དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བྲག་དཀར་སྤྲེལ་རྫོང་དུ་གྲགས་པའི་གནས་ཀྱི་བསྔགས་པ་བརྗོད་པ་ཏམ་བུ་རའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ ། །
༄༅།།ཨོཾ་སྭ་སྟི། རྒྱལ་ཀུན་དམིགས་པ་མེད་པའི་སྙིང་རྗེའི་མདངས། །
ཧྲྰིཿཡིག་ཟོལ་གྱིས་འཕོས་པ་མཚན་དཔེའི་གར། །
རྣམ་འདྲེན་ཕྱག་ན་པདྨོ་དབྱེར་མེད་པ། །
དཔལ་ལྡན་བླ་མས་དགེ་ལེགས་ཤིས་པ་སྒྲུབས། །
བྱུ་རུའི་འཁྲི་ཤིང་དང་འགྲོགས་བཻཌྰུརྱའི། །
ལྷུན་པོའི་དོ་ཟླར་འཕགས་པའི་འཁོར་ལོ་ཡིས། །
མཆོག་ཐུན་དངོས་གྲུབ་འདོད་རྒུ་ཆར་དུ་བསྙིལ། །
གངས་ཅན་ལྷ་ཡི་གདུལ་ཞིང་གངས་ལྗོངས་ཀྱི། །
མདོ་སྨད་ཅེས་གྲགས་ས་ཡི་ཐིག་ལེ་འདིར། །
དྲུག་ཅུ་རྩ་གཉིས་ལྷ་ཡི་འཁོར་ལོ་ཆེའི། །
གནས་དང་ཉེ་བའི་གནས་ཆེན་ངོ་མཚར་བ། །
ཕྱོགས་མཚམས་ཀུན་ཏུ་ཚོམ་བུར་བཀྲ་བ་ལས། །
ཡེ་ཤེས་འོད་ལྔ་འཁྱིལ་བའི་གཞལ་མེད་ཁང་། །
ལྷ་དང་གྲུབ་པ་དྲང་སྲུང་བསྟེན་པའི་གཞི། །
དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས། །
དེ་རུ་སྔོན་དུས་གྲུབ་པའི་སློབ་དཔོན་ཆེ། །
མཚོ་སྐྱེས་རྡོ་རྗེ་ལ་སོགས་སྔ་འགྱུར་དང་། །
རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །
རྣམ་འདྲེན་སྐལ་ལྡན་རྒྱ་མཚོ་ཞབས་དཀར་པ། །
རྒྱ་བོད་མཁས་བཙུན་གྲུབ་པ་མཐའ་དག་གིས། །
ཞབས་ཀྱིས་བཅགས་ཤིང་ལྷ་སྲིན་གདུག་པའི་ཚོགས། །
རྨེག་མེད་བྱས་ཏེ་སྒྲུབ་འབྲས་རྟོགས་པའི་གདེངས། །
ཀློང་དུ་གྱུར་ཚུལ་བསམ་པའི་ཡུལ་ལས་འདས། །
ཟླ་ཤེལ་ཞུན་མས་བྱུགས་འདྲའི་གནས་རིའི་ངོགས། །
སྤྱན་རས་གཟིགས་དབང་ཁ་སར་པྰ་ཎྀ་དང་། །
ལྷ་སྐུ་ཡིག་འབྲུ་མཆོད་རྟེན་ཕྱག་མཚན་སོགས། །
རང་བྱོན་བྱིན་རླབས་ཟད་མེད་འཇོ་བ་ཡིས། །
སྐྱེ་དགུའི་མིག་ལ་ངོ་མཚར་དཔལ་ཡང་སྦྱིན། །
རྩ་བར་མེ་ཏོག་འཛུམ་དཀར་དགོད་པ་ཡི། །
གཡུ་ཡི་ལང་ཚོར་དོགས་བསྐྱེད་ནེའུ་གསིང་གཞིར། །
ངོ་མཚར་རྩེད་འཇོའི་གར་གྱིས་རོལ་པ་ཡི། །
རི་སྐྱེས་ཚོགས་རྣམས་བག་ཕེབས་དལ་གྱིས་རྒྱུ། །
བཻཌྰུར་ཞུན་མའི་མདངས་ལྡན་མཁའ་དབྱིངས་སུ། །
སྤྲིན་དཀར་ལང་ལོང་དཀྲིགས་པ་ལས་འོངས་པས། །
སྦྲང་ཆར་སྙོམས་པོར་བབས་པའི་འཛིན་མའི་བཅུད། །
མཚོ་བྱེད་སྨན་གྱི་མྱུ་གུ་དཔགས་མེད་འཁྲུངས། །
སྐེད་པར་སྲ་བརྟན་བྲག་རིའི་ངོས་ཡངས་པོར། །
གཙང་བྱེད་གཡུ་ལོ་རྒྱས་པའི་རྐང་འཐུང་ཚལ། །
ལྡེམ་ལྡེམ་གཡོ་བའི་རྩེ་མོར་འཇོལ་གོང་དང་། ། །
ཁུ་བྱུག་སོགས་ཀྱིས་འགྱུར་ཁུགས་དབྱངས་སུ་ལེན། །
རྩེ་མོར་ན་བུན་དཀར་པོའི་སྟོད་གཡོགས་ཀྱི། །
འཕྱང་འཕྲུལ་བརྗིད་ལྡན་གཡུ་འབྲུག་གད་མོའི་དབྱངས། །
གྲགས་དེས་གནས་འདིའི་འཕྲིན་ལས་ཕྱོགས་ཀུན་ཏུ། །
སྤེལ་ལ་མངོན་དགའ་རྒྱས་པའི་དཔལ་མོ་བཞིན། །
དྭངས་བསིལ་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆབ། །
དབུ་བ་དཀར་པོའི་ཟེགས་མ་འགྲེམ་བཞིན་དུ། །
ལྷུང་ལྷུང་མྱུར་ཏུ་འབབ་པས་རྣལ་འབྱོར་རྣམས། །
མི་རྟག་ཆོས་ལ་སྐུལ་བཞིན་མཆོད་ཡོན་སྦྲེངས། །
ཕྱོགས་མཚམས་ཁོར་ཡུག་རི་བྲག་དུ་མའི་ངོས། །
དཔལ་འབྱོར་འདོད་རྒུ་གཡང་དུ་འཁྱིལ་བ་ཡི། །
མཚོན་བྱེད་རྒྱལ་སྲིད་རྟགས་ཀྱི་བཀོད་པ་དང་། །
བཀྲ་ཤིས་རྟགས་རྫས་བརྒྱད་ཀྱི་རི་མོས་མཛེས། །
བྱིན་རླབས་གཏེར་མཛོད་གངས་ཀྱི་རི། །
མོས་གུས་ཉི་མ་ཤར་བ་ན། །
སྒྲིབ་བྲལ་དག་པའི་ཡེ་ཤེས་ཀྱི། །
སྣང་བ་ཅི་ཡང་འབྱམས་སུ་ཀླས། །
ནམ་ཞིག་མདོ་སྔགས་ཆོས་ཚུལ་འོ་མའི་མཚོར། །
དམར་སེར་གོས་ཀྱི་འདབས་མ་མཛེས་པ་ཡི། །
བློ་གསལ་ངང་མོ་འདུས་པའི་གོས་ཅན་ཁྱོན། །
དོག་པོར་འགེངས་པའི་ངོ་མཚར་ཅིས་མི་སྟོན། །
མ་བཅོས་རང་བྱུང་བྲག་ཕུག་ཉམས་དགའ་བར། །
མ་བསྐུལ་བར་ཡང་ངང་གིས་འདུ་བ་ཡིས། །
མ་ལུས་འགྲོ་བ་འདྲེན་པའི་དེད་དཔོན་དུ། །
སྒྲུབ་པས་མི་ཚེ་འདའ་བ་ཤིན་ཏུ་གཅེས། །
དོན་མེད་འདུ་འཛིའི་གཡེང་བའི་རྒྱར་ཆུད་པའི། །
གནས་ངན་དེ་དག་རིང་དུ་སྤངས་བྱས་ཏེ། །
བྱིན་རླབས་མི་ཟད་གཏེར་དུ་གྲུབ་པ་ཡི། །
དབེན་གནས་འདི་འདྲ་རྟག་ཏུ་བསྟེན་པར་སྨོན། །
བསོད་ནམས་དགེ་ཚོགས་རླབས་ཆེན་སྡུད་འདོད་ན། །
ཕྱག་སྐོར་གསོལ་འདེབས་ལན་གཅིག་བྱས་པས་ཀྱང་། །
ཚེ་རབས་དུ་མར་བསགས་པའི་སྡིག་པའི་ལས། །
ལྷག་མེད་འདག་པར་རྒྱལ་བས་ལུང་གིས་བསྔགས། །
དེ་ཕྱིར་་བསྔགས་བརྗོད་མགྲིན་པའི་བ་གམ་ལས། །
འོངས་པ་ལེགས་བཤད་ཏམ་བུ་ར་ཡི་སྒྲ། །
དད་ལྡན་རྣ་བའི་རྒྱན་དུ་ད་ལོངས་ལ། །
བསྙེན་སྒྲུབ་ཕྱག་མཆོད་སྐོར་བའི་ལས་ལ་བརྩོན། །
བས་མཐའི་གནས་མལ་བསྟེན་ཏེ་རྩེ་གཅིག་ཏུ། །
སྒྲུབ་པའི་རྒྱལ་མཚན་སྒྲེང་བའི་བྱེད་པོ་རྣམས། །
དཀར་ཕྱོགས་ལྷ་ཀླུས་མཐུན་རྐྱེན་རབ་བསྒྲུབས་ནས། །
འགལ་རྐྱེན་ཚ་གདུང་དབྱིངས་སུ་གཞིལ་བར་མཛོད། །
བཤེས་གཉེན་མཁས་པའི་དེད་དཔོན་ལ་བསྟེན་ནས། །
མི་མཐུན་ཆོས་བརྒྱད་རླུང་གིས་མི་གཡོ་བར། །
མི་རྟག་འཆི་བ་དྲན་པའི་དར་ཆེན་གྱིས། །
བསྐྱོད་དེ་གཏན་བདེའི་ནོར་བུའི་གླིང་བགྲོད་ཤོག །
འདི་ལྟར་བསྙད་པའི་ལེགས་བྱས་དགེ་ཚོགས་མཐུས། །
བཤད་དང་སྒྲུབ་པའི་གཤོག་ཡངས་ལ་བརྟེན་ནས། །
ཐུབ་བསྟན་མཁར་འཕགས་ལུང་རིགས་དབྱངས་སྙན་འབུམ། །
སྒྲོག་པའི་དགའ་སྟོན་ཡུན་དུ་གནས་གྱུར་ཅིག །
ཅེས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་བྲག་དཀར་སྤྲེལ་རྫོང་དུ་གྲགས་པའི་གནས་ཀྱི་བསྔགས་པ་བརྗོད་པ་ཏམ་བུ་རའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཕྲན་ཆུ་ཕག་ལོའི༼ སྤྱི་ལོ༡༩༢༣ལོ ༽ཟླ་ཚེས་ལ་གནས་མཇལ་བྱས་སྐབས། གྲུབ་དབང་རྔ་བ་ཚང་ནས་འདི་ལྟ་བུ་ཞིག་འབྲི་དགོས་ཀྱི་བཀའ་ཕེབས་པ་བཞིན་བཙུན་གཟུགས༧ཨ་རོལ་སྐྱེ་མིང་བ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ། །དགེ་ལེགས་འཕེལ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn