ཤེས་རིག་ནོར་བུའི་གླིང་དུ་ཐོན་མིའི་འབུམ་གླིང་།
༄༅། ། ཐོན་མིའི་འབུམ་གླིང་ནི། སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར་སེམས་ཅན་རྣམས་ནི་ཤེས་རབ་ཞན་པ། བླངས་དོར་གྱི་ཆ་ལ་རྨོངས་པ། ཡོན་ཏན་བསླབས་ཀྱང་མི་ལོབ་པ། ལོབས་ཀྱང་བརྗེད་སླ་བ། ཚེ་ཐུང་བ། ཉོན་མོངས་རྒྱས་པ། ལྟ་བ་ངན་པ་འཕེལ་བ། ནད་མང་བ་སོགས་ལ་དམིགས་ཏེ་ཆེད་དུ་བཞེངས་པ་ཞིག་ཡིན་པས་སེམས་ཅན་རྣམས་ཀྱི་སྡིག་སྤོང་དགེ་སྒྲུབ་བྱེད་པའི་ཞིང་ཁྱད་པར་ཅན་དུ་འགྱུར་བར་སྨོན། རྟེན་གྱི་ཆ་ནས་ཞུས་ན་རྗེ་བཙུན་འཇམ་པའི་དབྱངས་དང་སློབ་དཔོན་ཆེན་མོ་ཐོན་མི་སཾ་བྷོ་ཊ་གཙོ་བྱས་པའི་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་བཅུ་བདུན་དང་། བོད་ཀྱི་སློབ་དཔོན་ཐོག་མ་ཐོན་མི་སཾ་བྷོ་ཊ་མཆོག་གི་སློབ་དཔོན་རྣམ་གཉིས་ཏེ། པན་ཆེན་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་ཀ་ར། ཐུགས་སྲས་སློབ་མ་རྣམ་གཉིས་ཏེ། དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་བཅས་ཀྱི་སྐུ་འདྲ་བཞུགས་ཤིང་ཚོམས་ཆེན་གྱི་རྩིག་ངོས་རྣམས་སུ་སློབ་དཔོན་ཆེན་པོ་ཐོན་མི་སཾ་བྷོ་ཊའི་མཛད་རྣམ་གྱན་ཐང་བཅུ་དྲུག་ཏུ་བཞེངས་ནས་བཞུགས་སུ་གསོལ།
འབུམ་གླིང་སྤྱིའི་དབྱིབས་ནི། དབྱེན་ཟླུམ་མཆོད་རྟེན་ཡིན་ལ་ཟུར་བཞི་ལ་བཀའ་གདམས་པའི་ལུགས་ཀྱི་འབུམ་ཁང་བཞིས་བརྒྱན་ཡོད། འབུམ་ཁང་བཞིའི་ནང་དུ་ཐོན་མིའི་སྐུ་འབུམ་ཕྲག་མང་བོ་དང་འབུམ་ཁང་བཞིའི་ཏོག་གི་ནང་ལ་བཀའ་བསྟན་དང་སྐྱེས་ཆེན་དམ་པ་མང་བོའི་གསུང་འབུམ་གྲངས་མེད་བཞུགས་སུ་གསོལ། མཆོད་རྟེན་གྱི་ཁྲི་སྟེང་ལ་གསེར་རག་ལས་གྲུབ་པའི་བདེ་གཤེགས་ཀྱི་མཆོད་རྟེན་ཆ་བརྒྱད་དང་རྣམ་རྒྱལ་མཆོད་རྟེན་ཆུང་བ་བརྒྱ་རྩ་བཞུགས། བུམ་པའི་ནང་དུ་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མ། སློབ་དཔོན་ཆེན་མོ་ཐོན་མི་སཾ་བྷོ་ཊའི་སྐུ་སྟོང་ཕྲག་གཅིག་རེ་བཞུགས་སུ་གསོལ།
དེ་ལྟ་བུའི་མཆོད་རྟེན་འདི་ལ་ཕྱག་དང་སྐོར་བ་བྱས་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཡོད་པ་ནི་བཀའ་དང་བསྟན་བཅོས་རྣམས་སུ་འབྱུང་བ་ལྟར་ལགས་ལ། སྤྱིར་ལྷ་ཁང་དང་འདུ་ཁང་གི་སྐོར་ཚད་ལ་རྩིས་རྒྱག་སྟངས་མང་དུ་ཡོད་ཀྱང་འདིར་གཙོ་སྐུ་འཇམ་པའི་དབྱངས་དང་ཐོན་མི་སཾ་བྷོ་ཊ་བྱས་ནས་སྐོར་ཚད་སྟོང་དང་ཁྲི། འབུམ་སྟེ་རྣམ་པ་གསུམ་དུ་ཕྱེས་ཡོད་པས། ཐོན་མིའི་འབུམ་གླིང་གི་སྐོར་ཚད་ཆུང་བ་༧༡༥ཡིན། སྐོར་ཚད་འབྲིང་བ་༡༤༢༨ཡིན། སྐོར་ཚད་ཆེ་བ་༧༡༤༢ཡིན།
བྱིན་རླབས་འོད་སྟོང་འབར་བའི་ཞིང་མཆོག་ལ། །
སྐོར་དང་ཕྱག་མཆོད་བྱས་བགྱིས་པའི་དགེ་འབྲས་ཀྱིས། །
སེམས་ཅན་རྨོངས་པའི་མུན་ལས་མྱུར་གྲོལ་ཏེ། །
རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་གྱུར་ཅིག །
གནས་འདིར་འབྲེལ་ཐོགས་སེམས་ཅན་ཐམས་ཅད་ལ། །ཚེ་རིང་ནད་མེད་བསམ་པའི་དོན་འགྲུབ་ཅིང་། །
ཤེས་བྱའི་བློ་མིག་འབྱེད་པའི་དཔལ་འཐོབ་སྟེ། །
ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །
ཅེས་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་སརྦ་མངྒ་ལཾ།། །།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn