁོད་པའི་དགེ་སྦྱོང་དང༌། བྲམ་ཟེ་དང༌། དབུལ་ཕོངས་པ་དང༌། མགོན་མེད་པ་དང༌། རྒན་པོ་ལོངས་སྤྱོད་ཀྱིས་བྲེལ་བ་ཐམས་ཅད་སྤྲིན་བཞིན་དུ་འདུས་ཏེ། གང་གོས་འདོད་པ་ལ་གོས། ཟས་འདོད་པ་ལ་ཟས། གསེར་དངུལ་དང་ནོར་རིན་པོ་ཆེ་འདོད་པ་ལ་གསེར་དངུལ་དང་ནོར་བུ་རིན་པོ་ཆེ། ནད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་སྨན་ལ་སོགས་ཏེ། ཅི་བདོག་པ་ཡིད་བཞིན་དུ་བྱིན་ནོ། །དེའི་ཚེ་ན་འཛམ་བུ་གླིང་ན་འཁོད་པའི་འགྲོ་བ་ཐམས་ཅད་རྒྱལ་པོའི་དྲིན་གྱིས་ཐམས་ཅད་བདེ་ཞིང་སྐྱིད་པས། གླུ་ལེན་བྲོ་བརྡུང་ཚིགས་སུ་བཅད་པས་བསྟོད་དོ། །རྒྱལ་པོ་དེའི་མིང་སྙན་པ་མཐའ་འོག་ཀུན་ཏུ་གྲགས་ནས་བཀའ་མི་ཉན་པ་མེད་དོ། །དེའི་ཚེ་ན་ཡུལ་གྱི་མཐའ་འཁོབ་ན་རྒྱལ་པོ་ཆུང་དུ་བྱི་མ་སེ་ན་ཞེས་བྱ་བ་ཞིག་རྒྱལ་པོ་ཟླ་འོད་ལ་ཕྲག་དོག་སྐྱེས་ནས་བདེ་བར་ཉལ་དུ་མེད་དེ་གཉིད་ཀྱང་མི་བྲོ་ནས་འདི་སྙམ་དུ་བསམས་སོ། །རྒྱལ་པོ་ཟླ་འོད་མེད་པར་མ་བྱས་ཀྱི་བར་དུ་བདག་གི་མིང་གྲགས་པར་མི་འགྱུར་གྱི། བདག་གི་ཡུལ་ཕྱོགས་ན་འཁོད་པའི་ཀུན་ཏུ་རྒྱུ་དག་བོས་ལ་ཀུན་ཏུ་སྒྲུབ་ཏུ་གཞུག་པའི་ཐབས་བྱའོ་སྙམ་བསམས་ནས་བདག་གི་ཡུལ་ན་འཁོད་པའི་ཀུན་ཏུ་རྒྱུ་བོས་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་བསྟི་སྟང་དང་བཅས་པས་ཟླ་བ་གསུམ་གྱི་བར་དུ་མཆོད་པ་བྱས་ནས་ཀུན་ཏུ་རྒྱུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ང་ནི། མྱ་ངན་གྱིས་ནོན་ཏེ་ཉིན་མཚན་དུ་མི་བདེ་ན། ཁྱེད་ནི། ཆོས་སྤྱོད་པ་ཡིན་ཏེ། མཆོད་པའི་གནས་ཡིན་ན། ངའི་མྱ་ངན་མེད་པར་བྱ་བའི་ཐབས་སོམས་ཤིག །བྲམ་ཟེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཅིའི་སླད་དུ་ཐུགས་ངན་མཛད་པ་བདག་ཅག་ལ་གསུངས་ཤིག །ཅི་ནུས་ཀྱིས་རྒྱལ་པོའི་ཐུགས་ངན་མ་མཆིས་པར་བགྱིའོ། །རྒྱལ་པོས་སྨྲས་པ། རྒྱལ་པོ་ཟླ་འོད་དེ་ཡོན་ཏན་ཀུན་ཏུ་གྲགས་པས་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན། ང་འབའ་ཞིག་ཡོན་ཏན་མ་གྲགས་ཏེ། རྒྱལ་པོ་དེ་མེད་པར་བྱ་བར་དགའ་ན། ཁྱེད་ལ་ཐབས་ཅི་ཡོད་པ་སྨྲོས་ཤིག །

        བྲམ་ཟེ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ཐོས་ནས་སོ་སོ་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཟླ་འོད་དེ་ནི། སྙིང་རྗེ་དང་ལྡན་ཏེ། འགྲོ་བ་ཐམས་ཅད་ལ་དྲིན་གྱིས་ཁྱབ་ཅིང་དབུལ་ཕོངས་པ་ལ་ཡང་ཕ་མ་ལྟ་བུར་གྱུར་པས། བདག་ཅག་ནི། ཚེ་འཕོ་བར་ཐུག་ཀྱང་དེ་ལ་འཁུ་ཞིང་གནོད་པ་བྱེད་མི་ནུས་སོ། །ཞེས་སྨྲས་ནས་འཚོ་བ་ལ་ཡང་མ་བལྟས་ཏེ་སོ་སོར་གྱེས་སོ། །རྒྱལ་པོ་བྱི་མ་སེ་ན་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པར་མི་དགའ་སྟེ་འདི་སྐད་ཅེས་བཀར་བཏགས་སོ། །གང་སུ་ཡང་རུང་བའི་ཕྱིར་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་དེ་འོངས་ན། རྒྱལ་སྲིད་ཕྱེད་ཀྱང་སྦྱིན་ཞིང་བུ་མོ་ཡང་ཆུང་མར་སྦྱིན་ནོ། །ཞེས་བཀར་བཏགས་པ་དང༌། དེའི་ཚེ་རི་བྲགས་ཀྱི་གྲོང་ན་བྲམ་ཟེ་ལེའུ་དེ་ཙ་ཞེས་བྱ་བས་ཐོས་ཏེ་རྒྱལ་པོ་དེ་གང་ན་བ་དེར་འོངས་ནས་རབ་ཏུ་དགའ་སྟེ་འདི་སྐད་དུ་བདག་གིས་ནི། རྒྱལ་པོས་དགོངས་པ་བཞིན་དུ་སྒྲུབ་ནུས་སོ། །ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། དེ་ལྟར་སྒྲུབ་ནུས་ན་ཉི་མ་གང་ལ་འགྲོ་བར་བྱ། བྲམ་ཟེས་སྨྲས་པ། བདག་གི་ལམ་རྒྱགས་སྩོལ་ཅིག་དང༌། ད་སླད་ཆད་ཞག་བདུན་ན་མཆི་བར་བགྱིའོ། །ཞེས་གསོལ་པ་དང༌། བྲམ་ཟེ་དེ་ཞག་བདུན་གྱི་བར་དུ་བདག་གི་ལུས་སྲུང་བའི་སྔགས་བྱས་ནས་རྒྱལ་པོ་ལ་ཕྱི་ཕྱག་འཚལ་ཏེ་ལམ་དུ་ཞུགས་ནས་སོང་ངོ༌། །

        དེའི་ཚེ་རྒྱལ་པོ་ཟླ་འོད་ཀྱི་ཡུལ་དུ་ལྟས་ངན་རྣམ་པ་སྣ་ཚོགས་བྱུང་སྟེ། ས་ཀུན་གསལ་པ་དང༌། གློག་འགྱུ་བ་དང༌། སྐར་མ་ལྟུང་བ་དང༌། ཉིན་མཚན་དུ་ཡུལ་རྨུས་པ་དང༌། འབྲུག་དྲག་པོ་དང་སེར་བ་དང་གནམ་ལྕགས་དང༌། བྱ་མང་པོས་ནམ་མཁའ་ལ་སྙིང་རྗེ་བའི་སྐད་ཟེར་ཞིང༌། ནམ་མཁའ་ལས་རང་ལྟུང་བ་དང༌། སྟག་དང༌། གཟིག་དང༌། སྤྱང་ཀི་དང༌། གཅན་གཟན་དང༌། རི་དྭགས་ལ་སོགས་པ་རྒྱུག་མ་ཆོང་ཞིང་སྐད་ཟེར་བ་དང༌། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་རྨི་ལམ་དུ་རྒྱལ་པོ་ཆེན་པོའི་གསེར་གྱི་རྒྱལ་མཚན་ཆག་པ་དང༌། གསེར་གྱི་རྔ་རལ་བར་རྨིས་སོ། །བློན་པོ་ཟླ་བ་ཆེན་པོ་ཞེས་བྱ་བའི་རྨི་ལམ་དུ་ཡི་དྭགས་ཤིག་གིས་རྒྱལ་པོའི་གསེར་གྱི་ཅོད་པན་འཕྲོག་པ་སྙམ་རྨིས་ཏེ། ཐམས་ཅད་ཀྱང་ལུས་ཀྱིས་མི་བཟོད་པ་ཙམ་དུ་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེའི་ཚེ་ན་གྲོང་ཁྱེར་གྱི་སྒོ་སྲུང་པའི་ལྷས་བྲམ་ཟེ་དེ་རྒྱལ་པོའི་མགོ་སློང་བ་ལ་འོངས་པར་རྟོགས་ནས་དེ་མྱོས་ཤིང་བསླད་པར་བྱས་ཏེ་གྲོང་ཁྱེར་གྱི་སྒོ་ནས་མ་བཏང་བས། བྲམ་ཟེ་དེས་གྲོང་ཁྱེར་ལ་ལན་མང་དུ་བསྐོར་ཀྱང་ནང་དུ་མ་ཆུད་དོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷས་ཀྱང་རྒྱལ་པོ་ཟླ་འོད་མགོ་བོ་སྦྱིན་པ་བྱས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ཤེས་ནས་རྨི་ལམ་དུ་རྒྱལ་པོ་ལ་སྦྲན་ཏོ། །རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱི་ཡིད་དང་མི་འགལ་བར་སྦྱིན་པ་སྦྱིན་ནོ། །ཞེས་ཡི་དམ་བཅས་ན། ད་ལྟར་སློང་བ་གྲོང་ཁྱེར་གྱི་སྒོར་འོངས་ཏེ་ནང་དུ་འོང་བའི་དབང་མེད་དོ། །ཞེས་སྦྲན་ཏོ། །སད་ནས་ངོ་མཚར་དུ་གྱུར་ཏེ་བློན་པོ་ཟླ་བ་ཆེན་པོ་ལ་ཁྱོད་སོང་ལ་གྲོང་ཁྱེར་གྱི་སྒོ་ནས་སུ་འོང་ཡང་རུང༌། མ་དགག་པར་ནང་དུ་ཐོང་ཞིག་ཅེས་བསྒོ་ཞིག །ཟླ་བ་ཆེན་པོ་གྲོང་ཁྱེར་གྱི་སྒོར་འོངས་པ་དང༌། གྲོང་ཁྱེར་གྱི་སྒོ་སྲུང་བའི་ལྷས་ལུས་མངོན་པར་བསྟན་ཏེ་ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཞིག་ཡུལ་གཞན་ནས་འོངས་ཏེ་སྡིག་པའི་སེམས་ཀྱིས་རྒྱལ་པོའི་མགོ་བོ་སློང་དུ་འོངས་པས་ནང་དུ་མ་བཏང་བ་ཡིན་ནོ། །བློན་པོས་སྨྲས་པ། གལ་ཏེ་དེ་ལྟར་བདེན་ན་གནོད་པའི་ལྟས་ཆེན་པོ་ཡིན་ཏེ། འོན་ཀྱང་རྒྱལ་པོའི་བཀའ་བཅག་ཏུ་མི་རུང་ངོ༌། །ཞེས་བསྒོའོ། །

        དེ་ནས་གྲོང་ཁྱེར་སྲུང་བའི་ལྷས་ཀྱང་བྲམ་ཟེད་ནང་དུ་བཏང་ངོ༌། །བློན་པོ་ཟླ་བ་ཆེན་པོས་འདི་སྙམ་དུ་བསམས་སོ། །བྲམ་ཟེ་འདི་ནི། གདོན་མི་ཟ་བར་རྒྱལ་པོའི་མགོ་སློང་བར་འགྱུར་གྱི། རིན་པོ་ཆེ་སྣ་བདུན་ལས་སྣ་གཅིག་ཀྱང་མགོ་ལྔ་བརྒྱ་ལྔ་བརྒྱ་བྱས་ཏེ། མགོ་བོ་འདི་དག་གི་རྒྱལ་པོའི་མགོ་བླུའོ་སྙམ་བསམས་ནས་སྦྱོར་དུ་བཅུག་གོ །དེ་ནས་བྲམ་ཟེ་དེ་རྒྱལ་པོའི་ཕོ་བྲང་དུ་འོངས་ཏེ་སྐད་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །བདག་ནི། ཡུལ་གྱི་མཐའ་འཁོབ་ནས་མཆིས་ཏེ། རྒྱང་མ་ནས་རྒྱལ་པོས་ནི། ཐམས་ཅད་ཡོངས་སུ་གཏོང་ལ། ཕ་རོལ་པོའི་ཡིད་དང་མི་འགལ་བར་མཛད་དོ། །ཞེས་ཡོན་ཏན་ཆེན་པོ་ཐོས་ནས་ལམ་རིང་པོ་ནས་དགོས་པ་འདོད་པའི་སླད་དུ་འདིར་མཆིས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཕྱག་འཚལ་ནས་ངལ་བར་མ་གྱུར་ཏམ་ཞེས་དྲིས་ཏེ་ནོར་ཅི་འདོད་པ་དང༌། ཡུལ་ལམ། རྒྱལ་སྲིད་དམ། གྲོང་ཁྱེར་རམ། ཆུང་མའམ། བུ་ཕོའམ། བུ་མོའམ། རིན་པོ་ཆེའམ། ཐེག་པའམ། གླང་པོ་ཆེའམ། རྟའམ། རིན་པོ་ཆེ་སྣ་བདུན་ནམ། ཕོ་བྲང་ངམ། བྲན་ཕོའམ། བྲམ་མོའམ། ལས་བྱེད་པའི་མིའམ། ཅི་འདོད་པ་ཐམས་ཅད་སྦྱིན་ནོ། །ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། ཕྱི་རོལ་གྱི་ལོངས་སྤྱོད་ཀྱི་སྦྱིན་པ་ནི། སྦྱིན་པའི་བསོད་རྣམས་སུ་འགྱུར་མོད་ཀྱི། སྦྱིན་པ་རྒྱ་ཆེན་པོར་མི་འགྱུར་ཏེ། གང་ལུས་ཀྱི་ཤ་སྦྱིན་པ་བསོད་ནམས་ཀྱི་མཆོག་ཡིན་པས། བདག་ནི། རྒྱལ་པོའི་དབུ་འཚལ་བའི་སླད་དུ་ལ་མ་རིང་པོ་ནས་འདིར་མཆིས་ཀྱི། ཡིད་དང་མི་འགལ་བར་མཛད་ན། སྦྱིན་པར་མཛོད་ཅིག་ཅེས་གསོལ་པ་དང༌། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་དཔེ་མེད་པར་དགའ་བར་གྱུར་ཏོ། །

        བྲམ་ཟེས་སྨྲས་པ། བདག་ལ་དབུ་སྩལ་ནི། ནམ་སྩལ་བ་བཀའ་སྩལ་དུ་གསོལ་རྒྱལ་པོས་སྨྲས་པ། ད་སྟེ་ཞག་བདུན་ན་ཁྱོད་ལ་མགོ་སྦྱིན་ནོ། །ཞེས་བསྒོའོ། དེ་ནས་བློན་པོ་ཟླ་བ་ཆེན་པོས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མགོ་རྣམས་ཁྱེར་ཏེ་འོངས་ནས་བྲམ་ཟེའི་མདུན་དུ་ལྟོ་བ་ས་ལ་ཕབ་སྟེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་དབུ་ནི། ཤ་དང༌། ཁྲག་དང༌། རུས་པ་སྟེ། མི་གཙང་བ་ཡིན་ན་ཅི་ཞིག་ཏུ་རུང༌། རིན་པོ་ཆེ་སྣ་བདུན་གྱི་མགོ་འདི་དག་གིས་བརྗེའོ། །རིན་པོ་ཆེ་སྣ་བདུན་གྱི་མགོ་འདི་དག་གིས་ཁྱོད་ཚེ་གཅིག་ཏུ་ཕྱུག་པར་འགྱུར་རོ། །བྲམ་ཟེས་སྨྲས་པ། བདག་ལ་འདི་དག་མི་དགོས་ཀྱི། རྒྱལ་པོའི་དབུ་དགོས་ཀྱི། བདག་གི་རེ་བ་སྐོངས་ཤིག །ཟླ་བ་ཆེན་པོས་ཐབས་རྣམ་བ་སྣ་ཚོགས་ཀྱིས་གསོལ་བ་བཏབ་ཀྱང་མ་བཏུབ་པས་མྱ་ངན་གྱིས་ནོན་ཏེ་འཁྱམས་ནས་སྙིང་བདུན་དུ་གས་ཏེ་ཚེ་འབོས་སོ། །དེའི་ཚེ་ན་རྒྱལ་པོ་དེས་བློན་པོ་ཞིག་གླང་པོ་ཆེ་དཔག་ཚད་བརྒྱད་སྟོང་དུ་འགྲོ་བ་ལ་བསྐྱོན་ནས་རྒྱལ་ཕྲན་ཐམས་ཅད་ལ་སྦྲན་ཏེ། ད་སྟེ་ཞག་བདུན་ན་རྒྱལ་པོ་ཟླ་འོད་བྲམ་ཟེ་ལ་དབུའི་སྦྱིན་པ་མཛད་ཀྱི། མཐོང་བར་འདོད་པ་ཐམས་ཅད་མྱུར་དུ་ཤོག་ཅིག །དེའི་ཚེ་ན་རྒྱལ་ཕྲན་བརྒྱད་ཁྲི་སྙེད་པོ་དེ་ཐམས་ཅད་དེ་མ་ཐག་ཏུ་ལྷགས་ཏེ་རྒྱལ་པོའི་སྤྱན་སྔར་འོངས་ནས་ལྟོ་བ་ས་ལ་ཕབ་སྟེ་འདི་སྐད་ཅེས་གསོལ་ཏོ། །འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ནི། རྒྱལ་པོའི་བཀའ་དྲིན་གྱིས་ཐམས་ཅད་བདེ་སྐྱིད་དེ་གནོད་པ་མ་མཆིས་ནི། མི་གཅིག་གི་སླད་དུ་འགྲོ་བ་ཐམས་ཅད་ཡོངས་སུ་སྤང་པར་མི་རིགས་ཀྱི། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དབུའི་སྦྱིན་པ་མི་མཛད་པར་གསོལ། བློན་པོ་ཆེན་པོ་སྟོང་ཕྲག་བཅུས་ཀྱང་ལྟོ་བས་ལ་ཕབ་སྟེ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དབུའི་སྦྱིན་པ་མི་མཛད་པར་གསོལ། བཙུན་མོ་སྟོང་ཕྲག་ཉི་ཤུས་ཀྱང་ལུས་ས་ལ་ཕབ་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ལ་ཡང་ཐུགས་བརྩེ་བར་དགོངས་ཏེ་དབུའི་སྦྱིན་པ་མི་མཛད་པར་གསོལ་ཞེས་སྨྲས་སོ། །རྒྱལ་བུ་ལྔ་བརྒྱ་རྣམས་ཀྱང་དུས་ནས་བདག་ཅག་ལ་མགོན་དང་སྐྱབས་མ་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་དབུའི་སྦྱིན་པ་མི་མཛད་ཅིང་བདག་ཀྱང་མི་རྗེས་སླེབས་པར་བསྐྱེད་པར་གསོལ་ཞེས་སྨྲས་སོ། །

        དེ་ནས་རྒྱལ་པོ་ཆེན་པོས་བློན་པོ་དང༌། བཙུན་མོ་དང༌། སྲས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་མེད་པ་ནས་ལུས་འདི་འཁོར་བ་ན་འཁོར་ཞིང་ཡུན་རིང་པོར་སེམས་ཅན་དམྱལ་བ་ན་འདུག་པའི་ཚེ་ཉི་མ་གཅིག་ལ་ཡང་ལན་དུ་མ་ཞིག་ཚེ་འཕོས་ནས་ལུས་འདི་ཆུད་ཟོས་ཏེ་ཐལ་ཆུ་དང༌། ལྕགས་ཀྱི་ཁྲི་དང༌། ཆུ་ཚན་ཁོལ་མ་དང༌། ངན་སྐྱུག་དང༌། མེའི་ཤིང་རྟ་དང༌། མེ་དོང་ལ་སོགས་པའི་སེམས་ཅན་དམྱལ་བར་ཡུན་རིང་པོར་སྡུག་བསྔལ་མྱོང་སྟེ་བཙོ་བ་དང༌། བསྲེག་པ་ལ་སོགས་པས་ལུས་འདི་གྲངས་མེད་པར་ཆུད་ཟོས་ཀྱང་བསོད་ནམས་འགའ་ཙམ་ཡང་མེད་དོ། །གལ་ཏེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ན་གཅིག་ལ་གཅིག་འཆའ་ཞིང་ཟ་བ་དང༌། གཞན་གྱིས་བསད་དེ་ཀུན་གྱིས་ཟོས་པ་དང༌། ཚེ་འཕོས་ནས་རུལ་ཞིང་མྱགས་པ་ཡང་གྲགས་མེད་དེ། དེ་ལྟར་ལུས་འདི་ཆུད་ཟོས་ཀྱང་བསོད་ནམས་སུ་གྱུར་པ་མེད་དོ། །ཡི་དྭགས་ཀྱི་ཁམས་སུ་སྐྱེས་པ་ན་ལུས་ལ་མེ་འབར་ཏེ་འཁོར་ལོས་མགོ་བཅད་མ་ཐག་ཏུ་ཕྱིར་ཡང་སོས་པ་གྲངས་མེད་པ་ཞིག་མྱོང་སྟེ། དེ་ལྟར་ལུས་ཆུད་ཟོས་ཀྱང་བསོད་ནམས་སུ་གྱུར་པ་མེད་དོ། །གལ་ཏེ་མིར་སྐྱེས་པ་ན་ཡང་ནོར་དང༌། བུད་མེད་ཀྱི་ཕྱིར་ཁྲོས་རྔམས་པས་མིག་བགྲད་དེ་གཅིག་ལ་གཅིག་འཚེ་ཞིང་གསོད་པ་དང༌། གཡུལ་ངོར་ལྷགས་ནས་གཅིག་ལ་གཅིག་གསོད་དེ། དེ་ལྟར་ལུས་ཆུད་ཟོས་པ་དང༌། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ལུས་གྲངས་མེད་པ་ཞིག་བོར་ཡང་བསོད་ནམས་སུ་མ་གྱུར་ཏེ། བདག་གི་ལུས་འདི་ཡོངས་སུ་གཏང་བར་བྱའོ། །བདག་གི་ལུས་འདི་ནི། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་སྟེ། རིང་པོ་མི་ཐོགས་པར་འཇིག་ཅིང་འབྲལ་བར་འགྱུར་བར། མི་བརྟན་ཞིང་བཙོག་པའི་མགོ་འདིས་ཕན་པའི་དོན་ཆེན་པོར་འགྱུར་ན། ཅིའི་ཕྱིར་སྦྱིན་པར་མི་བྱ། ངའི་མགོ་བོ་འདི་བྲམ་ཟེ་དེ་ལ་བྱིན་ཏེ། བསོད་ནམས་དེས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་བོ། །ནམ་མངོན་པར་སངས་རྒྱས་ན་ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་ཏེ། ཐབས་ལ་མཁས་པས་ཁྱེད་ཀྱང་སྡུག་བསྔལ་ལས་བཟླའོ། །ངས་སྦྱིན་པ་བྱས་པ་འདིས་མངོན་པར་འཚང་རྒྱ་ཡི། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལ་ཁྱེད་བར་ཆད་དང་བགེགས་མ་བྱེད་ཅིག །རྒྱལ་ཕྲན་དང༌། བློན་པོ་དང༌། བཙུན་མོ་དང༌། སྲས་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཅང་མི་སྨྲ་བར་འཁོད་དོ། །

        དེ་ནས་རྒྱལ་པོ་ཆེན་པོས་བྲམ་ཟེ་དེ་ལ་སྨྲས་པ། ད་མགོ་བོ་བསླང་བའི་དུས་ལ་བབ་ཀྱི། ལོངས་ཤིག་ཅེས་སྨྲས་སོ། །བྲམ་ཟེས་གསོལ་པ། ད་ལྟར་རྒྱལ་པོས་བློན་པོ་ལ་སོགས་པ་འཁོར་མང་པོས་བསྐོར་ཏེ་བདག་གཅིག་པུས་རྒྱལ་པོའི་དབུ་གཅད་པའི་མཐུ་མ་མཆིས་ཏེ། ཐུགས་མི་ཐུབ་བོ། །བདག་ལ་སྩལ་བར་ཆད་ན། རྒྱབ་ཀྱི་སྐྱེད་མོས་ཚལ་དུ་གཤེགས་སོ། །ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་ཆེན་པོས་རྒྱལ་ཕྲན་དང༌། རྒྱལ་བུ་རྣམས་ལ་བསྒོ་བ། ཁྱེད་ང་ལ་བསྙེན་བཀུར་བྱེད་ན། བྲམ་ཟེ་འདི་ལ་གནོད་པའི་ཀྱལ་ཀ་མ་བྱེད་ཅིག་ཅེས་བསྒོས་ནས་བྲམ་ཟེ་དང་འགྲོགས་ཏེ་རྒྱལ་པོ་སྐྱེད་མོས་ཚལ་དུ་སོང་ངོ༌། །དེ་ནས་བྲམ་ཟེ་དེས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ནི། སྐུ་གཞོན་ཏེ། རིང་ཡང་གྱད་དང་མཉམ་པས་ན། ཚ་བ་མི་བཟོད་དེ་ཕྱིར་ཡང་འགྱོད་ཀྱང་སྲིད་ཀྱི། རྒྱལ་པོའི་དབུ་ཤིང་ཞིག་ལ་བཏགས་ཏེ་གདོད་དགུམ་པར་འཚལ་ལོ། །དེ་ནས་རྒྱལ་པོ་ཤིང་ཡལ་ག་བརྟན་ཅིང་ལོ་མས་ཀུན་ཏུ་ཁེབས་པ་ཞིག་ལ་མགོ་བཏགས་ནས་པུས་མོ་ས་ལ་བཙུགས་ཏེ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ངའི་མགོ་ཆོད་ལ་ཕྱིར་ཡང་ངའི་ལག་ཏུ་བཞག་ནས་ངའི་ལག་ནས་ལོངས་ཤིག །ངས་ཁྱོད་ལ་མགོ་སྦྱིན་པའི་བསོད་ནམས་འདི་ནི། བདུད་དམ་ཚངས་པ་འདོད་པ་མ་ཡིན། བརྒྱ་བྱིན་ནམ། འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། ཁམས་གསུམ་གྱི་བདེ་བའི་ལོངས་སྤྱོད་འདོད་པའི་ཕྱིར་མ་ཡིན་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དེ། འགྲོ་བ་མང་པོ་སྐྱོང་ཞིང་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་པའི་ཕྱིར་རོ། །དེའི་ཚེ་ན་བྲམ་ཟེ་དེས་རལ་གྲི་ཕྱར་ཏེ་གདབ་ཅེས་བྱས་པ་དང༌། ཤིང་གི་ལྷ་དེ་རབ་ཏུ་མི་དགའ་བར་གྱུར་ནས་ཅིའི་ཕྱིར་མི་འདི་གསོད་པའི་ལས་བྱེད་སྙམ་ནས་བྲམ་ཟེ་དེའི་རྣ་དྲུང་དུ་ཐལ་མོ་གཅིག་བསྣུན་པས་རྐང་ལག་མ་ཚུགས་ཏེ་ས་ལ་འགྱེལ་ཏོ། །

        དེ་ནས་རྒྱལ་པོ་དེས་ཡར་ཤིང་གི་ལྷ་ལ་བལྟས་ཏེ་སྨྲས་པ། སྔོན་འདས་པའི་དུས་ན་ཤིང་འདི་ལ་མགོ་བོ་དགུ་བརྒྱ་དགུ་བཅུ་རྩ་དགུ་སྙེད་ཀྱི་སྦྱིན་པ་བྱས་ཏེ། ད་མགོ་བོ་འདི་ས་སྦྱིན་བ་སྟོང་དུ་ཚང་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ཀྱི། ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆད་མ་བྱེད་ཅིག །དེའི་ཚེ་ན་ཤིང་གི་ལྷ་དེས་རྒྱལ་པོས་སྨྲས་པ་ཐོས་ནས་བྲམ་ཟེ་དེ་ཕྱིར་སོར་ཆུད་པར་བྱས་ཏེ། བྲམ་ཟེ་དེ་ས་ལས་ལངས་ནས་རལ་གྲི་ཐོགས་ཏེ་རྒྱལ་པོའི་མགོ་བཅད་དོ། །མགོ་ལག་ཏུ་ལྷུང་བ་ན་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་གཡོས། ལྷའི་ཕོ་བྲང་ཡང་འགུལ་ཞིང་ལྡེག་སྟེ་མི་བདེ་བར་གྱུར་ནས་ངོ་མཚར་ཡ་མཚན་དུ་གྱུར་ཏེ་ཀུན་གྱིས་བྱང་ཆུབ་སེམས་དཔས་འགྲོ་བ་ཐམས་ཅད་ཀྱི་ཕྱིར་མགོའི་སྦྱིན་པ་བྱས་པར་མཐོང་ནས་ཐམས་ཅད་འདུས་ཤིང་ཚོགས་ཏེ་ངོ་མཚར་ཏོ། །ཞེས་མཆི་མཆར་བཞིན་དུ་ཕབ་སྟེ་དུས་ནས་འདི་སྐད་ཅེས་སྨྲས་སོ། རྒྱལ་པོ་ཟླ་འོད་ཀྱིས་མགོའི་སྦྱིན་པ་བྱས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཞེས་ཀུན་ཏུ་གྲགས་པར་གྱུར་ནས་རྒྱལ་པོ་བྱི་མ་སེ་ནས་ཐོས་ནས་མི་དགའ་ཆེས་ཏེ་འཁམས་ནས་སྙིང་གས་ཏེ་ཆེ་འཕོས་སོ། །དེའི་ཚེ་ན་བྲམ་ཟེས་རྒྱལ་པོའི་མགོ་ཁྱེར་ཏེ་སོང་བའི་ཚེ་རྒྱལ་ཕྲན་དང༌། བློན་པོ་དང༌། བཙུན་མོ་དང༌། རྒྱལ་བུ་རྣམས་ལུས་ས་ལ་བརྡབས་ཏེ་ཆོ་ངེས་བཏབ་ནས་ལ་ལ་ནི། ཁྲག་ཏུ་སྐྱུགས་ཏེ་ཚེ་འཕོས་སོ། །ཁ་ཅིག་ནི། ཅི་ཡང་མི་དྲན་པར་མྱོས་སོ། །ཁ་ཅིག་ནི། རང་གི་སྐྲ་ཀུན་འབལ་ཏོ། །ལ་ལ་ནི། རང་གི་གོས་ཀུན་དྲལ། ཁ་ཅིག་ནི། ལག་པ་གཉིས་ཀྱིས་རང་གི་གདོང་ཀུན་དྲད་ནས་ཆོ་ངེས་འདེབས་ཤིང་ས་ལ་འགྲེའོ། །དེའི་ཚེ་ན་བྲམ་ཟེ་དེས་རྒྱལ་པོའི་དབུ་མི་སྡུག་ཅིང་མནམ་མོ། །ཞེས་མི་འདོད་ནས་ས་ལ་བོར་ཏེ་སོང་བ་དང༌། དེ་ལ་བྲམ་ཟེ་ཁ་ཅིག་གིས་ཁྱོད་ནི། ཤིན་ཏུ་གདུག་པ་ཅན་ཡིན་པ་ལྟ། ཐོག་མ་ནས་དགོས་པ་མེད་ན་བསླངས་ཏེ་ཅི་བྱ་ཞེས་སྤྱོས་སོ། །བྲམ་ཟེ་དེ་ལམ་དུ་ཞུགས་ཏེ་སོང་བ་ལས་ཕྲད་པ་ཐམས་ཅད་ཀྱིས་སྤྱོས་ནས་ཁ་ཟས་མི་སྟེར་ཏེ་ཤིན་ཏུ་ཉམ་ཐག་པར་གྱུར་ལ། ལམ་ནས་རྒྱལ་པོ་བྱི་མ་སེ་ན་ཡང་ཚེ་འཕོས་པའི་གཏམ་ཐོས་པས་ཐོག་མར་རེ་བའི་སེམས་ལྟར་མ་གྱུར་པས་མྱ་ངན་གྱིས་ཡི་མུག་སྟེ་སྙིང་བདུན་དུ་གས་ནས་ཁྲག་ཏུ་སྐྱུགས་ཏེ་ཚེ་འཕོས་སོ། །རྒྱལ་པོ་བྱི་མ་སེ་ན་དང༌། བྲམ་ཟེ་གཉི་ག་ཚེ་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །རྒྱལ་པོ་ཟླ་འོད་ཀྱི་མྱ་ངན་གྱིས་གདུངས་ཏེ་ཚེ་འཕོས་པ་རྣམས་ནི། མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་འོད་དེ་ནི། ད་ལྟར་ང་ཡིན་ནོ། །རྒྱལ་པོ་བྱི་མ་སེ་ན་དེ་ནི། བདུད་སྡིག་ཏོ་ཅན་ཡིན་ནོ། །དེའི་དུས་ན་བྲམ་ཟེ་དེ་ནི་ལྷས་སྦྱིན་མིན་ནོ། །

        དེའི་ཚེ་ན་ཤིང་གི་ལྷ་མོ་དེ་ནི། མོངྒལ་གྱི་བུ་ཡིན་ནོ། །དེའི་ཚེ་ན་བློན་པོ་ཟླ་བ་ཆེན་པོ་དེ་ནི། ཤཱ་རིའི་བུ་ཡིན་ཏེ། དེའི་ཚེ་ཡང་ང་ཚེ་འཕོ་བ་མཐོང་བར་མི་བཟོད་ནས་སྔར་ཚོ་འཕོས་སོ། །དེང་གི་དུས་འདིར་ཡང་ང་མྱ་ངན་ལས་འདའ་བ་མཐོང་བར་མི་བཟོད་ནས་སྔར་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། འཁོར་གཞན་དག་སྐད་མཐུན་པར་དེ་བཞིན་གཤེགས་པའི་ཡོན་ཏན་ནི།ངོ་མཚར་རྨད་དོ། །ཞེས་བསྔགས་ནས་སྒོམ་པ་ལ་ནན་ཏན་བྱས་པས། ཁ་ཅིག་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་དགའོ། །རྒྱལ་པོ་ཟླ་འོད་ཀྱིས་མགོ་བྱིན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།
                                                                     རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།