གནས་ཆེན་ཀ་བུ་སྟག་རྩེའི་གནས་རང་བཞིན་བརྗོད་པ་དང་ཕྱི་ནང་བར་གསུམ་གྱི་བསྐོར་བ་བྱ་ཚུལ་དད་པའི་ཆུ་རྒྱུན་འདྲེན་པའི་ཡུར་བ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-13 10:11:26     རྩོམ་པ་པོ།   གྲུབ་ཆེན་རོལ་བའི་རྡོ་རྗེ།    ཀློག་ཐེངས།  

ཨེ་མ་དགུང་སྔོན་དཀྱིལ་གྱི་གཡུ་འབྲུག་སྔོན་མོ་དང་།།

ནགས་རོང་ཚལ་གྱི་ཁུ་བྱུག་སྔོན་མོ་གཉིས།།

ལས་ཀྱིས་འབྲེལ་བས་ཕན་ཚུན་འགལ་མེད་ལྟར།།

ཆགས་སེམས་དབང་གིས་གྲོགས་མཐུན་དེ་ལྟར་ཡིན།།

རྫ་ལ་གནས་པའི་འབྲོང་མོ་རྭ་རིང་དང་།།

ན་དམར་གཤོང་གི་རྐྱང་བུ་ཁ་དཀར་གཉིས།།

ལས་ཀྱིས་ཕན་ཚུན་འགྲོགས་ཤིང་འགྲོགས་པ་དེ།།

གཅིག་ལ་གཅིག་མཐུན་གྲོགས་པོ་དེ་ལྟར་ཡིན།།

བྲག་རིར་གནས་བཅས་གཞི་བདག་ཁྱོད་ཉིད་དང་།།

ཕྱོགས་ནས་འོངས་བའི་བན་རྒན་ང་ཉིད་གཉིས།།

ལས་ཀྱིས་བསྡུས་ནས་ད་ལྟ་མཇལ་འཕྲད་འོངས།།

ངེད་ཅག་རྒྱལ་བ་གོང་མའི་གདུང་རྒྱུད་ཡིན།།

ཁྱེད་ཅག་སྡེ་བརྒྱད་སྔོན་བྱོན་བཀའ་དམ་བཞིན།།

ཞལ་མཐོང་གསུང་ཐོས་གནས་ཁང་གར་ཡོད་དང་།།

གནས་ཀྱི་ཆགས་ཚུལ་བསྐོར་བའི་ཕན་ཡོན་དང་།།

གནས་ཕྲན་ཅི་ཡོད་གབ་གསང་མེད་པ་དང་།།

ཕྱི་ནང་བར་གསུམ་རྟེན་དང་གནས་གཞི་སོགས།།

མདོར་བསྡུས་ཙམ་ཞིག་གསུངས་པའི་བཀའ་དྲིན་སྐྱོངས།།

འདི་འདྲ་ཞུས་ཚེ་འདི་ལྟར་གསུང་བར་སྨྲས།།

ཐང་ལ་གནས་པའི་སྟག་རྩེ་ཞེས་བྱ་བ།།

གནས་སྐབས་རྐྱེན་གྱིས་བསྒྱུར་ནས་འདི་ལ་ཐོན།།

གནས་མཆོག་འདི་ནི་རིགས་གསུམ་མགོན་པོའམ།།

ཁྱད་པར་ཐུགས་རྗེ་ཆེན་པོའི་གནས་ཡིན་པས།།

དེ་མདུན་ཐོན་ཚེ་ལྷ་ལུང་དཔལ་རྡོར་གྱིས།།

བཀའ་བསྒོས་དམ་བཞག་གནས་འདིའི་བདག་པོར་བཀོད།།

ཡབ་ཡུམ་སྲས་བཅས་གནས་འདིར་བསྡད་པ་ཡིན།།

གནས་ཀྱི་རྟེན་དང་བསྐོར་བའི་ཕན་ཡོན་སོགས།།

ཁྱེད་ཅག་བླ་མ་རྣམས་ཀྱིས་མ་བཙལ་ན།།

ངེད་ཅག་སྡེ་བརྒྱད་རྣམས་ཀྱིས་ཆེར་མི་ཤེས།།

གནས་ཀྱི་ཆགས་ཚུལ་གནས་གཞི་ཡོད་ཚུལ་སོགས།།

ཅུང་ཟད་ཤེས་ཀྱང་ད་རུང་ཞུ་རྒྱུ་མེད།།

སྔོན་ཆད་བསྐལ་བ་ཆུ་བྱའི་ལོ་ནས་བཟུང་།།

བེེ་རོ་ཙ་ནས་གནས་ཀྱི་ལོ་རྒྱུས་དང་།།

བསྐོར་བར་འགྲོ་ཚུལ་བསྐོར་བའི་ཕན་ཡོན་སོགས།།

ཅུང་ཟད་མཛད་པ་ཡུལ་ཕྱོགས་ཤིག་ན་གདའ།།

དེ་མིན་སྔོན་གྱི་ལོ་རྒྱུས་ཞུ་རྒྱུ་མེད།།

ཁྱོད་རང་གསར་མ་ཡིན་ནམ་རྙིང་མ་ཡིན།།

ཆོས་མཐུན་གྲུབ་མཐའ་གང་ནས་བྱོན་པ་ཡིན།།

དགོངས་དོན་ཅི་ཡོད་ཞིབ་རྒྱས་དྲང་པོར་ཤོད།།

གསུང་ཚེ་ང་ཡིས་ཁོང་ལ་འདི་ལྟར་ཞུས།།

ཅང་ཤེས་མ་ཡིན་རྒོད་མ་མ་ཡིན་པའི།།

དེ་གཉིས་ལས་བྱུང་ཕྲུ་གུ་ནི།།

མིང་ལ་གཞན་གྱིས་དྲེའུ་སྨུག་ཆུང་ཟེར།།

གང་དང་མི་འདྲ་ཀུན་དང་མཐུན་པ་ཡིན།།

ཐུལ་དཀར་མ་ཡིན་གླང་བུ་མ་ཡིན་པའི།།

དེ་གཉིས་ལས་བྱུང་ཕྲུ་གུ་ནི།།

མིང་ལ་གཞན་གྱིས་ཁྱུང་དཀར་མཛོ་བོ་ཟེར།།

གང་དང་མི་འདྲ་ཀུན་དང་མཐུན་པ་ཡིན།།

རྙིང་མ་མ་ཡིན་གསར་མ་བ་ཡང་མིན།།

དེ་གཉིས་མཐུན་ལས་བྱུང་བའི་གྲྭ་བ་ནི།།

མིང་ལ་གཞན་གྱིས་དགེ་མིང་བླ་མ་ཟེར།།

གང་དང་མི་འདྲ་ཀུན་དང་མཐུན་པ་ཡིན།།

སྔར་གྱི་ལོ་རྒྱུས་ད་ལྟའི་རྒྱུ་མཚན་སོགས།།

ཞིབ་རྒྱས་ཅི་དགོས་ཁྱོད་ཀྱིས་གསལ་ལེར་གཟིགས།།

སང་ངམ་གང་ཡིན་ཞིབ་རྒྱས་བཤད་ན་ཆོག།

ཞུས་ཚེ་ང་ལ་འདི་འདྲ་གསུང་སྣང་ཤར།།

ཕྱོགས་ནས་འོངས་བའི་གཞི་བདག་ང་ཉིད་དང་།།

གཞན་ནས་བྱོན་པའི་བླ་རྒན་ཁྱེད་ཅག་གཉིས།།

གྲོགས་པོ་བསམ་ན་ཐུགས་དགོངས་ཡུན་གྱིས་དཔྱོད།།

དུས་དང་བསྐལ་བ་རྟེན་འབྲེལ་ལེགས་པོ་གཙོ།།

དེ་འདྲ་གསུང་ཚེ་ང་རང་གཉིད་ལས་སད།།

ནངས་བར་སེམས་ལ་ཤར་ཚུལ་ཅུང་ཟད་བྲིས།།

ཨོཾ་བདེ་ལེགས་སུ་གྱུར་ཅིག།།

མདོ་ལྟར་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ།།

སྔགས་ཀྱི་སྟོན་པ་པད་མ་འབྱུང་གནས་དང་།།

གསར་རྙིང་རིས་མེད་བཀའ་རྒྱུད་བླ་མ་ལ།།

གསོལ་བ་འདེབས་སོ་བརྩེ་བའི་ཐུགས་རྗེས་གཟིགས།།

གྲུབ་པའི་དབང་ཕྱུག་ལྷ་ལུང་དཔལ་རྡོར་དང་།།

མཁས་པ་ཆེན་པོ་བེེ་རོ་ཙ་ན་སོགས།།

གནས་འདིར་རིམ་བྱོན་དངོས་བརྒྱུད་བླ་མ་ལ།།

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།

མཁྱེན་རབ་བདག་པོ་རྗེ་བཙུན་འཇམ་དབྱངས་དང་།།

སྤྱན་རས་གཟིགས་དང་གསང་བདག་ཕྱག་རྡོར་སོགས།།

ཡི་དམ་ལྷ་ཚོགས་སྒྲུབ་པ་གང་ཡོད་ལ།།

གསོལ་བ་འདེབས་སོ་རྐྱེན་ངན་བར་ཆད་སེལ།།

ས་བརྒྱད་སེམས་དཔའ་སྟག་རྩེ་འཁོར་བཅས་དང་།།

ཡུམ་སྲས་བློན་འབངས་བཀའ་ཉན་དྲེགས་ཚོགས་དང་།།

སྒོ་བཞི་སྐྱོང་ཞིང་གནས་ཀྱི་བདག་པོ་ལ།།

གསོལ་བ་འདེབས་སོ་ཐུགས་རྗེས་ཤིས་པ་སྩོལ།།

སྔོན་བྱོན་གོང་མའི་རྣམ་ཐར་ཞལ་གསུངས་ལ།།

མདོ་སྨད་གནས་ཀྱི་རྫོང་ཆེན་བཞི་ཡོད་ལ།།

བྲག་དཀར་སྤྲེལ་རྫོང་བྲག་ནག་དོམ་རྫོང་དང་།།

བཀྲ་ཤིས་ཆོས་རྫོང་ཨོ་ཊི་ཡར་རྫོང་ཞེས།།

གནས་བཞིའི་ནང་ཚན་ད་ལྟ་འདི་ཉིད་ནི།།

ཨོ་ཊི་ཡར་རྫོང་ཞེས་བྱའི་གནས་འདི་ལ།།

གནས་ཀྱི་ལོ་རྒྱུས་བསྐོར་བའི་ཕན་ཡོན་སོགས།།

ཅུང་ཟད་བྲིས་པས་དད་ལྡན་རྣམས་ཀྱིས་ཉོན།།

སྔོན་བྱོན་རྒྱལ་བ་གོང་མའི་གསུང་རྒྱུན་ལ།།

བྱང་ཆུབ་སེམས་དཔའི་བླ་རི་གང་ཡིན་པ།།

དེ་ལ་ཕྱག་དང་བསྐོར་བ་སུས་བྱས་ན།།

རང་སྔགས་ས་ཡ་རེ་རེ་ཡོད་པར་གསུངས།།

དེ་ལྟར་ད་ལྟའི་རྫོང་ཆེན་འདི་དག་ལ།།

གནས་ཀྱི་ལོ་རྒྱུས་བེེ་རོས་གསུངས་ཚུལ་ལྟར།།

རིགས་གསུམ་མགོན་པོའི་གནས་ཀྱི་གསུངས་པ་ལྟར།།

གནས་ཆེན་འདི་ཡི་ཤར་སྒོའི་ཕྱོགས་སུ་ནི།།

བྲག་རི་ཅུང་ཟད་དཀར་བའི་ནགས་བརྒྱན་ཅན།།

འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས་ཡིན་འདུག།

གཡོན་ཕྱོགས་སྨན་ལྷ་བདེར་གཤེགས་བརྒྱད་ཀྱི་གནས།།

མདུན་ངོས་རྡོ་རྗེ་རྣམ་པར་འཇོམས་པའི་གནས།།

རྣམ་འཇོམས་གྲིབ་ཆུ་ཟེར་བའི་སྨན་ཆུ་ཡོད།།

ཤར་གྱི་ལབ་རྩེ་སྟོད་སར་ཤེལ་ཚིགས་སོགས།།

རྨུ་ཐག་བསང་མཆོད་བྱེད་པ་ཐམས་ཅད་དང་།།

ཕྱག་འཚལ་བསྐོར་སྦྱང་སུ་ཡིས་བྱེད་ནུས་ན།།

ལུས་ཀྱི་ནད་གདོན་སེམས་ཀྱི་སྡུག་བསྔལ་སོགས།།

མི་འདོད་གནོད་པའི་རྐྱེན་རྣམས་རབ་ཞི་ནས།།

འདོད་པའི་མཐུན་རྐྱེན་འབད་མེད་ལྷུན་འགྲུབ་འགྱུར།།

རྣམ་འཇོམས་གྲིབ་ཆུ་སྨན་དང་རབ་སྦྱར་བ།།

འདི་ཉིད་སུས་བསྟེན་ནད་རིགས་ཀུན་ལ་ཕན།།

ཁྱད་པར་མགོ་དང་རོ་སྟོད་མིག་སོགས་དང་།།

གྲིབ་ཀྱི་རིགས་ལ་འདི་ཉིད་ཤིན་ཏུ་བསྔགས།།

དེ་ནས་གཡས་བསྐོར་ཅུང་ཟད་སོང་བའི་ཚེ།།

བྲག་རི་རྔམ་བརྗིད་རྩེ་གསུམ་འདྲ་བ་སྟེ།།

གསང་བདག་ཕྱག་ན་རྡོ་རྗེའི་གནས་མཆོག་ཡིན།།

དེ་ཡི་རྩ་ནས་ཅུང་ཟད་གཡས་ཕྱོགས་སུ།།

རྒྱ་གར་གྲུབ་ཆེན་ཊམ་བྷ་རུ་བ་ཡིས།།

བྱིན་གྱིས་བརླབས་པའི་བྲག་རི་སེང་གེའི་དབྱིབས།།

ལྷ་ལུང་དཔལ་གྱི་རྡོ་རྗེའི་བཞུགས་གནས་ཡོད།།

དེ་ནས་ཕར་སོང་ཡོངས་གྲགས་གནས་སྒོ་ཞེས།།

བྲག་ཕུག་ལབ་རྩེ་ཡོད་པའི་ཐད་དྲང་དེ།།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག་ཡིན།།

