ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གནས་བཤད་སྐལ་བཟང་མགྲིན་རྒྱན་མུ་ཏིག་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བཛྲ་དྷཱ་ར་ཡ།འཇམ་དབྱངས་མཁྱེན་པའི་གསང་བ་སྤྲིན་གྱི་ཀློང་།།རྗེས་ཆགས་གློག་གི་རྩེ་དགའ་དང་འགྲོགས་པའི།།ལེགས་བཤད་སྒྲ་བརྒྱ་བཞད་པའི་དབྱར་གྱི་དཔལ།།མི་ཤིག་སེམས་ཀྱི་རྡོ་རྗེའི་མྱུ་གུའི་དཔྱིད།།སྤྲོས་ཀུན་ཉེར་ཞི་འོད་གསལ་སྟོང་བའི་མཁའ།།བདེ་ཆེན་སྣང་བའི་མུ་ཁྱུད་ཀྱིས་བཟུངས་པས།།དགེ་ལེགས་གོས་དཀར་སྦྱིན་མཛད་ཧེ་རུ་ཀ།རྟེན་དང་བརྟེན་པར་བཅས་ལ་གུས་ཕྱག་འཚལ།།རྨད་བྱུང་ཚོགས་གཉིས་ནོར་བུ་ཀེ་ཏ་ཀས།།འཆལ་ཁྲིམས་རྙོག་མ་གྲུངས་པའི་མཁྱེན་བརྩེ་མཚོ།།ཕྲ་རྒྱས་རླུང་གིས་ནམ་ཡང་མི་བསྐྱོད་པའི།།མགོན་པོ་དེ་ཡིས་བྱང་ཆུབ་བར་དུ་སྐྱོངས།།དེ་དག་གསང་གསུམ་རྒྱན་གྱི་འཁོར་ལོའི་གཤིས།།བརྟན་གཡོའི་དངོས་པོར་འཆར་བའི་སྒྱུ་དྲའི་གར།།རྡུལ་གཅིག་ཡུལ་ལ་རྫོགས་པའི་ངོ་མཚར་རྨད།།བསམ་གྱིན་དད་པའི་པདྨོ་མངོན་པར་བརྟས།།མཆོག་གསུམ་ཐུགས་རྗེ་ཞིང་ས་གཤིན་པོ་རུ།།རྣམ་དཀར་ས་བོན་གྲུང་བོ་བསྐྲུན་པ་ལས།།བདེ་བའི་ཉེར་འབྲས་སྤྱོད་པའི་སྐལ་བཟང་དག།ཐབས་ཚུལ་འདི་ཀོ་ཕྲལ་(འཕྲལ་)དང་ཡུན་དུ་དགེ།དེ་ཡང་སྔོན་གྱི་དུས་སུ་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཞུམ་པ་མེད་པར་བསླབས་ཤིང་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ་སྤྲུལ་བའི་བཀོད་པ་བསམ་གྱི་མི་ཁྱབ་པ་མཁའ་ཁྱབ་ཏུ་སྟོན་པར་མཛད་པ་ལས་འདིར་ནི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པས།ཕྲེང་རྡོག་འགའ་ཞིག་འཛིན་པ་ཕྱག་རྡོར་གྱི།།སྤྲུལ་བ་དགེ་སློང་གཅིག་ཙམ་འབྱུང་བར་འགྱུར།།འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བའི།།མདོ་སྔགས་བསྟན་པ་སྤྲིན་བར་ཉི་མ་འདྲ།།སྐལ་ལྡན་པད་མའི་ཚལ་སྨིན་འགྱུར་བ་ལ།།སྐབས་དེར་ཉི་མའི་གཉེན་ནི་ཁོ་བོ་ཙམ།།ཞེས་ཉི་མའི་གཉེན་གྱི་མཛད་པ་སྟོན་པར་ལུང་བསྟན་པ་མཁས་པ་དང་གྲུབ་པའི་སྐྱེ་བོ་མ་ལུས་པའི་གཙུག་གི་རྒྱན་དུ་གྱུར་པའི་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་ཀྱིས་ཕྱག་འདེབས་མཛད་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གནས་བཤད་མདོ་ཙམ་བརྗོད་པ་ལ།གནས་བཤད་དངོས་དང་།དེ་ལ་སྐོར་བ་འགྲོ་ཚུལ།ཕྱག་སྐོར་གྱི་ཕན་ཡོན་བསྟན་པ་དང་གསུམ།
དང་བོ་ལ་གནས་འདི་ཉིད་ནི་གཅམ་བུའི་ཟོལ་བསྟོད་དང་།སྒྲོ་བཏགས་པ་ཙམ་མ་ཡིན་ལ།རྒྱལ་དང་རྒྱལ་བའི་སྲས་པོ་དུ་མས་གནས་ཁྱད་འཕགས་སུ་ལུང་བསྟན་ཚུལ་ནི།འཇམ་དཔལ་རྩ་རྒྱུད་ལས།ང་ནི་མྱ་ངན་འདས་འོག་ཏུ།།ས་ཡི་སྟེང་འདི་སྟོངས་པ་ན།།ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།།སངས་རྒྱས་མཛད་པ་བྱེད་པར་གྱུར(འགྱུར)།།དེ་ཚེ་དགོན་ཆེན་རབ་དགའ་བ།།ཁ་བ་ཅན་ན་ཡོད་པ་ཡིན།།ཞེས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ལུང་བསྟན་པའི་ཞར་ལ་དགོན་གནས་འདི་ཉིད་ལུང་བསྟན་པར་ཀུན་མཁྱེན་ཉིད་འཇམ་པའི་དབྱངས་དང་རྗེའི་སྤྲུལ་བ་ཡིན་པ་དང་།དགོན་པའི་མིང་ཟུར་གསལ་བ་སོགས་ཀྱིས་འགྲུབ་པར་གསུངས་ལ།གཞན་ཡང་ཤེར་མདོ་ལས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཕྱོགས་སུ་དར་བར་འགྱུར་རོ།།བྱང་ཕྱོགས་ནས་ཀྱང་བྱང་ཕྱོགས་སུ་དར་བར་འགྱུར་རོ།།ཞེས་པའི་བྱང་གཉིས་པ་ནི་འདིའི་ལུང་བསྟན་ཡིན་པ་དང་།ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མདོ་ལས།ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ།།ཞེས་དང་།རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེ་(སྐྱེས་)རབས་སུ།ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།ཡུལ་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།།ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།ཅེས་དང་།ས་པདྨ་འདབ་བརྒྱད་ཡུལ་གྱི་དབུས།།གནམ་འཁོར་ལོ་རྩིབས་བརྒྱད་ཕིབས་པའི་འོག།ཕྱོགས་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་ས།།གནས་ཕུན་སུམ་ཚོགས་པ་དམ་པའི་ཡུལ།།མི་ཁྱོད་ཀྱི་ཞིང་ཁམས་དམ་པ་ཡིན།།གནས་དེ་རུ་ལས་ཅན་དཔག་མེད་འདུ།།ཆོས་བདེ་སྟོང་རོལ་བའི་གླུ་ལེན་ཞིང་།།ཉམས་བཀྲ་ཤིས་བདེ་བར་སྐྱོང་ངོ་ཞེས།།ང་གསང་བ་ཡེ་ཤེས་མགུར་དུ་སྒྲོགས།།ཞེས་སོགས་དང་གཞན་ཡང་མང་ངོ་།།དེ་དག་གིས་ཀུན་མཁྱེན་ཉིད་རིགས་གསུམ་སོ་སོའི་སྤྲུལ་བར་ལུང་བསྟན་པས་གནས་འདི་ཉིད་རིགས་གསུམ་དེ་དག་གི་ཞིང་དུ་ཡང་ཤིན་ཏུ་རུང་ལ།ཁྱད་པར་ཀུན་མཁྱེན་མཆོག་དང་སྔོན་གྱི་དུས་དུ་མར་འབྲེལ་བའི་མི་འཁྲུགས་རྒྱལ་བའི་ཞིང་དང་གཉིས་སུ་མེད་པའི་ཚུལ་ནི་ཏིང་ངེ་འཛིན་ལ་གནས་ཆ་བརྟན་ཅིང་།སྟོང་བ་ཉིད་ཀྱི་ལྟ་བ་རྙེད་པའི་བཤེས་གཉེན་ཆེན་པོ་བེ་བན་བསྟན་འཛིན་རྒྱ་མཚོས་ཏིང་ངེ་འཛིན་ལ་འབྱམས་པའི་སྐབས་འགའ་ཞིག་ཏུ་བཀྲ་ཤིས་འཁྱིལ་གྱི་གོ་སར་དབྱིབས་བཀོད་སོགས་དེ་ཅི་ལྟ་བ་བཞིན་ལ།རྒྱུ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ཞིང་ཁམས་ལྟ་ན་སྡུག་པ་ཞིག་ཡང་ཡང་ཤར་བ།ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་ངག་དབང་བསྟན་པའི་རྒྱལ་མཚན་པར་ཞུས་པས།དོན་ལ་དེ་བཞིན་དུ་གནས་པར་རྗེ་རང་གིས་ཀྱང་གཟིགས་ཚུལ་ཞིབ་པར་གསུངས་པས།དེ་ཡང་སྔོན་གྱི་དུས་སུ་རྒྱལ་སྲས་ཆེན་པོ་དྲི་མེད་གྲགས་པའི་སྐུའི་སྐྱེ་བ་བཞེས་པའི་ཚེ་མངོན་པར་དགའ་བའི་ཞིང་གི་བཀོད་པ་ཕྱག་མཐིལ་དུ་བཞེས་ནས་འཁོར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་གཟིགས་མོར་ཕུལ་བ་དང་།བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་སྡེ་ནས་ཀྱང་།བྱང་ཆུབ་ལམ་གྱི་རི་དྭགས་དང་།།སོགས་ཀྱིས་གཟིགས་སྣང་གི་རྣམ་པས་བསྟོད་ཕྱག་མཛད་པ་དང་།དད་ལྡན་གྱི་སློབ་མ་ཞིག་གིས་ཁོང་གི་སྐུ་ལས་འཕྲོས་པའི་འོད་སྔོན་པོས་ཕྱོགས་མཚམས་ཐམས་ཅད་ཁྱབ་ཅིང་གྲྭ་འཁོར་རྣམས་ཀྱི་ཁ་དོག་སྔོན་པོར་གྱུར་པ་སོགས་མིག་གི་མངོན་སུམ་དུ་མཐོང་ཞེས་ཚུགས་ཐུབ་ཞིག་གིས་གླེང་པ་ཐོས།སྐུ་འདའ་ཁའི་དགུ་བའི་ཚེས་ལྔའི་ཉིན་ཐ་མའི་ཞལ་ཆེམས་ཀྱི་ཚུལ་དུ།རྨད་བྱུང་ཞིང་དེར་སྐྱེ་བའི་རྒྱུ་ལ་ཡང་།།རྣམ་གྲངས་དུ་མ་གསུངས་ཤིང་ཁྱད་པར་དུ།།རྒྱལ་བ་མཆོག་དེའི་མཚན་ཐོས་ཡིད་ལ་དྲན།།གངས་རིའི་དུམ་བུ་གཡོ་འདྲའི་གཉིས་འཐུང་གིས།།བཏེགས་པའི་རིན་ཆེན་འོད་འབར་ཁྲི་ཡི་སྟེང་།།པདྨ་རབ་ཏུ་རྒྱས་པའི་གདན་ལ་ནི།།བཅོམ་ལྡན་བཻཌཱུར་སྔོན་པོའི་རྡུལ་བརྩེགས་བཞིན།།ལྷུན་ཆགས་སྐུ་ཡི་བཀོད་པ་སྟོང་ཕྲག་གཅིག།བྱེད་དུ་བཅུག་ནས་འཆི་བའི་དུས་ཀྱི་ཚེ།།ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས།།མི་འཁྲུགས་རྒྱལ་བའི་དབང་བོ་བཅོམ་ལྡན་འདས།།འོད་ཟེར་སྔོན་པོས་ཞིང་ཁམས་འགེངས་བཞིན་དུ།།ཉན་ཐོས་དགེ་འདུན་རྒྱལ་བའི་སྲས་ཚོགས་ཀྱིས།།མདུན་དུ་བདར་ནས་བྱོན་པ་མངོན་སུམ་དུ།།མཐོང་བས་རབ་དགའ་དད་པའི་ཡུལ་བཅས་ནས།།མ་བརྗེད་དྲན་བཞིན་འཆི་འཕོ་ཤར་གྱི་ཕྱོགས།།མངོན་པར་དགའ་བའི་ཞིང་དུ་སྐྱེ་ངེས་ཞེས།།རྣམ་འདྲེན་ཤཱཀྱའི་རྒྱལ་བོས་བཀའ་སྩལ་ཏོ།།ཞེས་གདམས་པ་སོགས་ཕན་ཚུན་སྣོད་བཅུད་ཀྱི་སྒྱུ་འཕྲུལ་གཅིག་དུ་འདྲེས་པའི་རྣམ་པར་ཐར་པ་ནི་ཚུར་མཐོང་གི་ཡུལ་ལས་འདས་ཞིག་གོ།
