ལྷའི་བུ་གངྒཱ་ད་ར་ཞེས་བྱ་བའི་ལེའུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-12 10:28:43         ཀློག་ཐེངས།  

667696024570980821.jpg

        བམ་པོ་གཉིས་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་ཀ་ལནད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བློན་པོ་ཤིན་ཏུ་ཕྱུག་པོ་ཞིག་ལ་བུ་ཚ་མེད་དོ། །དེའི་ཚེ་ན་ཆུ་ཀླུང་གངྒཱའི་འགྲམ་ན་མ་ཎི་བྷ་དྲ་ཞེས་བྱ་བའི་ལྷ་རྟེན་ཞིག་ཡོད་དེ། ཐམས་ཅད་དེ་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་དོ། །བློན་པོ་ཆེན་པོ་དེ་ཡང་ལྷའི་རྟེན་གྱི་དྲུང་དུ་སོང་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ལ་བུ་ཚ་མེད་དེ། ལྷ་ཁྱོད་ཡོན་ཏན་ཚད་མེད་པ་དང་ལྡན་ཞེས་ཐོས་ཀྱི། འགྲོ་བ་ཀུན་ལ་སྐྱོབ་པ་ཁྱོད་གཞན་གྱི་སྨོན་ལམ་བསྐང་བར་ནུས་ན། བདག་ཀྱང་བསྐྱབ་ཏུ་གསོལ་ལོ། །གལ་ཏེ་ཁྱོད་ཀྱིས་བདག་ལ་བུ་ཞིག་སྩལ་ན། གསེར་དང་དངུལ་གྱིས་ལྷ་ཁྱོད་ཀྱི་སྐུ་ཡང་གཡོགས་ཤིང་བཞུགས་པའི་རྟེན་ཡང་སྤོས་དང་བྱུག་པས་བྱུག་གོ །ཅི་སྟེ་མངོན་རྟགས་མེད་ན། ལྷ་ཁྱོད་ཀྱི་རྟེན་ཡང་བཤིག་ལ་ཁྱོད་ཀྱི་ལུས་ལ་མི་གཙང་བ་བཤང་གཅིས་ཀྱང་བསྐུའོ། །ཞེས་སྨྲས་པ་ལྷ་དེས་ཐོས་ནས་འདི་སྙམ་དུ་བསམ་མོ། །

        བློན་པོ་འདི་ནི། ཕྱུག་ཅིང་བཙན་ལ་མཐུ་ཆེ་བས་སྨད་རིགས་ཙམ་གྱིས་འདིའི་བུར་མི་འགྱུར་ཏེ། བདག་མཐུ་ཆུང་བས་འདིའི་སྨོན་ལམ་བསྐང་མི་ནུས་སོ། །གལ་ཏེ་སྨོན་པ་བཞིན་དུ་མ་བྱས་ན་གདོན་མི་ཟ་བར་མི་སྡུག་པར་མཐོ་བཙམ་མོ་སྙམ་བུ་བསམ་ནས་རྟེན་སྲུང་བའི་ལྷ་དེས་མ་ཎི་བྷ་དྲ་ལ་གསོལ་ཏོ། །དེ་ལ་ཡང་དེ་ལྟ་བུའི་མཐུ་མེད་པས་རྣམ་ཐོས་ཀྱི་བུ་གང་ན་བ་དེར་སོང་སྟེ་རྣམ་ཐོས་ཀྱི་བུ་ལ་གསོལ་ཏོ། །རྣམ་ཐོས་ཀྱི་བུས་ཀྱང་བདག་གི་མཐུ་ཙམ་གྱིས་བུ་ཡོད་པར་མི་ནུས་སོ་སྙམ་བསམ་ནས་རྣམ་ཐོས་ཀྱི་བུ་དེ་བརྒྱ་བྱིན་གང་ན་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བློན་པོ་མ་ཎི་བྷ་དྲ་ཞེས་བགྱི་བ་དེ་བདག་ལ་འདི་སྐད་ཅེས་མཆིའོ། །རྒྱལ་པོའི་ཁབ་ན་བློན་པོ་ཆེན་པོ་ཞིག་བདག་ལ་བུ་སློང་སྟེ་སྨོན་པ་བཞིན་དུ་བྱས་ན་ནི། མཆོད་པ་དང་རིམ་གྲོ་ཡང་སྐྱེད་དོ། །སྨོན་པ་བཞིན་དུ་མ་བྱས་ན་རྟེན་ཡང་བཤིག་སྟེ་མི་སྡུག་བར་བྱའོ། །ཞེས་དམ་བཅས་པས་དེས་ནི། དམ་བཅས་པ་བཞིན་དུ་གདོན་མི་འཚལ་བར་བགྱིད་ན། བརྒྱ་བྱིན་ལྷའི་དབང་པོ། །ཁྱོད་ཀྱིས་དེ་ལ་བུ་ཞིག་མཆིས་པར་མཛད་དུ་གསོལ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ནི། ཤིན་ཏུ་ཡང་དཀའ་མོད་ཀྱི། ད་ལྟར་རྒྱུ་ཞིག་སྣང་ངོ༌། །