བྲག་ཕུག་སིན་བྷུ་ར་ཡི་ཆུས་བྱུགས་པ།།

རྡོ་རྗེ་རྣལ་འབྱོར་མ་ཡི་གནས་ཡིན་འདུག །

དེ་ཡི་གཡས་ཕྱོགས་བྲག་རི་དམར་སེར་རམ།།

ཕུར་བའི་དཔལ་པོ་དམར་སེར་དོད་པའི་སར།།

གནས་འདིའི་བདག་པོ་ཀ་བུ་སྟག་རྩེ་ཡི།།

ཕོ་བྲང་བརྒྱད་ལྡན་རྣམ་སྲས་ཁང་བཟང་ལྟར།།

མཛེས་ཤིང་ཡིད་འོང་མངོན་སུམ་བཞུགས་ཡོད་སྣང་།།

དེ་ཡི་གཡས་གཡོན་ས་གནས་སེམས་དཔའ་དང་།།

ཁྱད་པར་གནས་བརྟན་བཅུ་དྲུག་རྟེན་གྱི་གཙོ།།

ལྟུང་བཤགས་ལྷ་ཚོགས་ཉེ་བའི་སྲས་ཆེན་སོགས།།

ཁང་བཟང་དེ་རུ་བཞུགས་ཡོད་ཉམས་སྣང་ཤར།།

རྟེན་རྫས་རིལ་བུ་ཁྱད་འཕགས་མང་བོ་དང་།།

གཏེར་གྱི་ཁ་བྱང་མཁའ་འགྲོའི་གསང་མཛོད་ཀློང་།།

དགེ་འདུན་འདུ་བའི་ཆོས་འཁོར་རྣམ་གསུམ་དང་།།

རིགས་བྱེད་མ་ཡི་དབང་བསྡུད་ཆོས་ཚན་དྲུག །

མཁའ་འགྲོའི་རིགས་ཀྱི་གཏེར་སྒྲུབ་ནོར་སྒྲུབ་དང་།།

གཡང་སྒྲུབ་ལ་སོགས་ཆོས་ཚན་དུ་མ་ཡི།།

ཐུགས་རྗེ་ཆེན་པོའི་བསྒྲུབ་སྐོར་ཆོས་ཚན་བརྒྱད།།

ཁྱད་པར་བཅུ་གཅིག་ཞལ་གྱི་བསྒྲུབ་ཁོག་དང་།།

ལས་མཐའ་བསྐྱེད་རྫོགས་སྒོམ་གསུམ་གནད་ལྡན་དང་།།

བསྒྲུབ་རྫས་རིལ་བུ་རྟེན་རྫས་སྐུ་གསུང་རྟེན།།

མང་བོར་བཞུགས་པ་མངོན་སུམ་སྣང་ངོར་ཤར།།

གཡས་གཡོན་གནས་སོགས་ཁང་བཟང་གར་ཡོད་པར།།

སྐུ་གསུང་ཐུགས་རྟེན་རྟེན་རྫས་བསྒྲུབ་རྫས་སོགས།།

དེ་ལྟར་རིམ་བཞིན་གནས་པའི་ཉམས་སྣང་ཤར།།

རིགས་གསུམ་མགོན་དང་སྨན་བླའི་ཆོས་སྐོར་ལ།།

གཏེར་ཚན་ཉེར་ལྔ་ཁ་བྱང་དང་བཅས་བཞུགས།།

མེ་སྤྲེལ་རྒྱལ་པོའི་གནམ་ལོ་སྟོན་དུས་དེར།།

དཔལ་ལྡན་ཤ་བ་རི་བའི་རྣམ་སྤྲུལ་ཞིག།

གཏེར་སྟོན་ཆོས་ཉིད་གླིང་བ་ཞེས་བྱ་དེ།།

གནས་ཆེན་འདི་རུ་བྱོན་ནས་གཏེར་སྒོ་འབྱེད།།

སྐུ་གསུང་ཐུགས་རྟེན་མཆོད་རྫས་བསྒྲུབ་རྫས་དང་།།

རྟེན་རྫས་ལ་སོགས་མང་པོ་བླངས་ནས་སུ།།

དགོན་སྡེ་འདི་ཡི་རྟེན་སྐལ་བཞུགས་ཉམས་ཤར།།

ལྷ་དང་མི་དང་གནས་དང་དགོན་སྡེ་སོགས།།

བདེ་སྐྱིད་ཕུན་སུམ་ཚོགས་པའི་དུས་ལྡན་ཚེ།།

བསླབ་པ་གསུམ་གྱི་ཉམས་ལེན་གང་ལེགས་དང་།།

སྡེ་སྣོད་གསུམ་སོགས་འཆད་ཉན་ཡར་རྒྱས་འགྱུར།།

ནད་གདོན་རྐྱེན་བགེགས་བར་ཆད་ཀུན་ཞི་ནས།།

ཚེ་དང་བསོད་ནམས་དཔལ་འབྱོར་རབ་རྒྱས་ཤིང་།།

ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་།།

ཕྱི་ནང་གདོན་བགེགས་གནོད་བྱེད་ཀུན་འཇོམས་འགྱུར།།

ལྷོ་ཕྱོགས་འདི་ནས་ཤེལ་ཚིགས་རྨུ་ཐག་དང་།།

