དམུ་དགེ་དགོན་བཀྲ་ཤིས་འཁོར་ལོའི་དགོན་ཆེན་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-08-20 16:00:27     རྩོམ་པ་པོ།   ཆོས་་མཆོག་རྒྱ་མཚོ།    ཀློག་ཐེངས།  
              
       དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ཆེན་ནམ་ཡང་ན་དམུ་དགེ་བསམ་འགྲུབ་གླིང་ནི་བོད་མདོ་ཁམས་ཤར་རྒྱུད་དུ་གཏོགས་ཤིང་། ད་ལྟའི་ཟུང་ཆུ་རྫོང་དམུ་དགེ་གྲོང་རྡལ་དུ་ཡོད། དགོན་པ་འདི་ལོ་རྒྱུས་ཡུན་རིང་ལྡན་པའི་རི་བོ་དགེ་ལྡན་པའི་གྲུབ་མཐའ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་དང་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པའི་དགོན་སྡེ་གྲགས་ཅན་ཞིག་དང་།   རྒྱ་བོད་ཀྱི་མཚམས་ན་གཟེར་དུ་གདབས་པའི་རྡོ་རིང་ལྟ་བུའི་དགེ་ལུགས་པའི་གྲུབ་མཐའི་སྲོལ་འཛིན་པའི་དགོན་སྡེ་གལ་ཆེན་ཞིག་ཡིན། འདི་ཉིད་ཐོག་མར་ཕྱག་འདེབས་པ་བོ་ནི་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ།  རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་ལ་ཟླ་ཐམས་ཅད་དང་བྲལ་བ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་དངོས་ཀྱི་སློབ་མ་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་ཕྱོགས་མཐར་སྤེལ་བའི་ངེས་དོན་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ།  དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་དཔལ་བཟང་བོ་ཉིད་ཡིན་ལ།  བཏབ་པའི་དུས་ཚོད་ནི་དུས་རབས་བཅུ་བཞི་བའི་དུས་མཇུག་ཏེ་སྤྱི་ལོ་༡༣༩༧ཙམ་ཡིན།  དགོན་པ་འདི་ཉིད་ཀྱིས་ལོ་ངོ་བརྒྱ་ཕྲག་མང་བོར་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱིས་འཕྲིན་ལས་བསྐྱངས་ཤིང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གྲངས་ལས་འདས་པ་གསོ་སྐྱོང་མཛད་དེ། སངས་རྒྱས་ཀྱི་བསྟན་པ་དང་།  བོད་ཀྱི་རིག་གནས།  སློབ་གསོའི་བྱ་གཞག་སོགས་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། 
        འཆད་ཉན་གྱི་ཡིག་ཆ་སྒོ་མང་ཡིག་ཆ་དང་། སློབ་གཉེར་གྱི་འབྲས་རྟགས་སུ་གྲྭ་ས་ལྟར་རབ་འབྱམས་པ་དང་རྡོ་རམས་པའི་དམ་བཅའ་འཇོག་སྲོལ་ཡོད།  ཁྱབ་ཁོངས་ནི་དམུ་དགེ་ཚོ་བ་བཅོ་བརྒྱད་དང་། ཤར་བ་ལེ་ཚེ་བཅོ་བརྒྱད། ཁྲོ་ཆུ་ནགས་རི་ཁག་གསུམ། ཟངས་དཀར་སྟོད་སྨད་བར་གསུམ། ཨ་མཆོག བྱམས་ཐང་ཁྲོ་ཁོ། ཁ་ནག་དབལ་ཤུལ། རྔ་བ་ཚུན་ཆད་བཅས་ཡིན།  
        ནང་རྟེན་གྱི་གཙོ་བོ་ནི་སྒོ་མང་རྒྱ་ནག་པ་སྐུ་འཕྲེང་དང་བོས་དབུས་ཀྱི་དཔལ་ལྡན་འབྲས་དཀར་སྤུངས་པ་ནས་གདན་དྲངས་པའི་ཐུབ་པ་ཚུལ་ཁྲིམས་མ།  འབྲས་སྤུངས་འཚོགས་དུང་སོགས་མཐའ་ཡས་པ་དང་།  དམུ་དགེ་དགོན་གྱི་མགོན་པོ་ཞེས་ཡོངས་སུ་གྲགས་པའི་བྱིན་རླབས་ཀྱི་གཟི་བྱིན་རབ་ཏུ་འབར་བ་འདི་ཉིད་ཀྱི་ལོ་རྒྱུས་ནི་མདོ་སྨད་ཆོས་འབྱུང་ལས།  རྗེ་ངག་དབང་གྲགས་པའི་ཐུགས་དམ་གྱི་རྟེན་བསིལ་བའི་ཚལ་གྱི་རྡོ་ལ་རང་བྱོན་ཚེ་བདག་མགོན་པོ་ཐུགས་ཀར་བཞུགས་པའི་སྐུ་བརྙན་བཞེང་ཞེས་གསུངས་པ་ལྟར་དང་།   སྔོན་གྱི་ལོ་རྒྱུས་ནི་བཟོ་བོ་བཞི་ཡོད།  དང་བོ་མགོན་པོའི་སྐུ་བརྙན་བཞེངས།  དེ་ནས་གནོད་སྦྱིན་བཞིའི་སྐུ་སྨད་བཞེངས།  དེ་ནས་ལྷ་བཟོ་བཞི་གནོད་སྦྱིན་བཞི་ལ་ཐིམ་པས་སྐུ་སྟོད་རྣམས་བཞེངས་མ་དགོས་པར་གྲུབ་ཅེས་པ་ནི།  ལས་བྱེད་གནོད་སྦྱིན་ཡིས་བཟོ་བོ་མཛད།  ཅེས་གསུངས་སོ། །  ལུག་ཟླའི་བཅོ་ལྔར་རབ་གནས་མཛད།  །ཅེས་པ་ཡང་རྗེ་ཙོང་ཁ་བ་ཆེན་པོའི་རབ་གནས་མཛད་པས་བྱིན་རླབས་ཀྱི་རྟགས་མཚན་དང་བཅས་ཕྱོགས་བཞིར་ཐོག་བཞི་འཕངས་པ་སྟེ་འདིར་མཐའ་དམག་གི་འཇིག་པ་མི་འབྱུང་བའི་རྟེན་འབྲེལ་ཡིན་གསུངས།  མགོན་པོའི་སྐུ་བརྙན་དེས་ཕྱགས་མཚན་བརྗེ་བ་དང་སྐུའི་མཐོང་སྣང་མི་འདྲ་བ་དང་།  ཚེ་བདག་གི་མགོན་པོ་ཡིན་པས་དགོན་སྡེ་འདིར་གྲྭ་རྒན་མང་བ་དང་།  ས་གཞན་ནས་མགོན་པོར་སྐྱབས་མཁན་མང་ཞེས་གྲགས་སོ།།
       དགོན་འདི་ནས་སྔ་ཕྱིར་བྱོན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བྱུང་བ་ནི། ཤར་རྩེ་ཆོས་རྗེ་ཟུང་ཆུ་ངག་དབང་བཀྲ་ཤིས། སྒོ་མང་མཁན་པོ་ཟུང་ཆུ་བློ་བཟང་དགེ་ལེགས། རྟ་ཚག་ཡོངས་འཛིན་ཟུང་ཆུ་ལྷ་རམས་པ་དགེ་འདུན་རྒྱ་མཚོ། དམུ་དགེ་ཐུབ་བསྟན་ཚང་། ཉེ་རབས་ཀྱི་མ་ཧཱ་པཎྜི་ཏ་ཆེན་པོ་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་བོ་དང་། བདག་དགེ་བློ་བཟང་བཀྲ་ཤིས། བཀའ་འགྱུར་བ་རས་ཆུང་ཤེས་རབ་རྒྱ་མཚོ། དབང་ལུང་མན་ངག་གི་གཏེར་མཛོད་རྗེ་འཇམ་དབྱངས་ཉི་མ་ཚང་སོགས་བརྗོད་ལས་འདས།  
        བྲག་ར་དགོན་དང་། ཀླུ་བཟོ་དགོན། སྟག་ཚ་དགོན། ཚ་ཁོ་ཁང་དམར་དགོན།  ཨ་མཆོག་མཚན་ཉིད་དགོན། སྟག་ཚང་ལྷ་མོའི་དགོན། ཁ་ཤུལ་དགོན། རྔ་བ་སྒོ་མང་དགོན། ཨ་འདུས་དགོན། གྲོ་ཚང་དགོན།  རྒྱལ་རོང་ཚོ་བདུན་དགོན་དང་ས་སྟོད་དགོན་སོགས་སུ་བསྟན་པ་རྒྱ་ཆེར་སྤེལ་ཅིང་མང་ཆེ་བར་དགོན་འདི་ནས་མཁན་པོ་ཕེབས་སྲོལ་ཡོད། 
       ཡུལ་འདིའི་མཛེས་ལྗོངས་ནི་ལྷུན་ཆགས་ཤིང་ཡིད་དུ་འོང་བ་ཞིག་སྟེ། རྒྱབ་རི་ལྷུན་པོའི་རྩེ་མདུན་བླ་མ་དང་རྒྱལ་བོ་གདན་ལ་བཞུག་པ།  རིན་ཆེན་གདུགས་ཀྱི་མཚན་མས་མཛེས་པ།   མདུན་ན་གསེར་ལྡན་ཉ་མོ་ཁ་སྤྲོད།  བཞུགས་གནས་བཅུད་ལྡན་གསེར་གྱི་བུམ་པ།  ས་དཔྱད་ལེགས་པས་པད་མ་ཁ་ཕྱེས་པ་ལྟ་བུ།  འཁོར་ལོའི་དགོན་ཞེས་འཁོར་ལོའི་སྒང་དང་།  བཀྲ་ཤིས་རྟགས་བརྒྱད་གཡས་ནས་བརྩམས་པ་དང་།  རྒྱལ་སྲིད་སྣ་བདུན་གཡོན་ནས་བཀྱེ་བ། དྭངས་གཙང་གི་ཆུ་མོ་ལྷུང་ལྷུང་དུ་རྒྱུག་པ། ཡངས་པའི་རྩྭ་ཐང་དང་ཞིང་ཁའི་ལྗང་མདོག་དང་།  རི་ཆུ་ནགས་གསུམ་གྱིས་ལེགས་པར་བརྒྱན་ཡོད། དཔྱིད་དུས་སུ་རི་ཀླུང་ཀུན་ཏུ་མེ་ཏོག་སྣ་ཚོགས་བཞད་ཅིང་། དབྱར་དུས་སུ་སྔོ་ལྗང་གི་སྤང་ལྗོངས་དང་ནགས་ཚལ་སྟུག་པོས་རི་ཀླུང་ཡོངས་སུ་བཀླུབས་པ་དང་། སྟོན་དུས་སུ་གསེར་མདོག་གི་ལོ་མ་དང་རི་སྐྱེས་འབྲས་བུའི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་། དགུན་དུས་སུ་ཁ་བའི་གོས་དཀར་གསོལ་བའི་རི་རྩེ་ནི་དེ་བས་ཀྱང་བརྗིད་ཆགས་མཛེས་སྡུག་ལྡན། དགོན་པའི་འཛུགས་སྐྲུན་གྱི་བཀོད་པ་ནི་རི་ཆུའི་བཀོད་པ་དང་ལྷུན་གྱིས་འདྲེས་ཤིང་། གསེར་མདོག་གི་རྒྱ་ཕིབས་དང་དཀར་དམར་མདངས་གྱི་རྩིག་གྱང་། དབེན་ཞིང་འཇགས་པའི་ལྷ་ཁང་དང་གྲྭ་ཤག་རྣམས་རི་ལྡེབས་སུ་རིམ་པ་བཞིན་དུ་ཆགས་ཏེ། རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་དང་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་པས་མཛེས་པའི་མཐར་ཐུག་ནི་འདིའོ་སྙམ་པས་སྣང་བ་གཏེར། 
     དགོན་སྡེ་འདི་ཉིད་ལ་དར་རྒུད་ཀྱི་ལོ་རྒྱུས་མོད་ལ། དུས་རབས་ཀྱི་འཕོ་འགྱུར་ཁྲོད་ཉམས་ཆག་དང་བསྐྱར་བཞེངས་ཀྱི་བརྒྱུད་རིམ་མང་པོ་བརྒྱུད་མྱོང་ནའང་། དད་ལྡན་མང་ཚོགས་དང་གྲྭ་བཙུན་རྣམས་ཀྱི་ལྷག་བསམ་རྣམ་པར་དཀར་བའི་འབད་བརྩོན་ལ་བརྟེན་ནས་དགོན་པ་འདི་ཉིད་ཀྱི་གནའ་བོའི་རིག་གནས་ཀྱི་སྲོག་རྩ་ནམ་ཡང་ཆད་མ་མྱོང་བ་ནི། ལྷ་ཁང་དང་སྐུ་བརྙན་ལྡེབས་རིས།   གསུང་རབ་དང་རིག་རྫས་སོགས་རེ་རེ་ནི་ལོ་རྒྱུས་ཀྱི་དཔང་བོ་ཡིན་ལ། དེ་དག་ལ་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་གི་རིག་གནས་ཀྱི་ཉིང་བཅུད་དང་དད་པའི་སྟོབས་ཤུགས་སོགས་འདུས་ཡོད། དགོན་སྡེ་འདི་ཉིད་ཀྱིས་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ཕྲག་ཏུ་བཞེས་ཏེ། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས། རང་ཉིད་ཀྱི་རིག་གནས་རིན་ཐང་མངོན་པར་བྱས་ཏེ། མི་རིགས་རིག་གནས་དར་རྒྱས་ལ་སྟོབས་ཤུགས་གསར་བ་འབུལ་བཞིན་ཡོད།
       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

       གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 
བརྒྱུད་འགོད།