        དེའི་ཚེ་ན་ལྷའི་སྲས་པོ་ཞིག་ཡོན་ཏན་ལྔ་དང་བྲལ་ནས་ཚེའི་དུས་བྱེད་དུ་ཉེ་བ་ཞིག་ཡོད་དེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི། ཚེའི་དུས་བྱེད་པར་ངེས་པས། དུས་བྱས་ན་བློན་པོ་དེའི་བུར་སྐྱེས་ཤིག་ཅེས་སྨྲས་སོ། །ལྷའི་སྲས་པོས་སྨྲས་པ། བདག་ནི། རབ་ཏུ་བྱུང་ཞིང་དམ་པའི་ཆོས་སྤྱོད་པར་དད་དེ། གལ་ཏེ་རིགས་མཐོ་ཞིང་ཆེ་བར་སྐྱེས་ན་རབ་ཏུ་འབྱུང་བར་བཀའི། རིགས་ཐ་མལ་བར་སྐྱེས་ན་སླའོ། །ཞེས་གསོལ་པ་དང༌། བརྒྱ་བྱིན་གྱིས་ཡང་སྨྲས་པ། ལྷ། ཁྱོད་དེར་སྐྱེས་ཤིག་དང༌། རབ་ཏུ་འབྱུང་བར་དད་ན་ངས་གྲོགས་བྱའོ། །ཞེས་སྨྲས་སོ། །ལྷའི་སྲས་པོ་དེ་དེར་ཚེ་འཕོས་ནས་བློན་པོ་དེའི་རིགས་སུ་དེའི་བཙུན་མོའི་རུམ་དུ་སྐྱེས་ཏེ། ཕྱིས་བཙས་པ་ན་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་བཙས་ཏེ་མཚན་མཁན་ལ་བསྟན་ནས་མཚན་མཁན་གྱིས་ཀྱང་བལྟས་ཏེ། བུ་འདི་ཐོག་མ་གང་ནས་རྙེད་ཅེས་དྲིས་ན། ཀླུང་གངྒཱའི་ལྷ་ལས་བསླངས་སོ། །ཞེས་བྱས་ནས་བུ་དེའི་མིང་ཡང་གངྒཱ་ང་ར་ཞེས་བཏགས་སོ། །

        ཕྱིས་ཚད་དུ་ཕྱིན་པར་སྐྱེས་པ་དང༌། དེས་ཕ་མ་ལ་བདག་ནི། རབ་ཏུ་འབྱུང་བར་གསོལ་ལོ། །ཞེས་སྨྲས་སོ། །དེའི་ཕ་མས་སྨྲས་པ། ཁོ་བོ་ནི། འདི་ལྟ་བུར་ཕྱུག་ཅིང་བཙན་ཏེ་ལོངས་སྤྱོད་ཆེན་པོ་དང་ལྡན་ལ། བུ་ནི། ཁྱོད་གཅིག་པུར་ཟར་དེ། ངའི་རིགས་བསབ་ཅིང་ཕ་མ་གསོ་དགོས་ཀྱི། མི་གནང་ངོ༌། །ཞེས་བསྒོ་བ་དང༌། ཁྱེའུ་དེས་བསམ་པ་བཞིན་དུ་མ་གྱུར་པས་ཤིན་ཏུ་མི་དགའ་སྟེ། འདི་སྙམ་དུ་ལུས་འདི་མེད་པར་བྱས་ལ་རིགས་ཐ་མལ་པ་ཞིག་ཏུ་སྐྱེས་ཏེ་རབ་ཏུ་འབྱུང་བར་གསོལ་ན། འདི་བས་སླ་ཡང་སྲིད་སྙམ་བསམ་ནས་གསང་སྟེ་ཕྱི་རོལ་དུ་བྱུང་ནས་བྲག་མཐོན་པོ་ཞིག་ལ་མཆོངས་སོ། །བྲག་ལས་མཆོངས་ནས་ས་ལ་ལྷུང་ན་ཡང་སྣད་པའམ་ཉམས་པ་མེད་དོ། །དེ་ནས་ཆུ་ཆེན་པོའི་འགྲམ་དུ་སོང་སྟེ་ཆུར་མཆོངས་ན་ཡང་ཆུས་གཡེངས་ཏེ་མ་ཉེས་པར་ཕྱིར་བྱུང་ངོ༌། །བཙན་དུག་ཟོས་ན་ཡང་དུག་གི་མཐུས་གནོད་པར་མ་གྱུར་ནས་ཡང་འདི་སྙམ་དུ་བསམ་མོ། །བདག་གིས་རྒྱལ་པོའི་ཁྲིམས་དང་འགལ་བ་ཞིག་བྱས་ན། རྒྱལ་པོས་བསད་ཀྱང་སྲིད་སྙམ་བསམ་ནས་རྒྱལ་པོའི་བཙུན་མོ་དང་སྲས་རྣམས་ཕོ་བྲང་གི་ཕྱི་རོལ་དུ་བྱུང་སྟེ་སྐྱེད་མོས་ཚལ་གྱི་རྫིང་དུ་ཁྲུས་བྱེད་དུ་དོང་ནས་དེ་དག་གིས་གོས་དང་རྒྱན་བཀྲོལ་ཏེ་ཤིང་ལ་བཞག་གོ །

        དེ་ལྟར་གོས་དང་རྒྱན་ཤིང་ལ་བཞག་པ་གངྒཱ་ད་ར་དེས་མཐོང་ནས་སྐྱེད་མོས་ཚལ་དུ་ཞུགས་ཏེ། བཙུན་མོ་དེ་དག་གི་གོས་དང་རྒྱན་པང་པས་བཏབ་ནས་སྒོར་བྱུང་བ་དང༌། སྒོ་སྲུང་གིས་བཟུང་སྟེ་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་རབ་ཏུ་ཁྲོས་ཏེ་མདའ་གཞུ་བླངས་ནས་རྒྱལ་པོ་ཉིད་ལག་དར་ཏེ་ཁྱེའུ་ལ་འཕངས་ན། མདའ་འཕངས་པ་ཁྱེའུ་ལ་མ་སོང་གི །ཕྱིར་ཡང་རྒྱལ་པོའི་དྲུང་དུ་ལྷུང་ངོ༌། །ལན་གསུམ་གྱི་བར་དུ་དེ་ལྟར་གྱུར་ནས་རྒྱལ་པོ་དངངས་ཏེ་གཞུ་ཡང་བོར་ནས་ཁྱེའུ་ལ། ཁྱོད་ལྷའམ། ཀླུའམ། ཡི་དགས་སམ། གནོད་སྦྱིན་ནམ། ཅི་ཞིག་ཅེས་སྨྲས་སོ། །ཁྱེའུས་གསོལ་པ། བདག་ལ་གསོལ་བ་སྣ་གཅིག་མཆིའི། དེ་གནང་ན་ལེགས་པར་སྨྲའོ། །ཞེས་གསོལ་བ་དང༌། རྒྱལ་པོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་སྨྲས་སོ། །ཁྱེའུས་གསོལ་པ། བདག་ནི། ལྷ་ཡང་མ་ལགས། ཀླུ་ཡང་མ་ལགས་ཏེ། རྒྱལ་པོའི་ཁབ་ཀྱི་བློན་པོ་ཆེན་པོའི་བུ་ལགས་སོ། །བདག་རབ་ཏུ་བྱུང་བར་དད་ན། བདག་གི་ཕ་མས་མ་གནང་བས། བདག་གི་ལུས་འདི་གཞན་དུ་སྐྱེ་བར་བགྱི་བའི་སླད་དུ་རང་འཆིའོ་སྙམ་སྟེ་བྲག་མཐོན་པོ་ལ་མཆོངས། ཆུར་ཡང་མཆོངས། བཙན་དུག་ཀྱང་འཚལ་ན། འགུམ་དུ་མ་བཏུབ་ནས་རྒྱལ་པོའི་ཁྲིམས་ལས་འགལ་བ་ཞིག་བྱས་ན། འགུམ་པར་འགྱུར་སྙམ་བསམ་སྟེ་རྒྱལ་པོས་དགུམ་པར་བགྱིས་པ་ལས་ཀྱང་འདི་ལྟར་མ་གུམ་སྟེ། ད་འདི་ལྟར་གྱུར་ན་རྒྱལ་པོས་ཐུགས་བརྩེ་བར་དགོངས་ཏེ་བདག་རབ་ཏུ་འབྱུང་བར་གནོང་ཞིག་ཅེས་གསོལ་པ་དང༌། རྒྱལ་པོས་ཀྱང་ཁྱོད་རབ་ཏུ་བྱུང་བར་གནང་ངོ༌། །ཞེས་བཀའ་སྩལ་ནས་ཁྱེའུ་དེ་ཁྲིད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ། །

        དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་འབྱུང་བར་གནང་ནས་ལུས་ལ་ཆོས་གོས་གྱོན་ཅིག་ཅེས་པ་དང་དགེ་སློང་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པར་གྱུར་ནས་རིག་པ་གསུམ་དང༌། མངོན་པར་ཤེས་པ་དྲུག་དང༌། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཁྱེའུ་གཞོན་ནུ་འདིས་སྔོན་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་ན། བྲག་ལ་མཆོངས་ཀྱང་མ་གུམ། ཆབ་ཏུ་མཆོངས་ཀྱང་གནོད་པར་མ་གྱུར། བཙན་དུག་འཚལ་ཀྱང་མ་གུམ། མདའ་འཕངས་ཀྱང་སྨས་པར་མ་གྱུར་ཏེ་བཅོམ་ལྡན་འདས་དང་མཐའ་ནས་འཁོར་བའི་མཐའ་ལས་གྲོལ་བར་གྱུར་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

        སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་འདས་པ་ན་ཡུལ་ཝཱ་ར་ཎཱ་སི་ཞེས་བྱ་བ་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེའི་བཙུན་མོ་དང༌། ཕོ་བྲང་གི་སླས་སུ་བཅས་ནས་སྐྱེད་མོས་ཚལ་དུ་རོལ་དུ་གཤེགས་སོ། །སྐྱེད་མོས་ཚལ་དེ་ན་ཕོ་བྲང་གི་སླས་དག་གིས་གླུ་བླངས་པ་དང༌། ར་བའི་ཕྱི་རོལ་ནས་མི་ཞིག་གིས་སྐད་ཆེན་པོས་རམ་བུ་བཏེགས་པ་རྒྱལ་པོས་ཐོས་སོ། །རྒྱལ་པོས་དེ་ཐོས་ནས་ཁྲོས་ཏེ་མི་དེ་ཟུངས་ལ་སོད་ཅིག་ཅེས་བཀའ་སྩལ་ཏོ། །དེའི་ཚེ་ན་བློན་པོ་ཞིག་ཕྱི་རོལ་ནས་ནང་དུ་འོང་བ་ལས་མི་དེ་བཙོན་དུ་བཟུང་བ་མཐོང་ནས་གཡོག་འཁོར་རྣམས་ལ་ཅི་ཉེས་ཏེ་བཟུང་ཞེས་དྲིས་སོ། །དེ་དག་གིས་ཅིའི་ཕྱིར་བཟུང་བའི་གཏམ་ཞིབ་ཏུ་སྨྲས་པ་དང༌། བློན་པོ་དེས་དེ་དག་ལ་རེ་ཞིག་མ་བསད་པར་སྡོད་ཅིག །ཁོ་བོས་རྒྱལ་པོ་ལ་གསོལ་ལོ། །ཞེས་སྨྲས་ནས་ཕོ་བྲང་གི་ནང་དུ་སོང་སྟེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །འགུམ་དུ་ཁྲིད་པའི་མི་དེས་དགུམ་པ་ལ་ཐུག་པའི་ནོངས་པ་མ་བགྱིས་སོ། །གླུ་བླངས་པའི་རམ་བུ་བཏེགས་པ་ནི། གཟུགས་སུ་མི་སྣང་བས་མི་རིགས་པའི་གློ་བ་རིངས་པ་དང༌། བཙུན་མོ་ལ་ངན་དུ་བགྱིས་པ་མ་ལགས་ཀྱི། དེའི་སྲོག་ལ་ཐུགས་བརྩེ་བར་དོངས་ཏེ་གཏང་བའི་རིགས་སོ། །ཞེས་གསོལ་ནས་རྒྱལ་པོས་ཀྱང་མ་བསད་པར་ཐོང་ཞིག་ཅེས་བཀའ་སྩལ་ཏོ། །མི་དེ་བློན་པོ་དེའི་གཡོག་བྱེད་པ་ལ་ཞུགས་ཏེ་ཕྱིས་ལོ་མང་ཞིག་ལོན་པ་དང་འདི་སྙམ་དུ་བསམ་མོ། །འདོད་ཆགས་ཀྱིས་སྨྲས་པ་ནི།རལ་གྲི་བས་རྣོ་སྟེ། བདག་འདི་ལྟར་ཉམ་ཐག་པ་ཡང་འདོད་ཆགས་ཀྱི་ཕྱིར་རོ་སྙམ་བསམ་ནས་བློན་པོ་ད་ལ་བདག་རབ་ཏུ་འབྱུང་ཞིང་ཐར་པའི་ལམ་སྒོམ་དུ་ཅི་གནང་ཞེས་གསོལ་ནས་བློན་པོ་དེས་ཀྱང་ཁྱོད་ཐར་པའི་ལམ་སྒོམ་ན། བདག་ཀྱང་གེགས་མི་བྱེད་ཀྱི། ཁྱོད་ཐར་པར་གྱུར་ན་ཡང་ཕྱིར་བདག་དང་ཕྲད་དུ་ཤོག་ཅིག་ཅེས་བསྒོའོ། །

        མི་དེ་དབེན་པར་སོང་ནས་དོན་དམ་པ་ཡིད་ལ་བྱས་ཏེ་བརྩོན་འགུས་བརྩམས་པས། རང་སངས་རྒྱས་སུ་གྱུར་ནས་ཕྱིར་ཡང་གྲོང་ཁྱེར་དུ་སོང་སྟེ་བློན་པོ་ཆེན་པོ་ག་ལ་བ་དེར་འོངས་སོ། །བློན་པོ་ཆེན་པོ་དེ་རབ་ཏུ་དགའ་ནས་བསོད་སྙོམས་དང་འཚོ་བའི་ཡོ་བྱད་རྣམ་པ་བཞི་མི་བྲེལ་བར་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་སྐུ་ལས་ཆུ་འབབ་པ་དང༌། མེ་འབྱུང་བ་དང༌། འོད་ཟེར་ཆེན་པོ་གཏོད་པ་ལ་སོགས་ཏེ། ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་བསྟན་ཏོ། །བློན་པོ་ཆེན་པོ་དེས་དེ་ལྟ་བུ་དག་མཐོང་ནས་ཚད་མེད་པའི་སྤྲོ་བསྐྱེས་ཏེ་འདི་སྐད་དུ་དམ་བཅས་སོ། །མི་འདི་བདག་གི་དྲིན་གྱིས་འཚོ་བར་གྱུར་ཀྱི། བདག་གར་སྐྱེས་ཀྱང་བཙན་ཞིང་ཕྱུག་པ་དང༌། ཚེ་རིང་བ་དང༌། གཞན་པས་བརྒྱ་འགྱུར་སྟོང་འགྱུར་དུ་ཤིན་ཏུ་འཕགས་ཤིང་ཡེ་ཤེས་དང་བསོད་ནམས་ཀྱང་འདི་དང་མཉམ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བློན་པོ་དེས་མི་གཅིག་གི་སྲོག་བསྐྱབས་ཏེ་འབྲས་བུ་ཐོབ་པར་བྱས་པ་དེ་ནི། འདི་ཡིན་ནོ། །དེའི་རྒྱུ་དེའི་རྐྱེན་གྱིས་གང་ནས་གང་དུ་སྐྱེས་ཀྱང་སྲོག་གི་བར་ཆད་དུ་མ་གྱུར་ཏེ། ད་ང་དང་ཕྲད་ནས་འབྲས་བུ་མཆོག་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་ཡི་རང་ནས་མངོན་པར་དགའོ། །ལྷའི་བུ་གངྒ་དར་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།

                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།