དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ—ཟུལ་ཕུ་དགོན།

དབུས་ཀྱི་གདན་ས་དྲུག་གི་ཡ་གྱལ་ཟུལ་ཕུ་དགོན་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཁོངས་སུ་ཡོད། དེ་ནི་དུས་རབས་བཅུ་གཉིས་པའི་ནང་བྱ་འདུལ་འཛིན་པ་ཆེན་པོ་བརྩོན་འགྲུས་འབར་(༡༠༩༡-༡༡༦༦)གྱིས་ཕྱག་བཏབ།ཁོང་ནི་གཙང་རོང་གི་གཡུང་དུ་ལྕགས་འབྲུག་ལོར་འཁྲུངས།
གཞོན་ནུའི་དུས་སུ་རོང་མནར་མདའ་ཚ་དམར་གྱི་གཙུག་ལག་ཁང་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་འབྲེ་ཆེན་པོ་ཤེས་རབ་འབར་ལས་རབ་ཏུ་བྱུང་བས་མཚན་བརྩོན་འགྲུས་འབར་དུ་གསོལ། ཁྱུང་རིན་ཆེན་གྲགས་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས། སོག་ཚུལ་ཁྲིམས་བླ་མ་ལས་འདུལ་བ་གསན།
རྒྱ་འདུལ་བ་དབང་ཕྱུག་ཚུལ་ཁྲིམས(༡༠༤༧-༡༡༣༡)དང་རྨ་ཚོ་བྱང་ཆུབ་རྡོ་རྗེ་བླ་ཟུར་དུ་བྱས་པའི་དྲུང་དུ་ཐུགས་གཉེར་མཛད་དེ་མཁས་པར་མཁྱེན། ལྷག་པར་དུ་འདུལ་བ་ཐུགས་བཞེས་ཟབ་པས་འདུལ་བ་བྱ་ལ་ཐུག་ཅེས་པའི་བཤད་རྒྱུན་ཆགས། བླ་མ་རྨ་ཚོའི་ཕྱག་ཕྱིར་འབྲང་ནས་འོ་ལྗང་རྡོར(འུར་ཞང་རྡོ་ཡི་ལྷ་ཁང་ངམ། རྡོ་དཔེ་མེད་ཀྱི་ལྷ་ཁང་ཞེས་ཀྱང་ཞུ། ལྷ་ཁང་དེ་ནི་བོད་རྒྱལ་ཞེ་གཅིག་པ་མངའ་བདག་ཁྲི་རལ་གྱིས་བཞེངས་བར་གྲགས།)བྱོན་ནས་ཚོགས་པ་བསྐྱངས་པས་དགེ་འདུན་དྲུག་བརྒྱ་ལྷག་བྱུང་། ཟུལ་ཕུའི་གདན་ས་བསྐྱངས་ནས་མན་ངག་ཟབ་མོའི་ཉམས་ལེན་མཛད་དེ་བཞུགས། དགུང་གྲངས་བདུན་ཅུ་རྩ་ལྔ་སྟེ་མེ་ཁྱི་ལོར་ཟུལ་ཕུའི་གཟིམས་ཁང་དུ་མཁའ་སྤྱོད་ལ་གཤེགས།
དགོན་དེར་ཕག་གྲུབ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་གཏོད་པ་པོ་རྡོ་རྗེ་རྒྱལ་པོ་ཉིད(༡༡༡༠-༡༡༧༠)དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ་ཟུལ་ཕུ་བྱ་འདུལ་གྱིས་མཁན་པོ་དང་། སྟོད་ལུང་རྒྱ་དམར་གྱིས་སློབ་དཔོན། ཨར་ཆེན་པོས་གསང་སྟོན་མཛད་དེ་བསྙེན་པར་རྫོགས་ཤིང་། དེར་ལོ་ངོ་འགའ་ཤས་བཞུགས་རིང་སློབ་མ་འདུས་པ་རྒྱ་མཚོའི་ཚོགས་ལ་ཆོས་ཀྱི་རྣམ་གྲངས་མང་པོས་ཚིམ་པར་བྱས་ནས་གསོ་སྐྱོང་དང་བསྟན་པའི་བྱ་བ་རྒྱ་ཆེར་མཛད།
བྱ་འདུལ་འཛིན་བ་བརྩོན་འགྲུས་འབར་སྐུ་གཤེགས་རྗེས་ཉིད་ཀྱི་སྣག་དབོན་ཏེ་རུས་ཀྱི་ཚ་བོ་རོག་ཆོས་བཟང་གིས་ལོ་གསུམ་ལ་ཟུལ་ཕུའི་གདན་ས་མཛད།
རིམ་གྱིས་རོག་གི་གདུང་རྒྱུད་ཀྱིས་ཟུལ་ཕུ་བཟུང་། རྗེ་ཙོང་ཁ་པ་ཆེན་པོ་ཡང་གནས་དེར་གྲྭ་སྐོར་དུ་ཕེབས་བཞུགས་གནང་མྱོང་ཡོད་པའང་རྣམ་ཐར་སོགས་ལས་མཇལ་ཐུབ།
རྗེས་སོར་ཇུན་གར་བས་སྲིད་ལ་ཁ་གཡར་ནས་དབུས་གཙང་དུ་ཆོས་ལ་གནོད་པའི་སྦྱོར་བ་རྩོམ་དུས་གཏོར་སྐྱོན་ཆེན་པོ་ཐེབས་པར་གྲགས།
ད་ལྟ་གྱང་ཤུལ་ཞིག་རོ་ཙམ་ལས་ཅི་ཡང་མི་སྣང་བས། སྐྱོ་ཉམས་ཤིན་ཏུ་དོད་པོ་འདུག
༢༠༢༥.༡༠.༡༢ཉིན་ཟིན་བྲིས་སུ་བཏབ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
