རྭ་རྒྱའི་ཉེ་སའི་སྟག་མོ་རྫོང་།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-27 15:55:04     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

འབའ་རྫོང་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་དགུ་བཅུ་ལྷག་གི་ས་རུ་རྨ་བྱང་ཡུལ་ཚོའི་གསེར་ཆེན་ལུང་བ་རུ་ཡོད་ཅིང༌། རྭ་རྒྱ་བཀྲ་ཤིས་འབྱུང་གནས་དང་ཐག་མི་རིང་བའི་སེ་ཡོད།  འདིའི་རྫོང་སྒོ་མ་གཏོགས་ཕྱོགས་བཞི་བྲག་རི་དང་ནགས་ཚལ་སྟུག་པོས་གཡོག་པའི་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཡིན༌།

སྔོན་ཆད་ས་འདིར་སྟག་ཧ་ཅང་མང་བས་སྟག་རྫོང་དུ་གྲགས་ལ།ད་ལྟ་བྲག་སྐེད་ན་མཚམས་ཁང་འགའ་ཡོད། སྔོན་སུ་ཞིག་གིས་གནས་འདིར་ཐོག་མར་ཉམས་བཞེས་མཛད་པ་མི་ཤེས་མོད། མཁ རྗེ་བཙུན་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་དཔལ་བཟང་བོའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་སྐལ་བཟང་དད་པའི་པདྨོ་བཞད་པའི་ཉིན་བྱེད་ལས།དབུས་གཙང་དུ་སྐྱབས་མགོན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་།ཐུགས་སྲས་དྲུང་བ་ཡབ་སྲས།ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་སོགས་དང་།མདོ་སྨད་དུ་ཕེབས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པ།ཚ་གན་ནོ་མིན་ཧན་བློ་བཟང་བསྟན་པའི་རྒྱལ་མཚན།ལ་མོ་གྲགས་པ་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་དུ་མའི་ཞབས་ལ་གཏུགས་ནས་དབང་ལུང་ཁྲིད་མན་ངག་མཐའ་ཡས་པ་གསན་ཏེ་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པའི་གཏེར་དུ་གྱུར་ཅིང་།འབལ་མདོའི་གད་པ་གཡང་རྭ་དང་།སྟག་མོ་རྫོང་སོགས་སུ་སྒྲུབ་པ་སྙིང་བོར་མཛད།ཅེས་གསུངས།

སྤྱི་ལོ༡༨༠༣ལོར་ཞབས་དཀར་ཚོགས་དྲུག་རང་གྲོལ་ཕེབས་ཏེ་སྒོམ་སྒྲུབ་མཛད་པ་ཁོང་གི་རྣམ་ཐར་ལས།སྟག་མོ་རྫོང་དུ་ཕེབས་ཏེ་བྲག་ཕུག་ཆེ་ཆུང་གཉིས་ཡོད་པའི་ཆུང་བའི་ནང་དུ་མལ་ས་བཅས་རྩྭ་གདན་བཏིངས་ནས་བསྡད་གསུངས།

༡༨༠༡ལོར་རྗེ་གསེར་ཁང་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གནས་འདིར་བྱོན་ནས་སྒོམ་སྒྲུབ་མཛད་ཅིང་གཟིགས་སྣང་ཁྱད་པར་ཅན་འཁྲུངས།རྣམ་ཐར་ལས། སྟག་མོ་རྫོང་ནས་དགུན་གསུམ་སྐུ་མཚམས་བསྡམས། །སོས་དུས་རྭ་རྒྱ་ཕེབས་ནས་ལམ་རིམ་ཆེ། །འགྲེལ་བ་བཞི་སྦྲགས་དབུ་ནས་ཅུང་ཟད་བཤད། །ཅེས་གསུངས། 

གཞན་ཨ་ལག་བྱ་འཕུར་སྐུ་ཕྲེང་རིམ་བྱོན་དང་༌།མགར་རྩེའི་བླ་མ་ཐེར་ནག གཙང་པནྜིཏའི་ཡོངས་འཛིན་ལོ་ཐོ།དབུ་མཛད་བློ་འབའ།གཙང་ལེགས་ཚོགས་རྒྱ་མཚོ་སོགས་དམ་པ་མང་པོས་གནས་འབྲེལ་དང་སྒོམ་སྒྲུབ་མཛད་དོ།།


རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།