གཏེར་བུམ་ལ་སོགས་སུ་ཡིས་རབ་ཕུལ་ཚེ།།

ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་འགྱུར།།

དེ་ནས་ཕར་ལ་ཅུང་ཟད་སོང་བའི་ཚེ།།

ཡོངས་གྲགས་མཁར་ཁང་ཞེས་བྱའི་གནས་དེ་ཉིད།།

སྨན་མོ་སྡེ་དགུའི་གནས་ཁང་ཡིན་འདུག་པས།།

ཆང་དང་ཤ་ཁྲག་སོགས་ཀྱིས་མ་སྦགས་པའི།།

དཀར་གསུམ་མངར་གསུམ་དག་གིས་བསང་ཕུལ་ན།།

དབང་ཐང་བུ་ཡི་དངོས་གྲུབ་ཐོབ་ནས་འོངས།།

དེ་ཡི་གཡས་ཕྱོགས་བྲག་རི་རྩེ་དགུ་བ།།

ཁྲོ་རྒྱལ་རྟ་མཆོག་རོལ་བའི་གནས་ཡིན་པས།།

བསང་དང་གསོལ་ཁ་ཚོགས་འཁོར་བྱས་གྱུར་ན།།

ལས་བཞིའི་ཕྲིན་ལས་འབད་མེད་ཤུགས་ཀྱིས་འགྲུབ།།

སྐྱིད་ཕུག་ཉི་མ་རང་ཤར་ཟེར་བ་ཡིན།།

དེ་ནས་བྱང་ཆུབ་ལ་ཡི་གོང་ཐོག་ནས།།

ཕར་སོང་ཡོངས་གྲགས་བོན་ཁང་ཞེས་བྱ་དེ།།

མྱུར་མཛད་མགོན་དང་མ་ནིང་སྡེ་བདུན་སོགས།།

མགོན་པོའི་རིགས་རྣམས་ཀུན་གྱི་བཞུགས་གནས་ཡིན།།

གཡས་གཡོན་མ་གཟའ་རྡོར་གསུམ་བླ་རི་དང་།།

ཆོས་སྐྱོང་ཕོ་རྒྱུད་སྲུང་མ་མོ་རྒྱུད་དང་།།

བཀའ་སྡོད་ལས་བྱེད་ཐམས་ཅད་མངོན་སུམ་བཞུགས།།

ནུབ་ཕྱོགས་འདི་ནས་ལབ་རྩེ་དཔའ་མཁར་དང་།།

རླུང་རྟ་ཤེལ་ཚིགས་རྨུ་ཐག་སུས་འཐེན་ན།།

ཁམས་གསུམ་དབང་བསྡུད་སྲིད་གསུམ་ཟིལ་གནོན་འགྱུར།།

སྐྱེས་བུ་རབ་ཀྱིས་སྣང་བ་དབང་བསྡུད་དང་།།

འབྲིང་གིས་འཁོར་བ་དབང་དུ་བསྡུད་པ་དང་།།

ཐ་མས་མཁོ་དགུའི་ལོངས་སྤྱོད་དབང་དུ་སྡུད།།

དེ་ནས་གཡས་བསྐོར་ནུབ་བྱང་མཚམས་ཤོད་དུ།།

ཀླུ་མོ་འོད་དཀར་ཀླུ་མོ་བྱི་བའི་གནས།།

རེ་ཞིག་ཅུང་ཟད་འགྱངས་ན་ལག་ངོར་ཤར།།

དེ་ནས་མར་ཕྱོགས་གླང་ཆེན་སྣ་རིང་ཚུལ།།

སྐུ་རིའི་ལྷ་སྒང་རིང་མོ་ཞེས་བྱ་དེར།།

བྱང་གི་སྒོ་ཡིན་བྱང་ཕྱོགས་དེ་ཉིད་ལ།།

དམ་ཅན་ཆོས་རྒྱལ་གཤིན་རྗེ་རིགས་གསུམ་དང་།།

གཤིན་རྗེ་སྡེ་དགུའི་ལྷ་ཚོགས་མངོན་སུམ་གནས།།

དྲེགས་པ་ཕོ་བརྒྱད་མོ་བརྒྱད་ལ་སོགས་པའི།།

གཤིན་རྗེའི་བྲན་འཁོར་ལྷ་ཚོགས་བཞུགས་སྣང་ཤར།།

དེ་ནས་ཕར་སོང་དུར་ཁྲོད་རིགས་གསུམ་དང་།།

བྲན་གཡོག་འཁོར་བཅས་བཞུགས་གནས་མངོན་སུམ་ཡོད།།

ལྷ་སྒང་གཡས་ཕྱོགས་འཇང་མོའི་གཡོན་ཕྱོགས་དེར།།

ཟབ་མོ་གཅོད་ཀྱི་བཀའ་སྲུང་ཟླ་སྐྱོངས་དང་།།

ཟངས་རི་མཆེད་གཉིས་བཙན་གྱི་སྡེ་ཚོགས་གནས།།

བདེ་སྐྱིད་ཅེས་པའི་བདུད་བཙན་ཀླུ་གསུམ་དང་།།

ཁྱད་པར་བཙན་གྱི་བཞུགས་གནས་ཁོ་ནའོ།།

དེ་ཡི་གཡས་ཕྱོགས་བྱང་ཤར་མཚམས་ཤོད་དུ།།

སྨན་བླ་བདེ་གཤེགས་བརྒྱད་ཀྱི་གནས་རི་དང་།།

རྡོ་རྗེ་རྣམ་པར་འཇོམས་པའི་གནས་ཡོད་འདུག །

དེ་ཡི་ཉེ་ཕྱོགས་སྒྲོལ་མ་དཀར་ལྗང་དང་།།

རིག་བྱེད་མ་དང་དབྱངས་ཅན་མ་སོགས་ཀྱི།།

ལྷག་པའི་ལྷ་མཆོག་རྣམས་ཀྱི་བསྒྲུབ་གནས་ཡོད།།

ཤར་ཕྱོགས་མདུན་ངོས་རྩི་ཤིང་ནགས་ཚལ་དང་།།

རི་བྲག་ཆུ་མིག་མཆོད་པའི་ཚུལ་ལྟར་གནས།།

ལྷ་ལུང་བཀྲ་ཤིས་གཡས་འཁྱིལ་ནས་བཟུང་སྟེ།།

ནང་བསྐོར་བར་བསྐོར་ཕྱི་བསྐོར་གསུམ་ཡོད་ཀྱང་།།

ད་ལྟ་ཞག་འགའ་གནས་ཆེན་འདིར་བསྡད་ཚེ།།

སྐྱབས་རྗེ་ཤིང་བཟའི་ཐུགས་རྗེ་བྱིན་རླབས་དང་།།

འཕགས་པ་རིགས་གསུམ་མགོན་པོའི་ནུས་མཐུ་ཡིས།།

གནས་བདག་གཏེར་བདག་རྣམས་ཀྱི་མཐུ་སྟོབས་ཀྱིས།།

བདེ་གསལ་མི་རྟོགས་ཉམས་སྣང་མང་ཤར་ཡང་།།

སྔོན་ཆད་རེ་ཞིག་བཏང་སྙོམས་བཞག་པ་རྣམས།།

ད་ལྟ་གསལ་བོར་བྱས་ནས་ཁ་བཀང་སྟེ།།

གནས་ཀྱི་ལོ་རྒྱུས་བཤད་ན་དེ་ལྟར་ཡིན།།

ཁྱད་པར་གནས་ཆེན་འདི་ཕྱི་བསྐོར་བ་ལ།།

སྔོན་གྱི་ལོ་རྒྱུས་མང་བོ་ཡོད་སྙམ་དང་།།

བར་བསྐོར་དག་ལ་རྒྱས་བསྡུས་གསུམ་ཡོད་འདུག །

གནས་རིགས་ཐམས་ཅད་ཅུང་ཟད་གསལ་ན་ཡང་།།

དབང་བོ་དྭངས་མ་ཤིན་ཏུ་མི་གསལ་བས།།

ཕྱི་བསྐོར་བར་བསྐོར་ལོ་རྒྱུས་དང་བཅས་པ།།

བྲི་འདོད་ཡོད་ཀྱང་མིག་གིས་བྲི་མ་ནུས།།

ནང་བསྐོར་བྱེད་ཚུལ་མདོར་བསྡུས་ཙམ་པ་འདི།།

ད་ལྟའི་སྐབས་སུ་འདི་ལྟར་བྲིས་པ་ཡིན།།

བསྐོར་བའི་ཕན་ཡོན་ཅུང་ཟད་བརྗོད་པ་ལ།།

རྒྱལ་བ་ཀློང་ཆེན་རབ་འབྱམས་ཞལ་ལུང་ལས།།

དད་པ་མེད་པའི་བྱིན་རླབས་དང་།།

རྟོགས་པ་མེད་པའི་མངོན་མཁྱེན་དང་།།

ཕན་ཡོན་མི་ཤེས་བསྐོར་བ་གསུམ།།

འབྲས་བུ་མངོན་དུ་འགྱུར་བ་དཀའ།།

ཞེས་གསུངས་རྡོ་རྗེའི་ཚིག་ཡིན་པས།།

སྐྱེ་འགྲོ་ཕོ་མོས་གོ་སླ་བའི།།

གྲོང་ཚིག་ལྟ་བུ་ང་ཡིས་བརྗོད།།

གངས་ཅན་བོད་ཀྱི་ལྷ་སྐལ་དེ།།

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིན།།

བསྐོར་བ་ལན་གཅིག་བྱས་པ་ལ།།

ཡིག་དྲུག་ས་ཡ་བགྲངས་བ་བས།།

ཕན་ཡོན་ལྷག་པར་ཡོད་ངེས་གསུངས།།

དེ་ལྟར་འཇམ་དབྱངས་ཕྱག་རྡོར་སོགས།།

རང་སྔགས་ས་ཡ་རེ་རེ་ཡོད།།

རྟ་མཆོག་རོལ་བ་ལ་སོགས་པའི་།།

ཡི་དམ་ལྷ་ཚོགས་ཐམས་ཅད་ལ།།

རང་སྔགས་བྱེ་བ་རེ་རེ་ཡོད།།

རྗེ་བཙུན་སྒྲོལ་མ་ལ་སོགས་པའི།།

མ་རྒྱུད་ལྷ་ཚོགས་གང་བཞུགས་པ།།

རང་སྔགས་འབུམ་ལྔ་ཡོད་པ་ཡིན།།

ཆོས་སྐྱོང་མགོན་ཆོས་རྣམ་གསུམ་སོགས།།

ཆོས་སྐྱོང་རིགས་རྣམས་གང་བཞུགས་པ།།

རང་སྔགས་འབུམ་རེ་ཡོད་པར་ངེས།།

མདོར་ན་གནས་མཆོག་འདི་ཉིད་ལ།།

རི་བྲག་དཔའ་བོའི་རང་བཞིན་དང་།།

རྩི་ཤིང་ནགས་ཚལ་ཆུ་མིག་སོགས།།

ལྷ་དང་ལྷ་མོའི་རང་བཞིན་གནས།།

ཕྱག་དང་བསྐོར་བར་ནམ་འགྲོ་ཚེ།།

ཕྱོགས་བཞི་གང་ནས་བསྐོར་མགོ་བཟུང་།།

ས་གཞི་བྱིན་རླབས་སྤྱན་འདྲེན་སོགས།།

རྒྱས་བསྡུས་སྐབས་དང་རབ་བསྟུན་ནས།།

དད་པ་མོས་གུས་རྩེ་གཅིག་དགོས།།

ཁ་ཏོན་དགེ་སྦྱོར་བྱེད་བཞིན་འགྲོ།།

ཀི་གླུ་སྒྲོགས་སོགས་ངག་འཁྱལ་སྤངས།།

ཤ་ཆང་སྒོག་གསུམ་བཟའ་བཏུང་སྤངས།།

འདི་ལྟར་ཚད་ལྡན་ཚུལ་མཐུན་གྱིས།།

དུས་ཆེན་དག་ལ་རབ་བསྟེན་ནས།།

བསྐོར་བ་ལན་གཅིག་བྱས་པ་ལ།།

སྔར་གྱི་བགྲང་བ་འགྱུར་ཚུལ་ནི།།

འདི་བཞིན་རིག་པས་དཔྱད་ན་གསལ།།

དུས་ཆེན་མདོར་བསྡུས་ངོས་འཛིན་ནི།།

ཟླ་བ་དང་བོའི་ཚེས་གཅིག་ནས།།

བཅོ་ལྔའི་བར་དུ་ཆོ་འཕྲུལ་གྱི།།

དུས་ཆེན་འབུམ་འགྱུར་ཡིན་པ་དང་།།

ཟླ་བ་བཞི་བའི་བཅོ་ལྔ་ལ།།

ལྷུམས་ཞུགས་རབ་བྱུང་མངོན་སངས་རྒྱས།།

རྣམ་གསུམ་འཛོམས་པའི་དུས་ཆེན་ཡིན།།

ཟླ་བ་དྲུག་པའི་ཚེས་བཞི་ལ།།

ཆོས་འཁོར་བསྐོར་བའི་དུས་ཆེན་ཡིན།།

ཟླ་བ་དགུ་བའི་བཅོ་ལྔ་ལ།།

ལྷ་བབས་ཞལ་གྱིས་བཞེས་པའི་དུས།།

ཉེར་གཉིས་ལྷ་བབས་དངོས་ཀྱི་དུས།།

དེ་དག་དུས་ཆེན་སོ་སོ་ལ།།

དུང་ཕྱུར་རེ་རེ་ཡོད་པར་ངེས།།

ཟླ་བ་གང་ཡང་རུང་བ་ཡི།།

ཚེས་བརྒྱད་བཅོ་ལྔ་ཕོ་རྒྱུད་དུས།།

ཉེར་ལྔ་གནམ་གང་མོ་རྒྱུད་དུས།།

བཅུ་བཞི་དང་ནི་ཉེར་དགུ་སོགས།།

དེ་རྣམས་ནམ་ཡོང་བརྒྱ་འགྱུར་ཡིན།།

མདོ་སྡེ་མང་བོར་ཞལ་མཐུན་ནོ།།

ཚེས་ཀྱི་ངོས་འཛིན་ཟླ་བར་ཁྱད།།

ཚེས་བརྒྱད་ཟླ་བ་ཕྱེད་བགོ་ཡིན།།

བཅོ་ལྔ་ཟླ་བ་རྒྱས་པའི་ཉིན།།

ཉེར་དགུ་ཟླ་བ་ཅུང་ཟད་ཙམ།།

དེ་ལ་རིག་པས་དཔྱད་ན་གསལ།།

ཉི་ཟླ་གཟའ་ཡིས་བཟུང་ནས་དུས།།

སོས་ཡག་མ་རེད་བར་དེ་ལ།།

ཟླ་བ་བྱེ་བ་བརྒྱ་འགྱུར་དང་།།

ཉི་མ་བྱེ་བ་འབུམ་འགྱུར་ཡིན།།

དེ་ནི་མདོ་རྒྱུད་མང་བོར་མཐུན།།

བསྐལ་བ་སྤྲེལ་གྱི་ལོ་དེ་ལ།།

གནས་ཆེན་འདི་ཡི་གནས་འདུས་ཡིན།།

སྤྲེལ་ཟླ་སྤྲེལ་ཉི་མཚུངས་པ་སྟེ།།

དེ་དུས་ཕྱག་བསྐོར་སུས་བྱས་ན།།

རང་སྔགས་དུང་ཕྱུར་སུམ་བརྒྱ་ཡོད།།

ཆོས་སྐྱོང་རིགས་རྣམས་ཐམས་ཅད་ལ།།

རང་སྔགས་དུང་ཕྱུར་གསུམ་རེ་ནི།།

ཡོད་པར་རྒྱལ་བའི་གསུང་ཡོད་པས།།

མི་བསླུ་རྡོ་རྗེའི་ཚིག་ཡིན་པས།།

འགྱུར་ལྡོག་མེད་པ་སེམས་ལ་ཟུངས།།

ཐེ་ཚོམ་མེད་དོ་མི་བསླུའི་ཚིག །

དུས་ཆེན་དེ་རྣམས་ཐམས་ཅད་ལ།།

དགེ་སྡིག་གང་བྱས་ཐམས་ཅད་ནི།།

གྲངས་ཀྱི་མང་ཉུང་འདྲ་བ་སྟེ།།

རང་དོན་མ་འཆུགས་སེམས་ལ་ཟུངས།།

འདི་ལྟར་ཡིན་པས་དད་ལྡན་རྣམས།།

ཤེས་ལྡན་རྣམས་ཀྱིས་ཡུན་གྱིས་དཔྱོད།།

སྨྲས་པ།

རབ་དཀར་བསོད་ནམས་རིན་ཆེན་ཁམས་ལས་གྲུབ།།

རང་སེམས་ཤེལ་གྱི་ཨ་ད་ར་ཡི་ངོར།།

སྒྲོ་བཀུར་རྡུལ་གྱི་དྲི་མས་མ་སྦགས་པར།།

སྣང་ཚུལ་སྣ་ཚོགས་དབང་བོའི་གཞུ་རིས་བཀྲ།།

གཅིག་ཏུ་རང་གི་ནུས་སྟོབས་གཡས་འཁྱིལ་དུང་།།

དད་ལྡན་སྐྱེ་བོའི་དབུགས་ཀྱིས་བསྐུལ་དྲག་པས།།

གནས་ཀྱི་རང་བཞིན་བརྗོད་པའི་སྒྲ་དབྱངས་ཀྱིས།།

སྲིད་གསུམ་འཁོར་ཡུག་དོག་པོར་བྱས་སམ་སྙམ།།

ཨེ་མ་ལྗོངས་འདིའི་སྐྱེ་བོ་མཐའ་དག་གི།

བསོད་ནམས་ལས་ཀྱི་བགོ་སྐལ་གཅིག་གྱུར་བ།།

གནས་ཆེན་ཙ་རིའི་དཔལ་ལ་ཅོ་འདྲི་བའི།།

ཀ་བུ་སྟག་རྩེའི་གནས་འདི་ངོ་མཚར་རྨད།།

གནས་འདིའི་བསྔགས་བརྗོད་ཏམ་བུ་ར་ཡི་སྒྲ།།

ཐོས་པའི་མི་ངོམས་སུམ་རྩེན་དགའ་ཚལ་ནས།།

འཇིག་རྟེན་མེས་པོ་གསེར་གྱི་མངལ་ཅན་གྱིས།།

སྒྲ་འཛིན་བརྒྱད་དུ་སྤྲུལ་ཏེ་བསྒྲིམས་ནས་ཉན།།

གནས་མཆོག་འདི་ཡི་ཕྱི་ནང་ཉེ་འཁོར་གྱི།།

རྟེན་མཆོག་རྣམས་ཀྱི་རང་བཞིན་བརྗོད་པའི་གཏམ།།

རང་བཟོའི་དྲི་མས་ཅུང་ཟད་མ་བསླད་པར།།

ཀུན་རྟོགས་སེམས་ལ་ཤར་ཚོད་ཡི་གེར་བཀོད།།

འདི་བྲིས་དགེ་བས་འདི་ན་འཁོད་པ་ཡི།།

སྐྱེ་འགྲོ་ཀུན་དང་སྐྱེ་རྒུ་མཐའ་དག་གི །

བཀྲ་ཤིས་རི་མོ་བཀྲ་བའི་དགེ་མཚན་གྱིས།།

ཕུན་ཚོགས་སྡེ་བཞི་ཕུན་སུམ་ཚོགས་གྱུར་ཅིག །

ཅེས་གནས་མཆོག་ཀ་བུ་སྟག་རྩེའི་གནས་ཀྱི་རང་བཞིན་བརྗོད་པ་དང་ཕྱི་ནང་བར་གསུམ་གྱི་བསྐོར་བ་བྱ་ཚུལ་དད་པའི་ཆུ་རྒྱུན་འདྲེན་པའི་ཡུར་བ་ཞེས་བྱ་བ་འདི་ནི། སྐྱེ་བ་དུ་མ་ནས་ལས་དང་སྨོན་ལམ་གྱིས་འབྲེལ་བའི་དཔོན་ཚེ་རིང་རྣམ་རྒྱལ་སོགས་དད་ལྡན་རྣམས་དང་དགེ་སློང་བློ་བཟང་ལྷུན་འགྲུབ་དང་། སློབ་བུ་ངག་དབང་སྙན་གྲགས་སོགས་ཀྱིས་བསྐུལ་ངོར། ༧གྲུབ་ཆེན་རོལ་བའི་རྡོ་རྗེས་བྲིས་པའོ།།

རྒྱལ་བའི་བཀའ་དང་བླ་མའི་གསུང་ཇི་བཞིན།།

མདོར་བསྡུས་ཙམ་ཞིག་ཅུང་ཟད་བརྗོད་པ་འདི།།

མཁས་པས་གཟིགས་ན་གད་མོའི་རྒྱུ་རུ་འདུག།

མ་དང་མཁའ་འགྲོའི་ཚོགས་ལ་མཐོལ་ལོ་བཤགས།།

མི་ཤེས་མི་མཁས་མཁའ་འགྲོའི་དབྱིངས་ནས་གསལ།།


བརྒྱུད་འགོད།