རྔ་ཡུལ་གནམ་ལྕགས་དགོན་གྱི་ལོ་རྒྱུས་མདོར་བསྡུས།
སངས་རྒྱས་ཀུན་ཀྱི་ངོ་བ་གཅིག་བསྡུས་པའི།།
གང་གི་བཤེས་གཉེན་དམ་པའི་ཞབས་དྲུང་དུ།།
དད་ཕྱེད་དད་པའི་སྒོ་གསུམ་གུས་བཏུད་ན།།
བློ་གྲོས་སྤོབས་པའི་སྣང་བ་སྩོལ་ཅིག་ཀྱེ།།
རྔ་ཡུལ་འཛིན་མའི་ལྟོ་བར་ལྷུན་ཆགས་པའི།།
རྔ་ཡུལ་གནམ་ལྕགས་དགོན་ཞེས་ཆོས་ཀྱི་སྡེ།།
གང་གི་བྱུང་བ་ངག་ལ་བརྒྱུས་འདོད་པའི།།
འདོད་པའི་མཚོ་མོའི་རྦ་རླབས་དགུང་དུ་འཕྱུར།།
ཞེས་ཚིགས་སུ་བཅད་པ་དགས་མདུན་བསུས་ཏེ་གང་གླེང་བར་བྱ་ནི་རྔ་ཡུལ་རྣམ་ལྕགས་དགོན་པའི་བྱུང་བ་མདོར་བསྡུས་སུ་བརྗོད་པ་ཡིན་ནོ།།
དང་བོ། ཚ་ཁོ་བས་དགོན་འདི་རྒྱ་ཁེ་ཚང་ལ་གཏད་པ།
གནམ་ལྕགས་དགོན་ནི་དེང་སྐབས་ཀྱི་དབང་དུ་བྱས་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་སོང་ནས་རྨེའུ་སྐོར་ཁོག་ཏུ་ཡར་དཀྱོགས་ན་བུ་ཁོག་ལུང་བར་སྤྱི་ལེ་ལྔ་སོང་བའི་ནང་ལ་ཆགས་ཡོད། དགོན་འདི་ཉིད་རྗེ་བློ་བཟང་གྲགས་པའི་དངོས་སློབ་ཚ་ཁོ་བ་ངག་དབང་གྲགས་པ་མདོ་སྨད་དུ་བྱོན་ནས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ནང་ཚུན་ཡིན་ལ། དགོན་འདི་ཆགས་ནས་ད་བར་དུ་དགོན་ས་ཐེངས་གསུམ་ལ་སྤོས་དགོས་བྱུང་། རྗེ་ཚ་ཁོ་ངག་དབང་གྲགས་པས་དང་ཐོག་དགོན་པ་འདི་ཉིད་སྒྱེད་གསུམ་ཁའམ་དབྱར་སྟོན་ཁར་བཏབ་སྟེ་རྟེན་སྐལ་དུ་མགོན་པོའི་ཞལ་ཐང་དང་ནཱ་རོ་བའི་ཁཊཱཾཀ བཀྲ་ཤིས་དོ་ཁ་མ་བཅས་གནང་ནས་དགོན་པ་འདི་ཉིད་འཛིན་སྐྱོང་གི་ལས་རྒྱ་ཁེ་ཚང་ལ་གཏད། དེ་ནས་བཟུང་རྒྱ་ཁེ་རམས་འབྱམས་པ་བློ་བཟང་བསྟན་འཛིན་སོགས་རྒྱ་ཁེ་གདུང་རྒྱུད་ཀྱིས་དགོན་ཉིད་སྐྱོང་ཁུར་གནང་། དུས་སྐབས་དེར་དགོན་པའི་བླ་གྲྭ་ཚང་མས་སྒྲུབ་པ་མཉམ་ལེན་གཙོ་བོར་གནང་བས་དད་ལྡན་མང་ཚོགས་ཀྱི་སྣང་ངོར་རི་ཁྲིད་ཅིག་ལས་མ་སྣང་བའི་ཟོལ་ཞིག་འདུག
གཉིས་པ། དགོན་རྙིང་དུ་གནས་སྤོས་བ།
དབྱར་སྟོན་ཁ་ནས་དགོན་པ་ལྟག་ཀའི་ལུང་བར་སྤོས་མཁན་ནི་སྤངས་རྟོགས་ཡོན་ཏན་ཀུན་གྱི་མངའ་བདག་རྗེ་རྒྱ་ཁེ་བླ་མ་བློ་བཟང་ཤེས་རབ་རྒྱལ་མཚན་ཁོང་ཡིན་འདུག ཉིན་ཞིག་ཁོང་གི་ཆུ་གཏོར་བསྔོ་སྐབས་ཕོ་རོག་ཅིག་གིས་གཏོར་སྡེར་ཁྱེར་ནས་འཕུར་བས། ཁོང་གིས་ཉེ་གནས་ལ་གང་དུ་འཁྱེར་ལྟོས་གསུངས་ནས་ཉེ་གནས་མངགས་པ་ན། ཉེ་གནས་ཀྱིས་དགོན་པའི་ལྟག་རྒྱབ་ཀྱི་ཉིན་ཁུག་དེར་བཞག་ཅེས་བླ་མར་ཞུས། ཁོང་གིས་དེས་ན་དགོན་ས་གནས་དེར་སྤོར་དགོས་པའི་རྟགས་ཡིན་ཞེས་ཐུགས་རབ་ཏུ་དགྱེས་ནས་རྒྱུ་སྐར་འཕྲོད་སྦྱོར་ལེགས་པ་དང་བསྟུན་ནས་ས་འདུལ་དང་ཆོ་ག་སྒྲུབ་ཚེ་གནམ་ས་འབྱེད་དཀའ་བའི་དྲག་ཆར་དང་གནམ་ལྕགས་ཐོག་གི་འཇིགས་པ་ལན་མང་དུ་བྱུང་ཡང་གནོད་པའི་སྐྱོན་ཕྲ་མོ་ཙམ་མ་ཐེབས་པས་བླ་མའི་ཐུགས་དགྱེས་བཞིན། ཁོ་བའི་དགོན་པ་འདིར་གནམ་ལྕགས་ཐོག་གི་འཇིགས་པ་ཅི་ཙམ་བྱུང་གནོད་པའི་སྐྱོན་ཕྲ་མོ་ཙམ་ཡང་མ་བྱུང་བས། དགོན་འདི་ནས་དྲག་སྒྲུབ་ཀྱི་ལས་སྦྱར་ན་གནམ་ལྕགས་ཐོགས་ལས་རྩལ་འབར་བ་ཞིག་ཏུ་འགྱུར་ངེས་གསུངས་པས། དགོན་འདི་ཉིད་ཀྱི་མིང་ལ་གནམ་ལྕགས་དགོན་ཞེས་ཐོགས་པར་གྲགས། ས་སློག་སྐབས་ས་འོག་ནས་སྦལ་བ་མཐོ་བདུན་ལོངས་པ་ཞིག་བུད་པར་ཉེ་གནས་ལ་ངལ་མ་གསོ་བར་ཆུ་མདོ་དཀར་མོའི་ནང་དུ་སྐྱོལ་གསུངས་ནས་བསྐྱལ་དུ་བཅུགས། ཉེ་གནས་ཀྱིས་ལམ་དུ་ངལ་གསོ་བྱས་ཚེ་སྦལ་བ་སླེ་བོ་ལས་མཆོང་ནས་གར་སོང་ཆ་མེད་དུ་གྱུར་བས་ཉེ་གནས་ཀྱིས་བླ་མ་ལ་གནས་ཚུལ་ཇི་བཞིན་ཡར་ཞུ་བྱས། བླ་མས་དགོན་ས་འདི་ཉིད་ཀུན་རིག་རྣམ་པར་སྣང་མཛད་ཀྱི་གདན་ས་དངོས་ཡིན་ཡང་རྗེས་སུ་ཡང་བསྐྱར་གཅིག་སྤོར་དགོས་རྒྱུར་གསུངས་ཤིང་། གནས་དེར་འདུ་ཁང་སོགས་ལེགས་པར་བཞེངས་ནས་ཉེ་གནས་ལ་ཁྱེད་རང་ངལ་གསོ་སར་ཀླུ་དབང་རྒྱལ་བོའི་ཚ་ཁང་ཞིག་བཞེངས་དགོས་གསུངས་ནས་བཞེངས། སྐབས་དེར་མགོ་ལོག་སོགས་ཀྱི་ཇག་རྐུན་གྱིས་དགོན་པར་འཚེ་བའི་ལས་མང་དུ་བྱས་པས་དགོན་མགོ་རེབ་གོང་ཤར་སྐལ་ལྡན་རྒྱ་མཚོར་གཏད་པས་རྐུན་ཇག་གི་ལས་ལ་ཕན་པའི་བཀའ་ཤོག་སོགས་བསྩལ།
གསུམ་པ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཞབས་ལ་གཏུགས་པ།
སྤྱི་ལོ་༡༧༩༠ལོའི་ཧོར་ཟླ་བརྒྱད་པའི་ཉེར་གཅིག་ཉིན་རྔ་ཡུལ་གནམ་ལྕགས་དགོན་གྱི་མཁན་གདན་ཟུར་དང་། ང་ཞེས་སྐྲ་དཀར་མ། ཆུ་ཁ་ངག་བསྟན། འགོ་བ་ལྷ་ཚེ་སོགས་ཀྱིས་༧མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་རྔ་བར་ཕེབས་སྐབས་སུ་དགོན་འདིར་གདན་དྲངས་ཤིང་། ཁོང་གིས་ཁ་ཤུལ་རུ་རུ་ཐང་ནས་དད་ལྡན་སེར་སྐྱ་ཡོངས་ལ་ལྷ་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་གདུགས་དཀར་སོགས་ཀྱི་དབང་དང་ཉེར་མཁོའི་ལུང་རྒྱུན་སོགས་གང་ལ་གང་མཁོར་གནང་སྟེ། སླར་ཡང་དགོན་འདིར་ཞག་བདུན་དུ་བཞུགས་ལ། དགོན་འདིའི་ས་ལ་གཟིགས་ཞིབ་གནང་། ལྷག་པར་དུ་དགོན་འདི་ཉིད་རྒྱ་མཁར་ཐང་༼དེང་སང་དགོན་པ་ཆགས་ཡོད་ས་དེ་ཡིན། ༽དུ་"རྡོ་རྗེ་འཛིན་པ་ལྔ་བརྒྱའི་ས་ཡོད་"ཅེས་ལུང་བསྟན་གྱི་ཚུལ་དུ་གསུངས་འདུག རྗེས་སུ་ཀུན་མཁྱེན་ཐར་འདོད་རྒྱ་མཚོས་ཀྱང་མཐའ་ཡས་རྒྱ་མཚོའི་༼མཐའ་ཡས་རྒྱ་མཚོའི་རྣམ་ཐར་སོགས་ད་དུང་གསལ་བོར་ཞིག་མཐོང་མ་ཐུབ་མོད། འཚོལ་ཞིབ་བྱེད་བཞིན་ཡོད༽གདན་ས་དངོས་ཏེ་མི་རབས་བདུན་ལ་ཤུལ་སྟོང་དུ་མ་སོང་བ་ཞིག་ཡིན་ཞེས་གསུངས།
དེའི་རྗེས་སུ་ཀུན་མཁྱེན་ཆེན་པོ་བསྟན་པའི་རྒྱལ་མཚན་ཚང་ཆེད་ཕེབས་གནང་སྟེ། རྨེའུ་སྐོར་གྱི་ཡུལ་ལྷར་ལབ་ཙེ་གཉན་བཀོད་པ་དང་། དེང་སང་གི་དགོན་ས་འདིར་ཕེབས་ནས་གཟིགས་སྐབས་སུ་ཁོང་གི་བཅིབས་རྟ་ཉལ་བས་"འདུ་ཁང་འདིར༼དེང་སྐབས་ཆོས་ར་གསར་བ་བཞེངས་ཡོད་ས་དེ་ཡིན་༽་བཞེངས་ན་ལེགས་གསུངས་ཏེ་རྡོ་དཀར་པོ་ཞིག་རྟགས་སུ་བཞག་ནས་བཀྲ་ཤིས་པའི་ལྟས་ཕུན་སུམ་ཚོགས་པར་གསུངས།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn