ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་ལ་མཇལ་བར་ཕྱིན་པའི་མཐོང་ཐོས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-24 00:06:07     རྩོམ་པ་པོ།   ཤིས་ཚང་ཚུལ་ཁྲིམས།    ཀློག་ཐེངས།  

微信图片_20180724000302.jpg

 དེ་ཡང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སྐབས་བཅུ་གཅིག་པའི་མཐར་ཕྱིན་འཛིན་གྲྭའི་ཆོས་གྲོགས་ལྷན་འཛོམས་ཐེངས་དྲུག་པ་དེ་2018ལོའི་ཧོར་ཟླ་5 ཚེས་23 ཉིན་ཡོན་ཅི་རྫོང་༼ཡོན་ཅི་རྫོང་ནི་ཀན་སུའུ་ཞིང་ཆེན་ལིན་ཞ་གྲོང་ཁྱེ་ནས་བྱང་ཕྱོགས་སུ་སྤྱི་ལེ་52མཚམས་དང་།  ལན་གྲུ་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་སྤྱི་ལེ་77གྱི་མཚམས་སུ་ཡོད༽ནས་འཛོམས་པ་དང་།    ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་ནི་ཐེངས་འདིའི་ང་ཚོའི་གནས་སྐོར་ས་ཚིགས་དང་བོ་རུ་གཏན་འཁེལ་བྱས་པ་བཞིན་ཟླ་འདིའི་ཚེས་24 ཉིན་གྱི་ཞོགས་པར་ས་ཚིགས་དེར་གནས་མཇལ་དུ་ཕྱིན།  

སྔོན་ནས་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་གྱི་ལོ་རྒྱུས་གསུངས་པ་ཐེངས་མང་བོར་ཐོས་པར་བརྟེན་ཁོ་བོར་གནས་འདིར་མཇལ་འདོད་ཀྱི་འདུན་པ་སྔ་མོ་ནས་མཆིས་པ་དེ་རིང་མངོན་འགྱུར་བྱུང་བ་ཧ་ཅང་དགའ་སྤྲོ་དང་དད་གུས་ཚད་མེད་སྐྱེས། 

གནས་འདི་ནི་ཡོན་ཅི་རྫོང་མཁར་གསར་བའི་ཉེ་ལོགས་ཀྱི་རྨ་ཆུའི་ཉིན་ངོས་སུ་རི་བྲག་འདྲེས་མའི་རི་སྐེད་ཐམས་ཅད་དམར་བོ་དཀན་གཟེར་ཞིག་གི་ངོས་སུ་བརྗིད་ཆགས་སུ་གནས།  

སྔོན་ཆད་ས་འདིའི་མིང་ལ་འདོད་བདག་དགའ་འཁྱིལ་ཐང་དུ་གྲགས།   ང་ཚོ་རི་ངོས་སུ་སོང་ནས་སྒྲུབ་ཕུག་རེ་རེ་བཞིན་ཞིབ་མཇལ་བྱས།   འདིར་རྟེན་གྱི་གཙོ་བོ་འོག་ནས་འབྱུང་བ་བཞིན་གྱི་བདེ་མཆོག་ཡབ་ཡུམ་རང་བྱོན་གྱི་སྐུ་དང་།   བདེ་ཐང་ཞབས་དྲུང་བ་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཆོག་གི་སྐུ་བརྙན་ཤིང་སྐུ་དང་།  སྐུ་གདུང་ཡིད་བཞིན་ནོར་བུའི་ཟ་མ་ཏོག་བཀོད་པ།    ཐུགས་རྗེ་ཆེན་པོའི་ལྷ་ཁང་སོགས་བྱིན་རྟེན་དུ་མ་མཆིས།    

ང་ཚོས་བདེ་མཆོག་རང་བྱོན་གྱི་མདུན་ནས་བདེ་མཆོག་རྐང་བརྒྱད་ཀྱི་བསྟོད་པ་དང་སྨོན་ལམ་འགའ་བཏོན་པ་དང་།   སྒྲུབ་ཕུག་ཐུ་འོག་ཏུ་བདེ་མཆོག་གི་བླས་བསླངས་དང་མཁའ་སྤྱོད་མའི་བློས་བསླངས།   མཆོད་རྟེན་ཆ་བརྒྱད་བཅས་བཞུགས་པ་ལའང་མཇལ།

གནས་འདིའི་རྟེན་གཙོ་བདེ་མཆོག་ཡབ་ཡུམ་ཇི་ལྟར་བྱུང་བ་ཡིན་ཞེ་ན།    འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞལ་ནས།    ཟུང་འཇུག་སར་གཤེགས་གྲུབ་མཆོག་ཕམ་མཐིང་བ།   །རགས་པའི་ཟ་མ་ཏོག་གི་བཀོད་པའི་ལུས།    །དཔའ་བོ་རྣལ་འབྱོར་མར་བཅས་སྐུར་བཞེངས་ཏེ།     །སྐྱེས་དགུའི་མགོན་པོར་སྒྱུ་མའི་གར་གྱིས་རྩེན།   །ཞེས་གསུངས་པ་ལྟར།   རྒྱ་གར་ནཱ་རོ་ཏ་བའི་དངོས་སློབ་བལ་བོའི་གྲུབ་ཆེན་ཕམ་མཐིང་བས་ལས་རྒྱ་ལ་བརྟེན་ནས་དཔལ་ཧེ་རུ་ཀཿཡབ་ཡུམ་གྱི་སྐུ་མངོན་དུ་བྱས་པ་ཞིག་ཡིན་ལ།   དེའི་ཚུལ་ནི།   རྒྱལ་བ་རྡོ་རྗེ་འཆང་གི་ཐུགས་ཀྱི་སྤྲུལ་བ་ཏཻ་ལོ་བའི་སློབ་མ་པཎ་ཆེན་ནཱ་རོ་ཏ་བ་ལ་སློབ་མ་བགྲང་ལས་འདས་པ་མཆིས་ཀྱང་།   ཁྱད་པར་དུ་ཡུན་རིང་བསྟེན་ཅིང་མཆོད་པས་མཉེས་པར་བྱས་པ་བཞི་སྟེ།   པྲཉྫུ་རཀྵི་ཏ་དང་།   མ་ཎི་ཀ་ཤྲཱི།    ཁ་ཆེ་བྱང་ཆུབ་བཟང་བོ།   བལ་བོའི་ཕམ་མཐིང་བ་དང་བཞིའོ།   །ཕམ་མཐིང་བ་ལ་སྐུ་མཆེད་བཞི་ཡོད་དེ།    འདི་དག་གི་རིགས་འབའ་བོ་བྱ་བ་ཡིན་ལ།   ཕམ་མཐིང་བ་ནི་ས་ཆའི་མིང་ཡིན།     མཆེད་རྣམས་ཀྱི་ཆེ་ཤོས་དྷརྨཱ་ཏི་སྟེ་བོད་སྐད་ལ་ཆོས་ཀྱི་བློ་གྲོས་བྱ་བ་དང་།    དེའི་ཆུང་བ་ལ་བལ་ཡུལ་དུ་ཨ་དེ་བ་ཆེན་པོ་སྟེ་འཇིགས་མེད་གྲགས་པ་ཟེར།    དེའི་ཆུང་བ་ལ་བལ་བོའི་མཻ་ཏྲི་བ་སྟེ་དུས་འཁོར་བ་ཟེར།    ཐ་ཆུང་བ་ལ་ཕམ་མཐིང་བ་ཆུང་བའམ་ཕྱིས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་ཟེར།    དེས་ན་ཕམ་མཐིང་བ་སྐུ་མཆེད་རྣམས་ནི་མཁས་གྲུབ་གཉིས་ལྡན་གྱི་ཚུལ་མཛད་པ་དང་།   ཁྱད་པར་དུ་བདེ་མཆོག་གི་རྣལ་འབྱོར་བ་ཆེན་པོར་སྣང་ངོ་།    །

དེ་ལྟར་སྤྱི་ལོ་1450ལོ་ནས་སྤྱི་ལོ་1466ལོ་བར་བྱུང་བའི་ཕམ་མཐིང་བ་ཆུང་བ་ངག་གི་དབང་ཕྱུག་གྲགས་པ་ལ་རྗེ་བཙུན་རྣལ་འབྱོར་མའི་ལུང་བསྟན་ཏེ་ཁྱོད་རིམ་བཞིན་རྨ་ཆུ་དེད་དེ་ཤར་ཕྱོགས་སུ་སོང་དང་།    ས་ཆགས་རིམ་བཞིའི་རྨ་འོག་ན།    །བྲག་རི་དམར་བོའི་རྩེ་མོ་ས་དཀར་ཅན།    རྨ་ཆུ་ལི་མ་ནུབ་ལ་འབབ་པའི་རི་གཟར་ངོས་ན་སྒྲུབ་ཕུག་རང་བྱོན་གཅིག་ཡོད་པ་དེ་ནི་སངས་རྒྱས་ཆོས་ཀྱི་གནས།     ཞེས་གསུངས་པ་ལྟར་གནས་འདིར་ཕེབས་ནས་སྒྲུབ་པ་ལ་གཞོལ་བར་མཛད།    སྐབས་དེར་བུ་མོ་ལོ་བཅུ་གཉིས་ཅན་མིང་ལ་ཅཱིན་དཔའ་ཟེར་བ་ཡོད་པའི་ཞིག་གི་དཔྲལ་བར་བསྒྲུབ་པའི་སིནྡྷུ་རའི་དགའ་འཁྱིལ་འཕོས་པས་མཚན་ལྡན་དུ་དགོངས།  

