དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་མདོར་བསྡུས་བཞུགས་སོ། །
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-20 16:34:35
རྩོམ་པ་པོ། རས་ཆུང་བ་ཤེས་རབ་རྒྱ་མཚོ། ཀློག་ཐེངས།

༄༅། །ན་མོ་གུ་ར་ཝེ། འདིར་དམུ་དགེ་བསམ་འགྲུབ་གླིང་ངམ་བཀྲ་ཤིས་འཁོར་ལོའི་དགོན་ནི། མཉམ་མེད་ཙོང་ཁ་བ་བློ་བཟང་གྲགས་པ་དཔལ་བཟང་བོའི་་( ༡༣༥༧—༡༤༡༩) དངོས་སློབ། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་ ༡༣༩༤ ལོ་ཡས་མས་སུ་བཏབ།
མིང་རྒྱལ་རབས་ཀྱི་ཞོན་ཏེ་ཁྲི་ལོ་ ༢ པར་ ༡༤༢༧ ལོར་དམུ་དགེ་རུ་ཨན་ཧྥའུ་སྲིད་འཛིན་ཁང་བཙུགས་ནས་བླ་མ་གྲགས་པ་བཟང་བོ་ཨན་ཧྥའུ་སྲིད་དཔོན་དུ་བསྐོས།
དེ་རྗེས་སྟོང་སྐོར་སྐུ་ཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ ( ༡༥༥༧—༡༥༨༧) དང་། སྐུ་ཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ (༡༥༨༨—༡༦༣༩)། འཕོ་བ་གྲོང་འཇུག་གི་མངའ་བདག་སྐུ་ཕྲེང་བཞི་བ་མདོ་རྒྱུད་རྒྱ་མཚོ་ (༡༦༣༩—༡༦༨༣)གདན་དྲངས། དགོན་པ་ཕུལ། མགོན་ཁང་འདུ་ཁང་སོགས་མང་བོ་བསྐྲུན་ཅིང་། བཀའ་འགྱུར་བསྟན་འགྱུར་གྱི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། བསྟན་པ་དང་སེམས་ཅན་གྱི་དོན་མཐའ་ཀླས་པ་མཛད།
སྐུ་ཕྲེང་ལྔ་བ་མཉྫུ་ཤྲཱི་ངག་དབང་བསོད་ནམས་རྒྱ་མཚོ (༡༦༨༤—༡༧༥༢) ཁོང་གློ་བུར་ཕེབས་དགོས་བྱུང་བར་དགོན་པ་ཧ་མཐའ་བླ་མ་ལ་གཏད། སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ(༡༧༥༤—༡༨༠༣) སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་གནང་།
དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ(༡༧༨༢—༡༧༩༡)ལོ་དེའི་སྟོན་འཇུག་འདིར་གདན་དྲངས། ཚེ་ཏན་གྱིས། ༡༧༦༨ལོར་དམུ་དགེ་དགོན་བཏབ་ཅེས་པ་མ་དག །སྟོང་སྐོར་ཇ་མས་དགོན་པ་ཕུལ། ༡༧༦༩ ལོའི་ལོ་སར་མཛད།
༡༧༧༨ -༦པར་ཕེབས། རྒྱུད་གྲྭ་འཛུགས་རྒྱུར་ཐག་བཅད། འདུ་ཁང་གི་ཐེབས་སོགས་འཕོན་ཆེ་བ་བསྩལ། དུས་འཁོར་སློབ་ཟུར་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་རྒྱུད་པའི་བླ་མར་བསྐོས་པས་འཆད་ཉན་ཡུན་རིང་མཛད། དེ་ནས་སྨྲ་བའི་ཁྱུ་མཆོག་རྡོ་རམས་པ་བློ་བཟང་བསོད་ནམས། ཟུང་ཆུའི་ལྷ་རམས་པ་དགེ་ལེགས། ཁྲིམས་ཆོས་མཛད། དམུ་དགེའི་དབོན་པོ་རྡོ་རམས་པ་བློ་བཟང་དཀོན་མཆོག ཁྲི་ཟུར་སྟག་ལུང་སྤྲུལ་བའི་སྐུ་བློ་བཟང་ཉི་མའི་བར་རོ། །
རྒྱུད་གྲྭ་བཙུགས་ནས་བགྲང་བྱ་བཅུ་དྲུག་པ་ཆུ་མོ་གླང་གི་ ༡༧༦༣ ལོར་གྲུབ་དབང་ཀློང་རྡོར་རིན་པོ་ཆེའི་དངོས་སློབ་ཁྲིམས་ཆོས་མཛད་བསོད་ནམས་བཀྲ་ཤིས་དང་། རྒྱམ་ཁོ་ལྷ་རམས་པ་བློ་བཟང་དགེ་ལེགས་གཉིས་ཀྱིས་སྒོ་མང་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་རྒྱུད་སྨད་དང་ཟུང་འབྲེལ་བྱས། མདོ་སྔགས་ཟུང་དུ་འབྲེལ་བ་ལ་བསླབ། དང་བོར་ཁྲིམས་ཆོས་མཛད་ཀྱིས་འཆད་ཉན་གནང་། དེ་ནས་རྒྱམ་ཁོ་ལྷ་རམས་པ་བློ་བཟང་དགེ་ལེགས་ཁྲིར་བཞུགས། བར་ཞིང་ལྷ་རམས་པ་བསྟན་འཛིན། སྔོ་ཐེར་ལྷ་རམས་པ་རྒྱལ་མཚན། དམུ་དགེ་རྡོ་རམས་པ་རྣམས་རིམ་པར་ཁྲིར་བཞུགས།
དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ ( ༡༧༦༤— ༡༨༥༣) ཡང་དགོན་སྡེ་འདིར་ཡང་ཕེབས་ཏེ་བཀའ་འགྱུར་གྱི་བཀླག་ལུང་སོགས་གནང་།
གླིང་དཀོན་མཆོག་དགྱེས་པའི་བློ་གྲོས་ནི( ༡༧༩༢—༡༨༣༨) ཁྲིར་བཞུགས་ཏེ་རྡོར་འཕྲེང་སོགས་ཆོས་བཀའ་མང་དུ་གནང་། མགོན་ཁང་རྒྱ་བསྐྱེད་དེ་ཕྱི་ན་རྩིག་པ་མེད་ལ་ནང་ན་ཀ་བ་མེད་པའི་ལྷ་ཁང་ངོ་མཚར་བ་བཞེངས་པ་རིག་གསར་བར་གནས། ཁྱི་ར་སྐོར་གསུམ་སོགས་རྗེ་ཉིད་ཀྱིས་ལྗགས་རྩོམ་གནང་སྟེ་སེང་འཆམ་ཤྭ་འཆམ་ཚུགས། གཟིགས་སྐྱོང་བླ་ན་མེད་པ་གནང་བས་དགོན་གྲོང་ཀུན་དད་གུས་ཤིན་ཏུ་ཆེ། བསྙུན་གྱི་རྣམ་པ་ཅི་ཡང་མེད་པར་ཞི་བར་གཤེགས།
ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོ (༡༧༩༢—༡༨༥༦) ༡༨༣༢ གླིང་ཁྲི་ཆེན་འཚམས་ཞུར་ཕེབས། གླིང་སྤྲུལ་རྣམ་གཉིས་དྲེད་མོའི་ཆུ་ཚན་ལ་ཞག་བརྒྱད་བཞུགས་ཏེ་འཕྲོད་བསྟེན་མཛད། གླིང་སྤྲུལ་བའི་སྐུས་བརྟན་བཞུགས་དང་ཐུགས་ཤིན་ཏུ་དགྱེས། རི་ཁྲོད་མཚོ་ལྟེམ་དུ་བཞུགས། རྒྱུན་ཇའི་ཐེབས་བཞག དེ་དུས་དགེ་བཤེས་ཧ་ཅང་མང་བ་དང་གྲྭ་ཚོགས་ཀྱང་ཤིན་ཏུ་རྒྱས། ༦•༦ ལ་ཆིབས་སྐྱེལ། དེ་ནས་དགེ་བཤེས་མཐའ་ཡས་རྒྱ་མཚོ། དུས་ཟུར་དཀོན་མཆོག་བསྟན་འཛིན། དུས་ཟུར་དཀོན་མཆོག་ཆོས་ལྡན། དུས་ཟུར་རྐང་ཙ་བློ་བཟང་། དགེ་བཤེས་བཀྲ་ཤིས་ཐུབ་བསྟན། སྟག་ལུང་ཆེ་བ་བློ་བཟང་བསྟན་པའི་ཉི་མ། རྒྱུད་ཟུར་དཔལ་ལྡན་གྲགས་པ། འདི་བས་ཕར་ཕྱིན་དམ་བཅའ་སོགས་ལ་དག་ཐེར་དཔེ་ཁྲིད་འཆད་ཉན་དམར། ཁྲི་རྒན་ཚང་ཞེས་གུས་ཞེན་ཆེ།
ཧ་མཐའ་དཀོན་མཆོག་སེང་གེ་ནི(༡༧༦༩—༡༨༣༧)བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད། དེའི་རྗེས་མ་ཁཱ་ཤུལ་དཔལ་རྡོར་ལ་འཁྲུངས་པ་དཀོན་མཆོག་བསྟན་འཛིན་ཕུན་ཚོགས་བཀྲ་ཤིས་འཁྱིལ་ནས་བཞུགས་པ་རང་དགོན་དུ་ཕེབས། ཧ་མཐའ་ཕྱག་ན་རྡོ་རྗེ། དེའི་སྤྲུལ་སྐུ་ཡེ་ཤེས་ཆོས་དཔལ། དེའི་སྤྲུལ་སྐུ་སྐལ་བཟང་དར་རྒྱས་ཀུན་མཁྱེན་རིན་པོ་ཆེས་ཐག་བཅད་དེ་ ༡༩༩༥ ལོར་གདན་སར་བཀོད། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚོགས་ཞུགས་གནང་།
བསོད་གྲགས་དཀོན་མཆོག་རྒྱ་མཚོ་ནི། ༡༧༩༠— ཁྲིར་བཞུགས། སྒྲུབ་ཐབས་རིན་འབྱུང་སོགས་ཨ་ཁུ་རིན་པོ་ཆེས་མཆོད་དཔོན་གནང་སྟེ་དབང་ལུང་མན་ངག་གི་འདོད་ཆོས་མང་དུ་བསྩལ། དེ་དུས་དགེ་བཤེས་ཧ་ཅང་མང་བས། རྗེ་ཤེས་རབ་རྒྱ་མཚོ ( ༡༨༠༣—༡༨༧༥) ཚང་ལ་ཞུས་ཏེ་ཁེ་ཚང་ནང་ཆེན་ནས་བཀའ་འགྱུར་གྱི་བཀླག་ལུང་དང་། རྗེ་ཡབ་སྲས་གསུམ་སོགས་གསུང་འབུམ་མང་བོའི་ལུང་གནང་། དུས་ཟུར་སུ་ཉིད་དགེ་འདུན་དར་རྒྱས་ཁྲིར་བཞུགས་ཏེ་འཆད་ཉན་དམར། བླ་ཁོ་བླ་སར་འཇམ་དབྱངས་རྒྱ་མཚོ་ཁྲིར་བཞུགས་ནས་མགོན་པོའི་གཏོར་སྒྲུབ་སོགས་མདོ་སྔགས་ཀྱི་འཆད་ཉན་དང་བཀའ་ཆོས་ཟླ་མེད་གནང་། ཟམ་ཚ་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ་རིན་པོ་ཆེ་འཇིགས་མེད་བསམ་འགྲུབ་རྒྱ་མཚོ་ཁྲིར་བཞུགས། ཟམ་ཁའི་དུས་འཁོར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་རྒྱ་མཚོ་ཁྲིར་ཕེབས།
འབའ་ལིང་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ཁྲིར་ཕེབས། དེ་སྐབས་ལྷ་རམས་པ་རྒན་གཞོན་མང་བོས་གུས་པར་བྱས། ཐོར་གོད་ཆོས་ལྡན་ནི་གཞུང་ལུགས་སྤྱི་དང་རིག་གནས་ཐམས་ཅད་ལ་སྦྱངས། ཁྲིར་བཞུགས། ཨ་རིག་བླ་སར་བསྟན་པ་རྒྱ་མཚོ་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་འཆད་ཉན་དམར།
སྐྱ་གྱ་དཀོན་མཆོག་བཟོད་པའམ་འཇམ་དབྱངས་རྒྱ་མཚོ་ཁྲི་མཛད་དེ་འཆད་ཉན་དམར། ཀརྨ་ཆགས་མེད་ཀྱི་དངོས་སློབ་སྒོམ་ཆེན་རྣམ་གསུམ་གྱི་ཡ་གྱལ་རྒྱལ་རོང་སྒོམ་ཆེན་པའི་ཡང་སྤྲུལ་དམུ་དགེའི་ཁེ་ཚང་སང་ཞེས་པར་འཁྲུངས། ཁེ་ཚང་སྤྲུལ་སྐུ་བློ་གྲོས་རྒྱ་མཚོ་ཞེས་མཚན་སྙན་གྲགས། ཁྲིར་བཞུགས། འདིར་འདས། དེའི་སྤྲུལ་སྐུ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་བྱམས་མེར་འཁྲུངས། རང་དགོན་དུ་ཆོས་གྲྭར་ཞུགས་ཏེ་སློབ་གཉེར་མཐའ་ཆོད་པ་གནང་བའི་མཁས་གྲུབ་ཆེན་པོར་གྱུར། གསན་ཡིག་དེབ་བཞི་ཡོད། དགུ་ཁོག་ཏུ་འབྲོག་རུ་བྱས་ནས་བཞུགས། སྐྱབས་གནས་པ་མང་བོ་འདུས་པས་དགུ་རུ་མ་ཞེས་འབྲོག་སྡེ་ཆེན་པོ་ཁྱིམ་བརྒྱ་ལྷག་ཡོད། དྲག་པོའི་ལས་སྦྱོར་ཚད་ལྡན་བྱས་པས་བསྟན་དགྲ་ངར་རྩ་ནང་སོ་གཉིས་གཙོར་བྱས་པའི་དྲུག་ཅུ་ལྔ་ལམ་དུ་བསྐྱལ། ལུང་བསྟན་ལ་ཐོགས་པ་མེད། དགུང་ལོ་ཞེ་ལྔར་སྐུ་འདས། དེའི་སྤྲུལ་སྐུ་ཚ་ཁོའི་མཁར་བདག་ཟག་ལ་ཚང་ལ་འཁྲུངས། ཆུང་དུས་ནས་ཤ་མི་གསོལ། འདིར་ཞུགས་ནས་སློབ་གཉེར་གནང་། འགྲོ་དོན་རྒྱ་ཆེར་མཛད། དབུ་ལ་ཐོག་བབ་པ་བཟུང་། དགུང་ལོ་༤༠ ཐོག་རྔ་བའི་ཁཱ་ཤི་དགོན་ནས་སྐུ་འདས། གདུང་ལ་འཇའ་ཟུག དེའི་སྤྲུལ་སྐུ་གནམ་མཚོ་མའི་དཔོན་དཔལ་ཤུལ་འཇིགས་རྒྱམ་ཚང་ལ་ ༡༩༢༢ ལོར་འཁྲུངས། ཆོས་བཀའ་མང་བོ་གསན། དཔལ་ལྡན་ལྷ་མོའི་ཞལ་གཟིགས། ཁང་དམར་དགོན་གྱི་ཁྲིར་བཞུགས། ཁྲོ་ཆུ་དང་ཟངས་དཀར་ནས་མནན་གཏད་བཏོན། ༡༩༨༥-༤-༡༢ ལ་རྔ་བའི་རྨེ་རུ་མ་ནས་སྐུ་འདས་སོ། །
སྡེ་འདིའི་དགེ་འདུན་པ་རྣམས་འཇིག་རྟེན་གྱི་བྱ་བཞག་ལ་མི་དགྱེས་ཤིང་། འདོད་ཆུང་ཆོག་ཤེས་ཀྱིས་ཐོས་བསམ་གྱི་བྱ་བ་ཁོ་ན་ལ་བརྩོན་པས་གོ་རིག་ཟུང་དུ་འབྲེལ་བའི་བློ་གསལ་ཐོན་ཆེ། ཟུང་ཆུ་ངག་དབང་བཀྲ་ཤིས་ཀྱིས་ཤར་རྩེ་ཆོས་རྗེ་དང་། ཟུང་ཆུ་འཕྲིན་ལས་བཟང་བོས་མགར་ཐར་མཁན་པོ་མཛད། ཟུང་ཆུ་རབ་འབྱམས་པ་འཕྲིན་ལས་ཀྱིས་རྩེ་ལྔར་ལྷ་ཁང་བཞེངས་པའི་རྡོ་རིང་ལ་བརྐོ་རྒྱུའི་ཁ་བྱང་ཞུས་ཚུལ་དུ་ཀཱུ་ལར་འབྱུང་བ་ཟུང་ཆུ་དང་འདི་གང་རུང་ཡིན་འདྲ།
ཟུང་ཆུ་དགེ་འདུན་རྒྱ་མཚོ་ནི། དམུ་དགེ་ནོར་བའི་ཐལ་ཚང་ལ་འཁྲུངས། ཁོང་དང་དགེ་བཤེས་འབྱུང་གནས་གཉིས་སྐུ་མཆེད་ཡིན། དང་བོ་གྲྭ་ས་འདིར་ཞུགས། ཁོང་ལྷ་སར་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། མདོ་སྔགས་རིག་གནས་དང་བཅས་པའི་ཕ་རོལ་ཏུ་སོན་པའི་མཁས་གྲུབ་ཆེན་པོའོ། །
ཡང་ཐལ་ཚུལ་ཁྲིམས་རྒྱ་མཚོ་ནི། གྲྭ་ས་འདི་ནས་ཡིན། ལྷ་སར་ཕེབས་ནས་གྲྭ་ས་དགའ་ལྡན་དུ་ཞུགས་ཏེ་ཐོས་བསམ་ལྷུར་ལེན་གནང་བའི་དགེ་བཤེས་ཆེན་པོ་དེ་གཞུང་ནས་གོང་མའི་དབུ་བླར་མངགས། རི་བོ་རྩེ་ལྔར་ཕེབས་ནས་སྐུ་ལུས་དངོས་སུ་ལུས་སྦྱིན་གནང་བས་མཁས་གྲུབ་ཆེན་པོའི་རྣམ་ཐར་ཟླ་མེད་པའོ། །
རྗེ་བླ་མ་བློ་བཟང་ཆོས་ལྡན་དཔལ་བཟང་བོ་ནི། གོང་སྨོས་དགེ་བཤེས་ཚུལ་ཁྲིམས་ཀྱི་སྤུན་ཟླ་ཡབ་འཇིགས་བྱེད་སྐྱབས་དང་ཡུམ་མ་ཅིག་སྐྱིད་གཉིས་ཀྱི་སྲས་སུ་ ༡༨༨༡ ལོར་འཁྲུངས། རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་བློ་བཟང་ཆོས་ལྡན་དུ་གསོལ། དགོན་འདིར་ཚོགས་ཞུགས་གནང་སྟེ་ཐལ་ཆོས་ཞེས་གྲགས། བཤེས་གཉེན་མང་བོ་བསྟེན། བསྡུས་གྲྭ་སོགས་མདོ་རྒྱུད་ཆོས་སྤྱོད་དུ་མ་ཐུགས་འཛིན་གནང་། ཐུགས་རབ་ཆེ་བའི་ཚོད་དུ་འཛིན། ཆོས་བཀའ་མང་དུ་གསན། དགུང་ལོ་བཅུ་དགུའི་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཚོགས་ཞུགས་གནང་། ཇོ་མོ་ཁྲི་བ་ཞེས་པའི་དགེ་བཤེས་སོགས་མང་བོ་བསྟེན་ནས་སྦྱངས་པས་སྙན་གྲགས་རྒྱས། ཆེ་བ་གསུམ་ལྡན་དུ་འབོད། འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དགེ་རྒན་དུ་བསྟེན་ཏེ་ཕར་ཕྱིན་སོགས་ལ་སྦྱངས། མཚན་ཉིད་དགོན་དང་རང་དགོན་གྱི་ཁྲིར་ལན་གཉིས་བཞུགས། དུས་རྒྱུན་འདི་ནས་དཔེ་ཁྲིད་དང་དབང་ལུང་མན་ངག་སོགས་ཀྱིས་གདུལ་བྱའི་བུམ་བཟང་བདུད་རྩིའི་བཅུད་ཀྱིས་ཕྱུར་བུར་གཏམས། མཛེ་ནད་ཀྱིས་ཁྱབ་པ་གཏན་ཆོད་བྱས། འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་སོགས་ཡི་དམ་དུ་མའི་བསྙེན་མཚམས་མང་བོར་བཞུགས། གཞི་ཚང་སྤྲུལ་བའི་སྐུ་རིན་པོ་ཆེ་དང་རྣམ་གཉིས་ཀྱིས་དབྱེན་ཟླུམ་མཆོད་རྟེན་ཆེན་མོའི་ནང་དུ་བྱམས་སྐུ་ཐོག་ཚད་གཉིས་པ་བཞེངས། སྟག་ཚ་བཀྲ་ཤིས་ཆོས་བཟང་གླིང་གི་འཆད་ཉན་གྱི་ཁྲི་རབས་དང་བོ་ཡིན། དགུང་ལོ་རེ་ལྔ་བ་ ༡༩༤༥- ༡༡-༡༢ ལ་འདས། ཞག་༢༡ ལ་ཐུགས་དམ་མ་གྲོལ།
ཀུན་མཁྱེན་སྐུ་ཕྲེང་བཞི་བ་ ༧ རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ (༡༨༥༦—༡༩༡༦) ༡༨༧༠-༣-༤ ལ་ཕེབས་པ་དང་། འཚམས་ཞུ་མང་བོ་དང་གདན་འདྲེན་ཡང་ཡང་ཞུས། ༡༩༡༥-༧པར་འདིར་ཕེབས། ཞལ་ནས་སྡེ་འདི་དགོན་རྙིང་བྱིན་ཅན་དུ་འདུག བདེ་ཐང་མཁན་སྤྲུལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་འདིར་ཕེབས་ཏེ་གཟིགས་སྐྱོང་བླ་ན་མེད་པ་དང་། བཀའ་ཆོས་མང་བོ་གནང་ངོ་། །
རྗེ་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ ༡༨༤༡ འཁྲུངས། ༡༨༨༦-༨-༢༧ ལ་ཁྲི་འདོན་མཛད་དེ་ཁྲི་བཤད་ངོ་མཚར་བ་གནང་། དེ་ནས་བཟུང་བརྩི་བཞག་ལ་ཆོས་ཐུན་གཅིག་ཙམ་ཡང་མ་ལུས་བར་ཧུར་ཐག་དང་། དེ་ལྟར་ལོ་ངོ་བཞིའི་རིང་ཆོས་འཆད་ཉན་དང་། ༡༨༩༢-༨-༡༡ཉིན་འདིར་ཕེབས་ནས་དང་། ༡༨༩༣ ལོའི་སྨོན་ལམ་གྲོལ་ནས་རྡོ་རམས་པའི་དམ་བཅའི་ཚོགས་དབུར་བྱོན་ཏེ་གཟིགས་རྟོག་ཞིབ་པར་མཛད།
རྭ་རྒྱ་སྤྲུལ་བའི་སྐུ་ཁྲི་བ་ཡིན། ༡༩༠༠-༦-༡ ལ་ཕེབས་ནས་དུས་འཁོར་དབང་ཆེན་སོགས་དབང་དང་བཀའ་ཆོས་མང་བོ་གནང་། བསོད་གྲགས་སྤྲུལ་སྐུ་འཇིགས་མེད་བསོད་ནམས་རྒྱ་མཚོ་དང་། ཆོས་རྫོང་སྤྲུལ་སྐུ། མགོན་ཤོས་རྡོ་རམས་པ་རྣམས་ཁྲིར་བཞུགས། ཡོངས་འཛིན་ལྷ་རམས་པའི་སྤྲུལ་སྐུ་ ༧ རྡོ་རྗེ་འཆང་རྗེ་བཙུན་སྐལ་བཟང་དཔལ་འབྱོར་བཟང་བོའི་ཞལ་སྔ་ནས་ (༡༨༨༢—༡༩༥༨) ༡༩༣༢ ལོ་དང་༡༩༣༣ལོར་ཁྲིར་བཞུགས། ༡༩༤༣ ལོར་ཕེབས་ཏེ་འདུ་ཁང་གསར་བའི་ནང་དུས་འཁོར་དབང་ཆེན་དང་རབ་གནས་རྒྱས་པ་དགེ་ལེགས་ཆར་འབེབས་སོགས་གནང་། ༡༩༤༨ དང་ ༡༩༤༩ ལོར་བཞུགས་ཏེ། དབང་དང་རྗེས་གནང་ལུང་སོགས་བཀའ་ཆོས་མང་བོ་གནང་། ༡༩༥༣ དང་ ༡༩༥༤ ལོར་བཞུགས་ནས་ལམ་སྔགས་གཉིས་ཀྱི་བཤད་ལུང་སོགས་དང་། ནོར་བས་ཞུས་ངོར་སྟོན་མོ་ལུང་ནས་དུས་འཁོར་དབང་ཆེན་སོགས་གནང་སྟེ་གདུལ་བྱ་རྣམས་ལ་ཟབ་རྒྱས་བདུད་རྩིའི་ཆོས་ཆར་རྒྱུན་དུ་བསྩལ། བདེ་ཚང་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མ་སྔ་ཕྱི་རང་དགོན་གྱི་ཁྲིར་ལོ་བདུན་བཞུགས། ནུ་གུ་སྤྲུལ་སྐུ་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་། མགོ་རྟ་ཚང་ཁྲིར་ཕེབས། སྔོ་ཐེར་ཚང་བཞུགས་ཀྱང་ལེགས་ལམ་མ་བྱུང་། བཙན་ན་སྤྲུལ་བའི་སྐུ་དང་། ཞལ་ཤུལ་ཚང་ཁྲིར་ཕེབས་ནས་འདིར་འདས།
གླིང་སྤྲུལ་སྐུ་སྐལ་བཟང་འཇིགས་མེད་རྒྱ་མཚོ་ (༡༩༠༦—༡༩༥༨) འདི་ཁྲིའི་སྐབས་ ༡༩༣༥- ༦-༨ ལ་དམར་དམག་བྱུང་བས་གྲོལ་དགོས་བྱུང་། དམར་དམག་རྒྱང་བསྐྱོད་ཀྱི་སྐབས་ཏེ། སྤྱི་ལོ་ ༡༩༣༥ ལོའི་ཟླ་༨ ཚེས་༢༠ ཉིན་དམུ་དགེའི་གྲོས་ཚོགས་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་འཆམ་བྱས་པའི་གྲོགས་མཐུན་ཆོད་ཡིག་ནང་དུ་ཡང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སུའུ་ཨུའེ་ཨེར་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་པའི་རྩ་བའི་བྱེད་ཕྱོགས་ནི། ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཁོ་ཚོ་ལ་མི་རིགས་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་པ་ཁས་ལེན་དགོས་པ་དང་། དེ་ཡང་གསལ་བོར་བཤད་ན། ཆབ་སྲིད་ཐོག་རང་འདོད་ལྟར་གཉའ་གནོན་བྱེད་མཁན་གྱི་མི་རིགས་ཏེ། རྒྱ་མི་རིགས་དང་ཁ་བྲལ་ནས་རང་དབང་རང་བཙན་བྱེད་པའི་དབང་ཆ་ཡོད་ཅིང་། ཀྲུང་གོ་གུང་ཁྲན་ཏང་དང་སུའུ་ཨུའེ་ཨེར་སྲིད་གཞུང་གིས་དོ་དམ་ཐོག་ནས་ཁོ་ཚོའི་མི་རིགས་རང་བཙན་དང་བཅིངས་འགྲོལ་གྱི་ལས་འགུལ་ལ་རོགས་རམ་བྱ་དགོས་ཞེས་འཁོད་ཡོད་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་མི་སྣའི་ངེས་པར་དུ་མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན། སི་ཏ་ལིན་བཅས་ཀྱི་མི་རིགས་སྐོར་གྱི་གཞུང་ལུགས་རྣམས་སློང་སྦྱོང་བྱ་དགོས་པ་དང་། ངེས་པར་དུ་ཏང་གི་འབྲེལ་ཡོད་མི་རིགས་སྐོར་གྱི་སྲིད་ཇུས་རྣམས་ལག་བསྟར་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད། (ཀྲུང་གོ་གུང་ཁྲན་ཏང་གི་སློབ་ཁྲིད་ཀྱི་དཔྱད་གཞིའི་ཡིག་ཆ) ཐེངས་གཉིས་པའི་ཤོག་ངོས་ ༥ བར་ལྟོས)
རྒྱམ་ཁོ་སྐུ་ཕྲེང་གཉིས་པ་རང་དགོན་གྱི་ཁྲིར་བཞུགས། དེའི་ཡང་སྤྲུལ་དང་། ཁྲིམས་བསོད་ནམས་བཀྲ་ཤིས་ཀྱི་ཡང་སྤྲུལ། དགེ་བཤེས་ཆེན་པོ་འཇམ་དབྱངས་ཆོས་མཆོག་གསུམ་སྐུ་མཆེད་ཡིན། དེ་དུས་དམུ་དགེའི་སྨད་པ་ཧ་ཅང་དར་ཏེ་རྡོ་རམས་པ་མང་བོ་ཡོད་ཟེར། འཕགས་པ་བ་ཀུ་ལའི་སྤྲུལ་བ་ཨ་ཁུ་དཔལ་ལྡན་ཚང་། གད་ཞབས་བཟང་བོ། དམུ་དགེ་བསོ་བཀྲ་ཚང་། དམུ་དགེ་ཐུབ་བསྟན་ཚང་། དམུ་དགེ་བསམ་གཏན་སྔ་མ། ཨ་སྐོམ་རྡོ་རམས་པ། ཨ་སྐར་འཇམ་དབྱངས། གཙོ་ཚང་དམ་ཆོས། སོག་ཚང་དམ་ཆོས། ཚ་ཁོ་དམ་ཆོས། ཚ་ཁོ་ཕྲིན་ལས། སྡུ་མོ་བརྩོན་འགྲུས། ཨ་ཁུ་ཕྱོགས་གླང་། བདག་གེ་འཇམ་དབྱངས་ཐབས་མཁས། འཇམ་དབྱངས་ཆོས་དར། ཝ་ཚང་སངས་རྒྱས་སོགས་རྡོ་རམས་པ་མང་བོ་དང་། ཡོངས་འཛིན་དངུལ་རྭའི་གྲགས་པ་ཚང་གིས་༼བསྐུལ་ཏེ༽བདག་གེ་བློ་བཟང་བཀྲ་ཤིས་ཀྱིས་དགོན་པའི་ལོ་རྒྱུས་མཛད།
ཀུན་མཁྱེན་སྐུ་ཕྲེང་ལྔ་བ་༧རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ༼༡༩༡༦—-༡༩༤༧༽༡༩༢༥་༡༠བར་དགོན་འདིར་ཕེབས། ཚོགས་དབུར་སྤྱན་དྲངས་པ་འདུས་པ་རྒྱ་མཚོའི་མགོན་དུ་བྱོན་ཏེ་བགྲོ་གླེང་བཏང་བ་དང་ཆོས་བཀའ་མང་བོ་གནང་། ༡༩༢༦ལོའི་གནམ་ལོ་གསར་ཚེས་ཀྱི་བཞུགས་གྲལ་དང་། ༧ཁོང་ཉིད་ནས་གྲྭ་ཚང་ལ་ལོ་སར་སྟོན་མོ་བསྟབས། སྔོན་སྨོན་ལམ་ཉིན་ལྔ་ལས་མེད་པའི་མི་འཚམ་པར་ཉིན་བཅུ་གཅིག་བྱེད་རྒྱུར་བཀས་བཅད། སྤྱི་སྒེར་གྱི་གདན་དྲངས་པར་ཕེབས་ནས་འདོད་མོས་ཀྱི་རེ་བའི་བུ་བཟང་བྱིན་རླབས་ཀྱི་བདུད་རྩིས་ཕྱུར་བུར་གཏམས། ཚེས་༦ལ་རྟ་ཟོག་དུ་མ་སྤྱི་རྫས་སུ་སྦྱོར་འཇགས་མཛད་དེ་རྔ་བའི་ཕྱོགས་སུ་ཆིབས་བསྒྱུར་གནང་ངོ།།
ཤེར་རབ་རུ་ཞེས་པའི་སྡེ་བའི་ཁྱིམ་ཞིག་ཏུ་འཁྲུངས་པ་སྒོ་མང་མཁན་པོ་བློ་བཟང་དགེ་ལེགས་ནི། གོང་མའི་དབུ་བླར་ཕེབས། ཁོང་གིས་རང་དགོན་ལ་ཐུབ་པ་ཚུལ་ཁྲིམས་མ་དང་། ཚོགས་དུང་གནང་། ཀུན་མཁྱེན་སྐུ་ཕྲེང་གསུམ་པར་༡༨༢༠ལོར་ཕུལ་བའི་རྒྱ་ནག་མཆོད་བཤམས། དེའི་སྤྲུལ་སྐུ་དངུལ་རྭའི་བློ་མུག་ལ་འཁྲུངས་པ་འཇིགས་མེད་དགེ་ལེགས་རྒྱ་མཚོ་༡༨༥༣ལོར་ཀུན་གཟིགས་མཆོག་ནས་ཐག་བཅད་དེ་བླུ་ཟོག་ཕལ་ཆེར་ཉིད་ནས་གནང་། སྤྲུལ་བའི་སྐུར་ཚེ་དབང་སོགས་བསྩལ་ཏེ་ཐུགས་གཉེར་གནང་།
དེའི་ཡང་སྤྲུལ་ཟུང་ཆུའི་མཁར་ནང་ནས་འཁྲུངས་པ་ཀུན་མཁྱེན་སྐུ་ཕྲེང་བཞི་བས༡༩༠༦་༡༡་༡༡ལ་ཐག་བཅད་མཚན་ལ་སྐལ་བཟང་བཤད་སྒྲུབ་རྒྱ་མཚོ་གསོལ། གདན་སར་བཀོད། འདིར་ཚོགས་ཞུགས་གནང་། དབུས་སུ་སྒོ་མང་གྲྭ་ཚང་དུ་ཚོགས་ཞུགས་གནང་། རྗེ་ཁང་སར་རིན་པོ་ཆེ་དང་། སྐྱབས་རྗེ་ཕ་བོང་ཁ་བའི་མདུན་ནས་བཀའ་ཆོས་འགའ་ཞིག་གསན། ཕྱིར་ཕེབས་ནས་ཁྲིར་བཞུགས། ཕྱག་རྫས་གང་ཡོད་དཀོན་མཆོག་གི་ཞིང་སར་བསྔོས། བཅོས་བསྒྱུར་སྐབས་བཙོན་འོག་ཏུ་ཆུད་ནས་ལོ་དུ་མར་བསྡད། གློད་གྲོལ་རྗེས་རང་དགོན་སླར་གསོའི་སྐབས་བཀའ་བསྟན་དང་དངུལ་འབོར་ཆེན་སྤྱི་འཇོག་གནང་། ༡༩༨༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།
ཡང་སྤྲུལ་ཀུན་མཁྱེན་རིན་པོ་ཆེས་༡༩༩༣ལོར་ཐག་བཅད། འདིར་ཚོགས་བཞུགས་གནང་། རྒྱམ་ཁོ་སྐུ་ཕྲེང་གཉིས་པ་མཁས་གྲུབ་རྒྱ་མཚོ་ཁྲིར་བཞུགས། དེའི་ཡང་སྤྲུལ་དགེ་ཡག་ནས་འཁྲུངས་པ་ཁྲིར་བཞུགས། དེའི་ཡང་སྤྲུལ་བཞག་ལྡོམ་་ནས་འཁྲུངས་པ་ཁྲིར་བཞུགས། བར་ཞིང་ལྷ་རམས་པའི་ཡང་སྤྲུལ་ཆུ་ནག་ནས་འཁྲུངས་པ་གྲུབ་པའི་དབང་ཕྱུག་གསོ་དཔྱད་དང་འབྱུང་འགྱུར་རྗེན་པར་གཟིགས་པ། རྨི་ལམ་ལ་ཤར་ཚུལ་གསུང་ཡང་། དོན་ལ་མཁའ་འགྲོའི་བརྡ་ཡིན་ཞེས་ཀུན་མཁྱེན་སྐུ་ཕྲེང་བཞི་བས་གསུངས། མདུན་ངོས་ཀྱི་ཚེམས་ལ་མི་ལ་རས་པ་ཐབས་ཤེས་ཟུང་འབྲེལ་མཚོན། དེའི་སྤྲུལ་སྐུ་རང་དགོན་དུ་བཞུགས། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཁོང་རྡོ་རྗེ་འཆང་བསམ་གཏན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་ལ་སྦྱངས། དགོན་འདིའི་ལྕགས་མཁར་གྱི་ཁྲིར་ཕེབས། ༡༩༥༦ལོར་ཁང་དམར་དགོན་ནས་ཞི་བར་གཤེགས།
ཀུན་མཁྱེན་སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་༡༩༤༨ལོར་མཚོ་སྔོན་རྐང་ཚ་རྫོང་དུ་འཁྲུངས། ཁོང་གིས་དགོན་སྡེ་འདི་བདག་སྐྱོང་གནང་བཞིན་པའི་སྐབས་སོ། །
དགོན་སྡེ་འདིར་སྒོ་མང་རྒྱ་ནག་པ་ཚང་དང་། ཧ་མཐའ། བདེ་ཚང་། གླིང་། སྔོ་ཐེར། བར་ཞིང་། ཁེ་ཚང་། རྒྱམ་ཁོ། གཞི་ཚང་སྟེ་དགུ་ལ་སྒར་ཁག་དང་སྐྱེ་རྒྱུད་ཡོད།
དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་དཀོན་མཆོག་བསྟན་འཛིན་དམུ་དགེ་ནོར་བར་༡༨༩༩ལོར་འཁྲུངས། སྡེ་འདིར་ཞུགས་ཏེ་དགེ་རྒན་མང་དུ་བསྟེན་ནས་གཞུང་ལུགས་ལ་སྦྱངས། དབུས་གཙང་དུ་ཕེབས་ཏེ་ཐོས་བསམ་རྒྱ་ཆེར་བྱས་པས་ལྷ་རམས་པའི་མཚན་རྟགས་བྱུང་། ༧ཁང་སར་རྡོ་རྗེ་འཆང་དང་། ༧རྨོག་ཅོག་རྡོ་རྗེ་འཆང་། ཕ་བོང་ཁ་བ། སྟག་བྲག་རིན་པོ་ཆེ་སོགས་དང་། འདི་ནས་རྗེ་བཙུན་སྐལ་བཟང་དཔལ་འབྱོར་བཟང་བོའི་ཞལ་སྔ་ནས་ལ་སོགས་པའི་མདུན་ནས་དབང་དང་བཀའ་ཆོས་མང་བོ་གསན།༡༩༧༤•༧•༡༣ལ་འདས།
༧ རྡོ་རྗེ་འཆང་རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་སོག་པོ་རུའི་གྲོང་སྨད་ཚང་ལ༡༩༡༤•༡༡•༡༡ལ་འཁྲུངས། བདེ་ཚང་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་ཉི་མའི་མདུན་ནས་རབ་ཏུ་བྱུང་། འདིར་གྲྭ་སར་བཞུགས་ཏེ་རྡོ་རམས་པ་དཀོན་མཆོག་དགེ་འདུན་ཚང་སོགས་མང་བོ་བསྟེན་ཏེ་ཀློག་འདོན་དང་ཆོ་ག་ཕྱག་ལེན་དང་མཚན་ཉིད་ལ་བསླབ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཐོས་བསམ་གནང་སྟེ་འཛིན་གྲྭའི་སྐྱོར་དཔོན་དང་ཕར་ཕྱིན་དམ་བཅའ་བཞུགས། ༧འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་དང་། ༧རྗེ་བཙུན་སྐལ་བཟང་དཔལ་འབྱོར་བཟང་བོ། ༧རྗེ་བློ་བཟང་ཆོས་ལྡན་དཔལ་བཟང་བོ་སོགས་ཀྱི་མདུན་ནས་དབང་བཀའ་ཆོས་མང་བོ་གསན། སྙན་ངག་སྒྲ་སྡེབ་སྦྱོར། རྩིས་དཀར་ནག ཡིག་དཀར་ནག་འབྲུ་ཚ་ལན་ཝར་ཐིག་རྩ་སོགས་མདོ་སྔགས་རིག་གནས་དང་བཅས་པ་མཐར་ཕྱིན་པར་བསླབ། ཀུན་མཁྱེན་རིན་པོ་ཆེས་༡༩༥༢ལོར་ལྷ་རམས་པ་དང་ཁོང་རྣམ་གཉིས་དགོན་པ་སྤྱིའི་དགེ་རྒན་དུ་བཞག་སྟེ་འཆད་ཉན་དམར། དུས་འཁོར་ངག་དབང་བཀྲ་ཤིས་དང་། བསོད་གྲགས་སྤྲུལ་སྐུ་སྐལ་བཟང་བསོད་ནམས་རྒྱ་མཚོ། རིག་གྲྭ་སྤྲུལ་སྐུ་སྐལ་བཟང་བསྟན་པ་རབ་རྒྱས། སྟག་ལུང་མཁན་སྤྲུལ་པ་ཏ། སྟག་ལུང་ཤིང་ཟ་སྐལ་བཟང་རྣམས་རིམ་པར་ཁྲིར་བཞུགས། རྡོ་རམས་པ་དཀོན་མཆོག་དགེ་འདུན་ཚང་སོགས་དགེ་བཤེས་མང་།
༡༩༥༨•༡༢•༨ལ་གྲོལ་དགོས་བྱུང་། དེ་ནས་རིམ་གྱིས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གྲྭ་ཤག་ཡོད་དོ་ཅོག་བཤིག་སྟེ་རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་ཆེན་པོ་བྱུང་ངོ་། །སྲིད་ཇུས་གསར་བའི་འོད་སྟོང་རྒྱས་ནས།༡༩༨༡ལོའི་ཟླ༥ཚེས་༡༣ནས་ཉིན་གསུམ་ཙམ་ལ་སྦྲ་གུར་ཕུབ་སྟེ་འཚོགས་ཀྱང་ལས་བྱེད་འགས་ད་གྲོལ་དགོས་ཞེས་བཤད། ཟླ་༦ཚེས༡༥ནས་གཟིམ་ཁང་སྒོར་སྦྲ་ཕུབ་སྟེ་གྲྭ་བ་ཉེར་གཉིས་དབྱར་ལ་བཞུགས། སྤྱིར་གྲྭ་གྲངས་བཞི་བཅུ་ཙམ་ཚོགས། ༨-༣ལ་སྟོན་ཆོས་དབྱེན་ཟླུམ་མཆོད་རྟེན་ནང་དུ་འཚོགས། དེ་ནས་གྲྭ་ཚོགས་ཇེ་རྒྱས་བྱུང་། ༡༩༨༢ལོའི་སྨོན་ལམ་གྱི་ཁྲི་ཚབ་གཞི་ཚང་སྤྲུལ་བའི་སྐུ་སྐལ་བཟང་བསྟན་པ་ཡར་འཕེལ༼༡༩༡༦—༡༩༩༥༽གྱིས་གནང་། འདིའི་སྐུ་ཐོག་དང་བོ་གཞི་དགེ་བཤེས་ཆེན་མོ་ཡིན། རྗེ་རྒྱམ་ཁོ་བློ་བཟང་དགེ་ལེགས་ཚང་གི་དངོས་སློབ་ཡིན། རི་ཁྲོད་མཚོ་ལྟེམ་འདེབས་པ་བོ་གཞི་དགེ་བཤེས་ཡིན།
སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་༡༩༨༢ལོའི་ཟླ་༧ཚེས་༧་ལ་ཞིང་ཆེན་རིམ་པའི་གནའ་རྫས་རིག་གནས་བདག་སྐྱོང་ལས་ཁུངས་ཡིན་པའི་རྡོ་ཡིག་འདི་གནང་། ༡༩༨༣དང་། ༡༩༨༤་ལོ་དག་ལ་ཁྲི་ཚབ་ཁ་ཀྱ་སྤྲུལ་སྐུ་སྐལ་བཟང་ཕྲིན་ལས་ཀྱི་གནང་། དེ་རྗེས་རྒྱུན་དུ་ཁྲི་ཚབ་དགེ་བཤེས་འཇམ་དབྱངས་ཉི་མ་ཚང་གིས་གནང་། དགེ་བཤེས་འོད་ཟེར་ཚང་དང་། དགེ་བཤེས་ཆོས་དར། འཇམ་དབྱངས་ཉི་མ་སོགས་ཀྱིས་རྒྱུན་དུ་དཔེ་ཁྲིད་གནང་། བྱིངས་འདྲེན་ལས་ཐོག་པ་སྐལ་བཟང་གྲགས་པ། རྡོ་རམས་པ་སྐལ་བཟང་འོད་ཟེར་ཚང་།༼༡༩༢༥—༡༩༩༩•༢•༣༽གིས་ལྕགས་མཁར་གྱི་ཐིག་རྡུལ་མཚོན་བཅའ་བཤམས་སོགས་ཁྲིད། མགོན་ཁང་ཀླུ་སྤོང་ཚང་གིས་བཞེངས།
༡༩༨༥•༤•༡༥ལ ༧ རྡོ་རྗེ་འཆང་བསམ་གཏན་རྒྱ་མཚོ་དཔལ་བཟང་བོ་ཕེབས། དབང་བཀའ་ཆོས་མང་བོ་གནང་། ༡༩༥༨ལོར་རང་སྐྱོང་ཁུལ་དང་ཞིང་ཆེན་གྱིས་དགོན་པ་བདུན་གཏོར་མི་ཆོག་པ་ཡིག་ཚགས་ཅུས་སུ་ཡོད་པས། ༡༩༨༧ལོར་རྒྱལ་ཁབ་ཀྱིས་སྒོར་ཁྲི་༤༠བྱིན། དེའི་སྟེང་གྲྭ་ཚང་གིས་ཐབས་བཀོད་བྱས་ཏེ་འདུ་ཁང་གསར་བ་བཞེངས། བདུད་འདུལ་མཆོད་རྟེན། ལྷ་ཁང་གོང་མ། ཇོའི་ཁང་། ཆོས་རྒྱལ་ལྷ་ཁང་། གྱོ་ཐོག་མ་རྣམས་གྲུབ།
༡༩༨༨ལོའི་ཟླ༡༡ཚེས་༡༨ལ་ཕེབས་ཏེ་འདུ་ཁང་ལ་བཀོད་ཁྱབ་དང་དཔེ་ཁྲིད་དབང་ལུང་མན་ངག་དང་བཅས་པ་གནང་། ༡༩༩༠ལོར་ཨ་ཁུ་སྐལ་བཟང་ཚུལ་ཁྲིམས་ཁྲི་བར་བསྐོས། དབྱེན་ཟླུམ་མཆོད་རྟེན་དང་དེའི་མཐའི་མཆོད་རྟེན་སོ་གཉིས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་།
༡༩༩༣ལོར་ཨ་ཁུ་སྐལ་བཟང་ཆོས་དར་༼༡༩༢༤-—༢༠༡༡༽ཚང་ཁྲི་བར་བསྐོས། ཟླ་༣ཚེས༧ལ་ཕྲན་མངགས་ཏེ་བྱིངས་འདྲེན་འོད་ཟེར་དང་དམ་ཆོས་ལ་གཏོར་སྒྲུབ་མཁས་གྲུབ་རིན་པོ་ཆེའི་གསུང་ལྟར་དང་། ལྕགས་མཁར་ཨ་ལགས་རིན་པོ་ཆེའི་གསུང་བཀའ་རྒྱ་མ་ལྟར་དང་། དབྱངས་སྔོན་གྱི་ཤིང་དཔར་ལྟར་ཡིན་གསུངས་པ་གཉིས་ཀར་ཞུས། ༡༥ཟར་ཁྱོད་ཀྱིས་གཏོར་སྒྲུབ་ལྕགས་མཁར་གྱི་དོན་བཤད་ཡག་བྱས་ཡོད་དམ་གསུངས། ཡོད་ལགས་ཞུས། དེ་མ་ཐག་འཕོ་བ་གནང་སྟེ་དུས་ཚོད་༧•༢༥སྟེང་དགོངས་པ་རྫོགས་སོ། །
གུང་ཐང་བསྟན་པའི་དབང་ཕྱུག་ཚང༼༡༩༢༦—༢༠༠༠༽འདིར་ཕེབས་ཏེ་དབང་རྗེས་གནང་ཕྱག་དབང་སོགས་གནང་། རྡོ་རམས་པ་འཇམ་དབྱངས་ཉི་མ་ཚང་དང་། ཕྲན། ཧ་མཐའ་ཚང་། ཡང་འཇམ་དབྱངས་ཉི་མ་ཚང་། ཨ་ཁུ་ཀླུ་སྒྲུབ་ཚང་རྣམས་རིམ་པར་ཁྲིར་བཞུགས།
རྒྱལ་ཡོངས་གལ་ཆེའི་གནའ་རྫས་རིག་གནས་བདག་སྐྱོང་ལས་ཁུངས། རྔ་བར་དམར་དམག་རྒྱང་བསྐྱོད་རྗེས་ཤུལ། དམུ་དགེའི་གྲོས་ཚོགས་འཚོགས་ས། ཀྲུང་ཧྭ་མི་མི་དམངས་སྤྱི་མཐུན་རྒྱལ་ཁབ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ༢༠༠༦•༥•༢༥འི་ཉིན་སྤྱི་བསྒྲགས། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས། རྡོ་ཡིག མགོན་ཁང་། ཇོའི་ཁང་། ཀུན་དགའ་ར་བ་རྣམས་གསར་བཞེངས་དང་། གནས་ཆུང་ཞིག་གསོས་གྲུབ་པོ། །
ད་ལྟ་སྐལ་བཟང་དཔལ་འབྱོར་བཟང་བོ་ཚང་ཁྲིར་བཞུགས་བཞིན་པའི་སྐབས་སོ།། །།
ཞེས་བྱུང་བ་འདི་ནི་དགོན་པའི་དོ་དམ་ཁང་གིས་བསྐུལ་བ་ལྟར་༢༠༡༥་༣ཚེས༦ལ་གོ་ཆས་བྲིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
བརྒྱུད་འགོད།
