ཞལ་ཤུལ་དགོན་གྱི་རྟ་ཕྱག་ཁྱུང་གསུམ་རང་བྱོན་གྱི་རྟེན་བཤད་མདོར་བསྡུས

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-03-11 18:17:38     རྩོམ་པ་པོ།   རོང་བརྩོན།    ཀློག་ཐེངས།  

031.JPG

    དེ་ཡང་མདོ་སྨད་ཆོས་འབྱུང་དུ་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མཁས་བཙུན་འཛོམས་པ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཀྱི་རི་ཁྲོད་དེར་ཉིད་ཀྱིས་གཏེར་ནས་བཏོན་པའི་རྟ་ཕྱག་ཁྱུང་གསུམ་གྱི་རྡོ་སྐུ་རང་བྱོན་བཞུགས།ཞེས་གསུངས་པ་ལྟར།  སྲིད་ན་དཀོན་པའི་རྟེན་བྱིན་ཅན་འདི་ང་བརྒྱད་དང་རིག་གསར་གྱི་གོད་ཆགས་དུས་སུའང་སྲུང་སྐྱོབ་བྱས་སྟེ་གདན་ས་འདིར་བཞུགས་པའི་གནས་ཚུལ་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ཞལ་ཤུལ་སྐུ་འཕྲེང་དང་པོ་༧རྗེ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་མཆོག་ནི་རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ་༡༧༩༨ལོར་ཞལ་ཤུལ་རབ་རོ་ཚང་ཟེར་བར་སྐུ་འཁྲུངས། གཞོན་ནུའི་དུས་ནས་དམ་པའི་བག་ཆགས་སད་དེ་མདོ་སྨདབསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། མ་ཆགས་འཕགས་པའི་རིགས་བཞི་ལ་གནས་ནས་ཆོས་གྲྭ་ཆགས་མེད་གནང་།མདོ་སྔགས་ཡོངས་སུ་རྫོགས་པ་ལ་གསན་བསམ་ཕུལ་ཕྱིན་མཛད་དེ་རྡོ་རམས་དམ་བཅའ་སོགས་འཇོག་པ་གནང་ནས་རྩོད་མེད་མཁས་པའི་རྒྱལ་ཐབས་བརྙེས།ཀུན་མཁྱེན་གསུམ་པ་འཇིགས་མེད་རྒྱ་མཚོ། དབལ་མང་པཎྚི་ཏ་དཀོན་མཆོག་རྒྱལ་མཚན།རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ།བསོད་གྲགས་སྐུ་འཕྲེང་གཉིས་པ་དཀོན་མཆོག་རྒྱ་མཚོ་སོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་ཚུལ་བཞིན་དུ་བསྟེན་ཏེ། དབང་ལུང་རྗེས་གསུམ། ཁྲིད་དང་ཞལ་ལུང་། མན་ངག་སྙན་བརྒྱུད་སོགས་ཟབ་ཆོས་བདུད་རྩིའི་རྒྱུན་བཟང་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཐུགས་ཉམས་སུ་བསྟར། ཁྱ་དགེ་ལེགས་བཤད་གླིང་དང་ཨ་མཆོག་མཚན་ཉིད་དགོན། མཚན་སྒྲོགས་དགོན་སོགས་དགོན་སྡེ་དུ་མར་དབང་རྗེས་ལུང་གསུམ་གྱི་ཁྲིད་དང་། ལམ་རིམ་བློ་སྦྱོང་སོགས་ཟབ་རྒྱས་གདམས་པ་ཆད་མེད་དུ་བསྩལ་ཞིང་།བསྒྲུབ་བྱ་དུ་མར་རབ་བྱུང་དང་།བསྙེན་རྫོགས་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།སྡུད་པའི་དཀའ་འགྲེལ་སྦས་དོན་གསལ་བའི་སྙིང་བོ་དང་ཤེར་སྙིང་འགྲེལ་བ་ཟབ་དོན་སྒོ་འབྱེད་སོགས་རྩོམ་པར་མཛད། ཆོས་སྡེ་ཞལ་ཤུལ་དགོན་ཕྱག་འདེབས་མཛད་ཅིང་ཕྱོགས་འདིའི་སེར་སྐྱ་ཀུན་ལ་སྟེང་འོག་བར་གསུམ་གྱི་གདོན་བགེགས། རྒྱལ་འགོང་། ཀླུ་གཉན་ས་བདག་གིས་གནོད་འཚེ་ཆེ་བ་ལ་ཉེ་བར་དགོངས་ནས་རྟ་ཕྱག་ཁྱུང་གསུམ་གྱི་སྐུ་བརྙན་རང་བྱོན་བྱིན་རླབས་དྲོད་དུ་འབར་བ་ཡུལ་མདོ་སྨད་ཀྱི་ཁྲོ་ཁོ་སྨད་མའི་བདེ་ལུང་རུ་ཆེན་གནས་ས། རྗེ་ཉིད་ཀྱིས་རྟ་ཕྱག་ཁྱུང་གསུམ་གཏེར་ནས་བཏོན་པས་གཏེར་ལུང་དུ་འབོད་པ་འདི་གར་གཏེར་ནས་བཏོན་ཏེ་དགོན་པར་བཞུགས་སུ་གསོལ་བར་མཛད། ང་བརྒྱད་ལོར་གཏོར་བཤིག་པ་ཚོས་སྐུ་གསུང་ཐུགས་རྟེན་མེར་བསྲེགས་པའི་སྐབས་ཨ་ཁུ་འཇིགས་ཁོ་ཟེར་བ་མེའི་ནང་དུ་མཆོང་ནས་རྟེན་འགངས་ཅན་དེ་ཉིད་ཕྱིར་བླངས་ཏེ་ལྡོང་མཆོག་གི་སྤྲུལ་བའི་སྐུ་༧རྗེ་སྐལ་བཟང་འཕྲིན་ལས་དར་རྒྱས་ཀྱི་ཕྱག་ཏུ་ཕུལ།  རྗེས་ནས་རིག་གསར་སྐབས་ཀྱི་དུས་ཟིང་ནང་དུ་ཡང་རྗེ་དེ་ཉིད་ཀྱི་ཐབས་མཁས་ཐུགས་རྗེའི་སྒོ་ནས་གྲྭ་བ་འགའ་ལ་གསང་སྦེད་ཀྱི་ཐབས་བཀོད་ཞིབ་མོར་བསྩལ་བ་ལ་བརྟེན་ནས། ད་ལྟ་ཡུལ་འདིའི་བསོད་ནམས་ཀྱི་རྟེན་དུ་བཞུགས་སོ།།དེ་ཡང་གདོན་བགེགས་ཀྱིས་ཟིན་པའི་ཉམ་ཐག་ནད་པ་ཚོས་དད་པས་སྒོ་ནས་ཕྱག་མཆོད་དང་བསྐོར་བ་སོགས་ལ་འབད་ན་ནད་གདོན་གྱི་འཇིགས་པ་སོགས་ལ་སྐྱོབ་པའི་བྱིན་རླབས་ཡུལ་འདིའི་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ་པ་ཡིན་ནོ།།   ཞེས་རྟེན་བཤད་མདོར་བསྡུས་སུ་ཤེས་དམན་རོང་བརྩོན་དུ་འབོད་པས་བྲིས་པའོ།།

                                               རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།