གཞན་ཡང་རྒྱབ་རིའི་རྩེའི་བདེ་མཆོག་ཀླད་དུ་གྲགས་པ་འདིར་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་མངོན་སུམ་དུ་བཞུགས་པར་ཀུན་མཁྱེན་གོང་མས་གསུངས་པ་ལྟར་དོན་ལ་གནས་ཤིང་།སྐུ་བར་བས་དེ་ཀར་གཟིམས་སྤྱིལ་བཏབ་སྟེ་ཐུགས་དམ་མཛད་པས་དཔལ་འཁོར་ལོ་བདེ་མཆོག་རྟེན་དང་བརྟེན་པར་བཅས་པའི་ཞལ་གཟིགས་ཤིང་།བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་ནི།གསང་རྣམ་ལས།གྲུབ་པའི་ཞིང་མཆོག་དབེན་གནས་ཐར་པ་རྩེར།།ཟབ་གསང་རྡོ་རྗེའི་རྣལ་འབྱོར་ལ་གནས་ཚེ།།ཧེ་རུ་ཀ་དཔལ་རྟེན་དང་བརྟེན་པ་ཡི།།དཀྱིལ་འཁོར་འཁོར་ལོའི་སྣང་བ་མངོན་སུམ་གཟིགས།།ཞེས་གསུངས་པ་ལྟར་ལ།འདི་དང་ཉེ་བར།བཀའ་གདམས་གླེགས་བམ་ལས།རི་ཟུར་གསུམ་བྲག་གཞུངས་གནམ་དུ་འཕྱོ།།ངེད་མཁའ་འགྲོའི་རྒྱལ་མཚན་བསྒྲེངས་པ་འདྲ།།ཞེས་ལུང་བསྟན་པའི་རྒྱོའི་རྒྱ་མོ་གཉིས་གནས་བསྲུང་གི་ཚུལ་དུ་ཡོད་པ་ཡང་།ངོ་བོ་ཧེ་རུ་ཀའི་ཡེ་ཤེས་ཀྱི་རྣམ་རོལ་ལས་མ་འདས་ཀྱང་།རྣམ་པ་ཕལ་བ་ཀུན་ལ་ཧེ་ཧེ་ཡིན་པར་གྲགས་པ་ཡང་ཙ་རིའི་གནས་བདག་ཀློ་བོས་བྱས་པ་ལྟ་བུ་ཡིན་པས།གནས་འདི་ཙ་རི་དང་ཆོས་མཚུངས་པར་ཁོ་བོ་སེམས་ཤིང་།དེའི་རྒྱུ་མཚན་གྱིས་དབེན་དགོན་འདིར་ཙ་རིའི་ཞིང་སྐྱོང་བདུད་མགོན་སེང་ཞལ་ཅན་བསྲུང་མར་བསྟེན་དུ་བཅུག་པ་ཡིན་ནོ།།
བཀྲ་ཤིས་དགེ་འཕེལ་ཡང་སྔོན་གྲུབ་དབང་སྐལ་ལྡན་རྒྱ་མཚོ་དང་།ཀུན་མཁྱེན་གོང་མ་སོགས་ཀྱིས་སྒྲུབ་གནས་ཁྱད་འཕགས་སུ་གཟིགས་ནས་སྒྲུབ་གནས་བྱས་ཏེ་སྒྲུབ་པ་མཛད་པས་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་སོགས་སངས་རྒྱས་དངོས་ལྟ་བུའི་དགེ་བའི་བཤེས་གཉེན་དེ་དག་གིས་བྱིན་གྱིས་བརླབས་པའི་གནས་ཡིན་པས།ཀུན་མཁྱེན་འཇིགས་མེད་དབང་བོའི་སྡེ་ནས་སྒྲུབ་གྲྭ་ཁྱད་འཕགས་འདི་ཉིད་ཕྱག་འདེབས་མཛད་པ་ཡིན་ནོ།།
སློབ་དཔོན་ཆེན་པོ་པདྨ་ཀ་རའི་ལུང་བསྟན་ལས།གཡས་རི་དཔལ་བྲག་མགོན་པོ་ལ།།ལེགས་ལྡན་ནག་པོ་ལ་སོགས་པའི།།ཆོས་སྐྱོང་སྲུང་མའི་ཚོགས་རྣམས་གནས།།ཁམས་གསུམ་དབང་དུ་སྡུད་པའི་རྟགས།།ཞེས་དགོན་པའི་གཡས་ཀྱི་མགོན་པོ་རིར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སོགས་བསྲུང་མའི་ཚོགས་རྣམས་དང་།།གཡོན་གྱི་མགོན་དཀར་རིར།གཡོན་རི་རིན་ཆེན་སྤུངས་པ་ལ།།དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི།།བཀའ་བསྲུང་གཏེར་བདག་ཐམས་ཅད་གནས།།སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས།།ཞེས་མགོན་དཀར་ཡིད་བཞིན་ནོར་བུ་སོགས་བཀའ་བསྲུང་གཏེར་བདག་གི་ཚོགས་གནས་པར་གསུངས་ལ།མདུན་རི་བུམ་བཟང་ལྗོན་ཤིང་ལ།།མཆོད་པའི་ལྷ་མོ་ཐམས་ཅད་གནས།།ལོངས་སྤྱོད་ཆར་ལྟར་འབེབས་པའི་རྟགས།།ཞེས་མདུན་རིར་མཆོད་པའི་ལྷ་མོ་རྣམས་གནས་པར་གསུངས་པ་དང་།ཀུན་མཁྱེན་གྱི་དབུ་སྐྲ་བཏབ་པ་ལས་ནགས་ཚལ་རྣམས་སྐྱེས་པར་གྲགས་ཤིང་།རྗེ་ཉིད་ཀྱི་བཞུགས་ཁྲི་ཡོད་པ་སོགས་བྱིན་གྱིས་བརླབས་པའི་གནས་སུ་མངོན་ནོ།།སྒྲོལ་མའི་རི་ཡང་སྒྲོལ་མའི་བླ་རིར་གསུངས་ལ།དགོན་པའི་ཕྱོགས་བཞིར་རི་ཁྲོད་བཞི་ཡོད་ན་དགོན་པ་བརྟན་ཆགས་འབྱུང་བའི་ལུང་བསྟན་བཞིན་མཎྜལ་རི་ཁྲོད་དང་རྒྱོའི་རྒྱའི་རི་ཁྲོད་གཉིས་ཁོ་བོ་ཅག་གིས་གསར་འདེབས་བགྱིས་པ་ཡིན་ནོ།།མདོར་ན་ཡུལ་འདིའི་རི་བྲག་ནགས་ཚལ་སོགས་ཐམས་ཅད་ཀུན་མཁྱེན་མཆོག་དང་དཔལ་ཧེ་རུ་ཀའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལས་བྱུང་བ་ཤ་སྟག་གོ།
གཉིས་པ་སྐོར་བ་འགྲོ་ཚུལ་ནི།བཤད་མ་ཐག་པའི་གནས་དེ་དག་དང་སྐུ་གསུང་ཐུགས་རྟེན་ཇི་སྙེད་བཞུགས་པ་རྣམས་ལ་ཕྱོགས་འཐུས་ཀྱི་སྐོར་བ་བྱ་ཚུལ་གསར་དུ་ཕྱེ་ཡོད་པ་བཞིན་དགོན་པའི་ཕྱོགས་བཞི་སོགས་མཚམས་མཚམས་ནས་ཕྱག་གསུམ་རེ་འཚལ་ཏེ་སྐོར་བ་གཅིག་ལ་ཕྱག་བརྒྱ་རྩ་བརྒྱད་འགྲོ་ངེས་བྱས་ན་ལེགས་ཤིང་།བཀྲ་ཤིས་ལུང་རིང་ཁ་ནས་དགོན་པའི་ཕྱོགས་བཞིར་ཕྱག་འཚལ་བར་བྱ་ཞིང་།འདིར་ཅོ་(ཇོ་)དར་འཛུག་པ་སོགས་བྱས་ན་ཤིན་ཏུ་ལེགས་ལ།དེ་ནས་རིམ་གྱིས་སྐོར་བ་འཁོར་བ་ན་ཆུ་ཟམ་གང་རུང་ལ་བསྒྲོད་དེ།བཙན་ཁང་དང་ནོར་འཛིན་ཕོ་བྲང་གཉིས་ཀྱང་ནང་དུ་ལོན་པ་བྱས་ཏེ་འགྲོའོ།།
སྐོར་ཡུལ་གྱི་རྟེན་གཙོ་མི་འཁྲུགས་པའི་ཞིང་དངོས་སུ་བཞུགས་པ་དེ་ལ་བྱས་ན་ལེགས་པས།དེ་ཡང་མི་འཁྲུགས་པས་གཟུངས་བཟླ་བཞིན་པར།ཡིད་དད་གུས་ཤུགས་དྲགས་པོའི་སྒོ་ནས་ཚུལ་དང་མཐུན་པར་སོང་ན་ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་ཚང་བས་དེ་ལྟར་བྱ་ལ།ཕྱག་སྐོར་སོགས་ལ་ལུས་ངག་ཡིད་གསུམ་གྱི་ལས་ཡོད་པས།དགེ་སྦྱོར་གཞན་ལས་ཁྱད་པར་དུ་འཕགས་པར་གསུངས་ཤིང་།ཇོ་བོ་བཀའ་གདམས་པ་རྣམས་ཀྱང་འདི་དག་ལ་བསྔགས་པ་བརྗོད་ཅིང་ཐུགས་དམ་མཛད་པ་ཇོ་འབྲོམ་སོགས་ཀྱི་རྣམ་ཐར་དུ་གསལ་བ་ལྟར་རོ།།
གསུམ་པ་ཕྱག་དང་སྐོར་བའི་ཕན་ཡོན་ནི།འདུལ་བ་ལུང་ལས།དགེ་སློང་དག།དགེ་སློང་འདིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས།བཙུན་པ་དེ་ལྟར་ལགས་སོ།།དགེ་སློང་དག།དགེ་སློང་འདིས་ས་ཇི་ཙམ་མནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་གི་བར་ན་ཕྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ།།ཞེས་དང་།གསལ་རྒྱལ་ལ་གདམས་པ་ལས།སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ།།སྐུ་གཟུགས་དག་ལ་སྐོར་བྱེད་པ་དེ།།ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད།།བཟང་བོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན།།ཞེས་དང་།ཁྱད་པར་སྒྲིབ་སྦྱོང་གི་མཆོག་ཏུ་གྱུར་པས་ངན་འགྲོའི་སྐྱེ་སྒོ་ཁེགས་ཚུལ་ནི།མ་(མེ་)ཏོག་བརྩེགས་པའི་གཟུངས་ལས།དགའ་བའི་སེམས་ཀྱིས་གོམས་པའི་གར་སྟབས་འགའ་བོར་ཏེ།སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།།ཞེས་སྨྲས་པ་དེ་དག་གི་བསྐལ་བའམ།བསྐལ་བ་བརྒྱའམ།བསྐལ་བ་སྟོང་ངམ།བསྐལ་བ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྷུང་བའི་གནས་མེད་དོ།།ཞེས་དང་།གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ལས།སེམས་ཅན་གང་དག་མཆོད་རྟེན་དེ་ལ་སྐོར་བ་གཅིག་གམ།ཕྱག་འཚལ་བ་གཅིག་གིས་མནར་མེད་པ་ལ་ཐུག་པའི་བར་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་།བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར།ཞེས་སོགས་གསུངས་ཤིང་།རྒྱ་གར་ན་ཡང་གྲོང་ཁྱེར་ཆེན་པོ་དང་།གཙུག་ལག་ཁང་ལ་སྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་།ནད་སོགས་ཞི་བའི་ལོ་རྒྱུས་མང་ངོ་།།
འགའ་ཞིག་གིས་ཕྱག་སྐོར་སོགས་ནི་ཆོས་ཟབ་མོའི་ཉམས་ལེན་མི་ཤེས་པའི་ཕལ་བ་རྣམས་ལ་ཡིན་གྱི།བློའི་ནུས་པ་ཆེ་བ་རྣམས་ལ་མི་དགོས་སོ་སྙམས་(སྙམ་)ན།ཤིན་ཏུ་འཁྲུལ་བ་སྟེ།མདོ་སྡེ་ས་བཅུ་བ་ལས།དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་བྱེད་དེ།མཆོད་པ་དང་རིམ་གྲོ་བྱེད་པ་དེ།སེམས་དང་བོ་བསྐྱེད་པ་ཡན་ཆད།ས་དགུ་བ་ཐོབ་པའི་བར་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།།ཞེས་ས་གོང་མ་རྣམས་ལ་ཡང་ལུས་ངག་གི་དགེ་སྦྱོར་གོང་འཕེལ་དུ་འགྲོ་བར་གསུངས་པས་སོ།།དེས་ན་རྒྱལ་བའི་བཀའ་ལ་ཡིད་ཆེས་ཀྱི་ངེས་པ་དྲངས་ནས།དལ་འབྱོར་གྱི་རྟེན་ལ་སྙིང་བོ་བླངས་ཏེ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཞིག་གལ་ཆེའོ།།
སྨྲས་པ།རྒྱལ་བས་ཤེར་ཕྱིན་དར་བའི་བྱང་གཉིས་པར།།ལུང་བསྟན་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྡེའི།།གྲགས་པ་རབ་སྙན་ལྷ་ཡི་དུནྡུ་བྷི།།ཕྱོགས་ཀྱི་མཛེས་མས་བརྡུང་བ་གང་དེ་ཡི།།གནས་ཚུལ་མདོ་ཙམ་བརྗོད་པའི་མུཀྟི་ཀ།ལྷག་བསམ་ཉ་ཕྱིས་ཁོང་ཡངས་ལས་དྲངས་ཏེ།།སྡེབས་ལེགས་ཚིག་གི་སྲད་བུར་བསྟར་བ་འདི།།སྐལ་བཟང་ལུས་ཕྲའི་མགུལ་བ་མཛེས་པའི་རྒྱན།།དེ་སྐད་སྨྲས་པའི་ལེགས་བྱས་འཛམ་བུའི་འབྲས།།བྱང་ཆེན་སྨོན་པའི་རྒྱ་མཚོར་ལྷུང་བ་ལས།།རིན་ཆེན་རིན་ཐང་བྲལ་བ་ཀུན་མཁྱེན་གྱི།།གསང་གསུམ་གསེར་གྱི་འཁོར་ལོས་སྒྱུར་གྱུར་ཅིག།ཅེས་རྒྱལ་བས་ལུང་བསྟན་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གནས་བཤད་སྐལ་བཟང་མགྲིན་རྒྱན་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི་ནི་ཁོ་བོས་སྐོར་ལམ་གསར་དུ་ཕྱེ་སྐབས་གནས་བཤད་ཅིག་ཅིས་ཀྱང་དགོས་ཞེས།དུས་འཁོར་སློབ་ཟུར་བུ་དགུའི་བླ་སར་ཚང་དང་།ཀུན་སྤང་བ་ཆོས་འབྱོར་ཟུང་གིས་བསྐུལ་ངོར།ཞྭ་སེར་ཅོད་པཎ་འཛིན་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་སྦྱར་བའི་ཡི་གེ་བ་ནི་དགེ་སློང་དཀོན་མཆོག་ཟླ་བའོ།།
མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་བཤད་ཡིག་ཆ་རྩ་ཆེན་འདི་ཉིད་དགོན་པ་དེའི་དགོན་བདག་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་མཆོག་གི་གསུང་འབུམ་ལས་ཆ་ཚང་ཁོལ་དུ་ཕྱུང་ནས། གནའ་དཔེ་དག་སྒྲིག་གི་རྩ་དོན་ལྟར་དག་སྒྲིག་འོས་འཚམ་བགྱི་ཁུལ་བྱས་ཏེ། འདིར་ཆེད་དུ་འབྲེལ་ཐོགས་དཔྱོད་ལྡན་ཡོངས་ཀྱི་སྤྱན་སྔར་འོས་སྦྱོར་གཟིགས་འབུལ་ཞུས་པ་ཀུན་གྱི་ཐུགས་དགྱེས་པའི་གསོས་སུ་གྱུར་ཅིག་ཅེས་སྔོ་དེའུ་སྒོམ་པ་བཀྲ་ཤིས་སུ་འབོད་པས་༢༠༢༣ལོའི་ཟླ་༡པའི་ཚེས་༡༡ལ།