དེའི་མ་རྒན་མོ་ལཱོ་རོན་ཟེར་བ་ལ་སྦྱིན་བདག་བཅོལ་བ་དང་དེས་ཀྱང་བསྙེན་བཀུར་ཚད་མེད་ཞུས།    ཉིན་གཅིག་བུ་མོ་ཅཱིན་དཔའ་ཡིས་འཚོ་བ་ཕུལ་ཏེ་སང་ཉེ་བ་རྣམས་ཀྱིས་མོ་རྨ་ཕར་ཁའི་གྲོང་ཞིག་ཏུ་བག་མར་བྱིན་པས་འགྲོ་བའི་སྐར་མ་ལ་སླེབས་སོང་།   ཨ་མ་རྒས་ནས་འོང་མི་ནུས།    སྦྱིན་བདག་གཞན་ཞིག་བཙལ་དགོོས་འདྲ་ཞུས་པར།    ཕམ་མཐིང་བ་མཆོག་གི་ཞལ་ནས།   ཁྱེད་སང་ཐད་འདིར་སླེབ་དུས་བཞོན་པ་ལས་བབ་ནས་ང་ལ་ཕྱག་གསུམ་བཙལ་ན་རྟེན་འབྲེལ་བཟང་གསུངས།     ཕྱི་ཉིན་སྐྱེལ་མི་རྣམས་ཀྱིས་བུ་མོ་རྟ་ལས་འབབ་མ་བཅུག་ཀྱང་།   མོས་ཡིད་ཀྱིས་ཕྱག་གསུམ་འཚལ་བའི་མོས་པ་དང་གསོལ་བ་བཏབ་པས་དེ་འཕྲལ་རླུང་ཆེན་པོ་གཡོས་ཏེ་བུ་མོ་གར་སོང་ཆ་མེད་དུ་གྱུར།     ཟས་འཚོང་གི་བུ་མོ་དེ་བྲག་ཕུག་ཏུ་ཁྲིད་ཅིང་སྒོ་བྲག་གིས་བཅད་པ་དང་།   དེར་བུ་མོ་དེ་ཕྱག་རྒྱ་མཛད་དེ་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པས་ཟུང་འཇུག་གི་སྐུ་བརྙེས།    

རྗེས་སུ་ལོའུ་ཡུན་ཟེར་བའི་རྒན་པོ་ཞིག་གི་གཡོག་པོ་གནས་དེར་ཞིང་རྨོད་དུ་ཕྱིན་པའི་མདུན་དུ་རི་བོང་གཉིས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་བྲག་སྒོ་འབྱེད་དམ་ཞེས་རྒྱ་སྐད་ཀྱིས་ལན་གསུམ་གྲག     ཞིབ་ཏུ་ཉན་པར་བྲག་དམར་གྱི་གསེབ་ནས་སྒྲ་དེ་འབྱུང་བས་ཁོ་སྐྲག་སྟེ་ཁྱིམ་དུ་ལོག་ནས་ལོའུ་ཡུན་ལ་བཤད་པར།    ལོའུ་ཡུན་གྱིས་ཁྱོད་གཉིད་ལོག་པའི་རྨི་ལམ་མིན་ན་སང་ཉིན་ཡང་གྲག་འོང་བས་དེ་དུས་སྒོ་ཕྱེ་ཞེས་ལན་ཐོབ་བྱས།    ཕྱི་ཉིན་དེ་བཞིན་བྱས་པས་འབྲུག་ལྡིར་བ་ལྟ་བུའི་སྒྲ་དང་ས་གཡོས།   འཇའ་ཚོན་བཅས་བྲག་སྒོ་ཕྱེ་བའི་ནང་ནས་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པའི་སྐུ་མ་ཉམས་པ་ཐོན་པ་ལོའུ་ཡུན་དང་ལོའུ་ཡང་ཟེར་བའི་སྤུན་གཉིས་ཀ་བལྟར་ཕྱིན་པས་དངོས་སུ་མཇལ་ཞིང་།    ཁོ་གཉིས་ཤིན་ཏུ་དད་ནས་གཙུག་ལག་ཁང་སོགས་བཞེངས་པ་ད་ལྟའི་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་ལྷམ་མེར་ལྷང་ངེར་ལྷན་ནེར་བཞུགས་པའི་ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་ཞེས་རླུང་ལྟར་གྲགས་པ་འདི་ཉིད་ལགས་སོ།   །

གཞན་ཡང་།   དང་བོར་བྲག་ཕུག་གི་སྒོ་གཅོད་བྱེད་ཀྱི་བྲག་རྡོ་ཆེན་པོ་བྱ་སྒོང་གི་དབྱིབས་ལྟ་བུ་རི་རྩར་ལྷུང་བ་ལ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་ཡོད་པ་ལ་དེང་སྐབས་མཆོད་རྟེན་ཞིག་བཞེངས་པའི་ནང་མཇལ་རྒྱུ་ཡོད།

 ཕྱིས་སུ་ཡུལ་འདིར་གདོད་མ་ནས་ཡོད་པའི་ཡུལ་མི་དང་ཕྱོགས་གཞན་ནས་ཡོང་བའི་ཉེན་གཡོལ་བ་དག་གིས་གནས་འདིར་མི་གཙང་བ་དང་འགོམ་ཡུགས་ཤོར་བར་བརྟེན་སྤྱི་ལོ་1872ལོར་བདེ་མཆོག་གི་སྒྲུབ་ཕུག་ལ་མེ་སྐྱོན་བྱུང་བ་དང་།    རྗེས་སུ་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་མཆོག་གི་གསུང་བཀོད་ལྟར་ལཱོ་ཀྱ་ཚོ་བས་དད་ལྡན་པ་འགས་བདེ་མཆོག་ཡབ་ཡུམ་གྱི་རུས་པ་སོ་སོར་བཀར་ནས་སླར་གསོ་བྱས།    རིག་གསར་སྐབས་ཆགས་འཇིགས་ཆེན་པོ་བྱུང་ཡང་བསྟན་པ་ཡང་དར་གྱི་ཆོས་སྒོ་ཕྱེས་པ་ན་ཡུལ་འདིའི་དད་ལྡན་སྙིང་སྟོབས་ཅན་དག་གིས་སྦྱིན་བདག་བྱས་ནས་བདེ་ཐང་ཞབས་དྲུང་རྗེ་བཙུན་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཆོག་གི་བཀའ་དྲིན་ལས་སྔོན་གྱི་བདེ་མཆོག་ཡབ་ཡུམ་གྱི་སྐུ་བརྙན་གྱི་ཆ་ཤས་དང་ཕམ་མཐིང་བའི་གདུང་རུས་སོགས་གཟུངས་བཞུགས་སུ་ཕུལ་ཏེ་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད་པ་དང་།    པཎ་ཆེན་དཔལ་ལྡན་ཡེ་ཤེས།   ལྕང་སྐྱ་རོལ་པའི་རྡོ་རྗེ་སྐུ་ཕྲེང་སྔ་ཕྱི།    ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན།     ཐུའུ་བཀྭན་རྡོ་རྗེ་འཆང་།    གུང་ཐང་བསྟན་པའི་སྒྲོན་མེ།   ཞང་སྟོན་བསྟན་པ་རྒྱ་མཚོ།    རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཆོ།    བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ།    གཞུང་བརྒྱ་སྨྲ་བའི་ཁྱུ་མཆོག་རྡོ་རྗེ་འཆང་རྗེ་འཇམ་དབྱངས་རྒྱ་མཚོ་སོགས་མཁས་གྲུབ་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གྲུབ་པའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་པར་མ་ཟད།  དེང་དུས་རྒྱ་བོད་ཧོར་སོག་གི་དད་ལྡན་མཇལ་བ་མང་བོ་ཉིན་རེ་བཞིན་ཟམ་མ་ཆད་པར་འགྲོ་འོང་བྱེད་བཞིན་མཆིས་སོ།   །

微信图片_20180724000257.jpg

  ཞེས་པ་ནི་2018་ལོའི་ཧོར་ཟླ་5བའི་ཚེས་24ཉིན་གནས་འདིའི་ཉེ་འགྲམ་དུ་བྲིས་ཤིང་ཕྱིས་སུ་འཕྲི་སྣོན་འགའ་བྱས་པའོ།   །

                                 ཟུར་ལྟའི་དཔྱད་ཡིག

1  མདོ་སྨད་ཆོས་འབྱུང་།  ༼བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད༽

2  ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ།  ༼རྡོ་ཕྲུག་དང་མགོན་པོ་དབང་རྒྱལ་སོགས་ཀྱིས་བསྒྲིགས༽

3  ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་གྱི་ལོ་རྒྱུས་དཀར་ཆགས་དང་བཅས་ཟུང་འཇུག་གྲུབ་པའི་གཏམ་སྙན།༼ལྷ་མོའི་ངག་དབང་སྦྱིན་པས་བརྩམས༽

4  ལོ་ཀྱཱ་ཏུན་དཔལ་བདེ་མཆོག་ཡབ་ཡུམ་གཉིས་ཀྱི་མཛད་རྣམ་མདོ་ཙམ་བརྗོད་པ།༼རྡོ་སྦིས་བཤད་སྒྲུབ་ཀྱིས་བརྩམས༽


                                          རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།