རྔ་ཡུལ་མཆོད་རྟེན་ལྕོག་ཐེག་ཆེན་བྱམས་པ་གླིང་ངོ་སྤྲོད་མདོར་བསྡུས།
མཆོད་རྟེན་ལྕོག་གམ་མཚན་གཞན་སྒང་བ་དགོན་ཐེག་ཆེན་བྱམས་པ་གླིང་ནི། བོད་ཆོལ་ཁ་གསུམ་དུ་ཕྱེས་པའི་མདོ་སྨད་རྟ་ཡི་ཆོལ་ཁ་རྔ་ཡུལ་གསེར་ལྡན་སྒེག་མོའི་ལྗོངས་ཞེས་བྱ་བ། དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་ཤར་ངོས་སུ་ཁྲིན་རྔ་གཞུང་ལམ་ཐོག་ལེའུ་བར་བདུན་བགྲོད་པའི་སར། ཀུ་ཀུ་ཕུག་དྲུག་མདོ་གཅིག་ཅེས་པའི་ཕུ་མདོར་དུང་དཀར་བོ་གཡས་སུ་འཁྱིལ་བ་ལྟ་བུའི་གནས་རི་དེར།
སྤྱི་ལོ་ 1412 པ་ཆུ་འབྲུག་ལོར། འཇམ་མགོན་བླ་མ་ཙོང་ཁ་བའི་ཐུགས་སྲས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ཞྭ་སེར་རིང་ལུགས་འཛིན་པའི་ཆོས་སྡེ་འདི་གསར་དུ་བཏབས་ནས་གནས་དེར་སྤོས། དེ་ནས་སྣང་ཞིག་སང་དང་། འཚམས་ཚ་སང་། དགྱོས་སང་། ཕྱུག་སང་། སྒང་བ་སང་སྐུ་ཕྲེང་རིམ་བྱོན་གྱིས་སྡེ་འདི་ལུགས་གཉིས་ཀྱིས་སྐྱོང་ཁུར་ཟབ་མོ་གནང་།
ད་ལྟ་སྒང་བ་རྒྱ་ནག་མཁན་པོ་མཆོག་གི་སྤྲུལ་སྐུ་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས། བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་འདུན་པ་བརྒྱ་ཕྲག་གཉིས་ལྷག་གིས་ཐོས་བསམ་སྒོམ་གསུམ་སོགས་བཤད་སྒྲུབ་ཀྱི་བྱ་བ་ལ་འབད་བཞིན་ལོ་གཅིག་གི་དུས་མཆོད་ལ། ཆོ་འཕྲུལ་སྨོན་ལམ་ཆེན་མོ། བདེ་གཤེགས་སོ་ལྔའི་ཕྱག་མཆོད་ཆེན་མོ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་འདུས། བདེ་མཆོག འཇིགས་བྱེད། ཀུན་རིག མི་འཁྲུགས་པ་བཅས་ཀྱི་སྒྲུབ་མཆོད། མཁའ་སྤྱོད་མ་དང་མ་ཎིའི་སྒྲུབ་མཆོད། དབྱར་གནས། དགུ་གཏོར། སྨྱུང་ཆེན། ཟླ་བ་རེ་རེའི་ཡར་ངོ་མར་ངོའི་གསོ་སྦྱོང་དང་། སྐབས་གང་ཡོད་ལ་འདོན་རྟ་དབྱངས། རོལ་མོ་འབུད་དཀྲོལ། ཐིག་རྡུལ་ཚོན། གཏོར་མ་བཅའ་བཀོད་སོགས་གཤར་སྦྱང་དང་། གཞན་ཆོ་ག་ཆོས་སྤྱོད། བསྐྱེད་རིམ། རྫོགས་རིམ། ལམ་སྔགས། བློ་སྦྱོང་། གཞི་གསུམ་ལག་ལེན། ཚད་མའི་རིགས་ལམ། ཐ་སྙད་རིག་གནས་སོགས་ཀྱི་འཆད་ཉན་བཞུགས། འཚོ་བ་ཡང་རང་ཁ་རང་གསོའི་ཐབས་ལམ་ལ་སྒྲུབ་བཞིན་ཡོད། སྐུ་གསུང་ཐུགས་རྟེན་མཆོད་རྫས་ཡོ་བྱད་སོགས་དད་ལྡན་དང་བ་འདྲེན་ཞིང་ཐར་བའི་ས་བོན་བསྐྲུན་པ་བགྲང་གིས་མི་ལང་བ་བཞུགས། སྡེ་འདིའི་བསྟན་པ་སྐྱེས་བུ་གསུམ་གྱི་སྲུང་མ་དང་འདོད་ཁམས་བདག་མོ་ལ་བཅོལ་ཡོད་དོ།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn