རྒྱལ་བསྟན་དར་རྒྱས་གླིང་གི་གནས་བཤད།

ཡུལ་སྐོར་བ་ལྷན་རྒྱས་སྐུ་ཁམས་བཟང་། རྒྱལ་བསྟན་དར་རྒྱས་གླིང་དུ་ཕེབས་པར་དགའ་བསུ་ཞུ།
རྒྱལ་བསྟན་དར་རྒྱས་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན། དགོན་པ་འདི་ཉིད་1703ལོར་གོང་མ་ཁང་ཞི་མཆོག་ནུབ་ཕྱོགས་སུ་སྐོར་གཟིགས་ལ་ཕེབས་སྐབས་ཕྱག་འདེབས་མཛད་དེ། ད་ལྟའི་བར་དུ་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ཡོད། མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགོན་པ་རྩ་ཆེན་གྲས་སུ་བདམས་ཤིང་། ཧྲའན་ཞི་ཞིང་ཆེན་ནང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁོ་ན་དེ་ཡིན། དགོན་པའི་ནང་དུ་རྟེན་གཙོ་རིན་ཆེན་སྣ་བརྒྱད་དང་། ཐེམ་ཡིག་ཆེན་པོ་དྲུག ངོ་མཚར་བའི་ལྗོན་ཤིང་དྲུག་སོགས་ཡོད། གཤམ་ནས་ང་ཚོ་མཉམ་དུ་མ་ཧཱ་ཙི་ནའི་ཡུལ་གྱི་གངས་ལྷ་མེ་ཏོག་ཏུ་འབོད་པའི་རྒྱལ་བསྟན་དར་རྒྱས་གླིང་དུ་གཟིགས་སྐོར་ལ་བསྐྱོད་པར་བྱ།
དགོན་པའི་མདུན་སྒོའི་ཐང་ཆེན་དུ་ཨ་སྔོན་དབྱིངས་ལ་ཟུག་པའི་དར་ཤིང་ཆ་གཅིག་བསླངས་པ་དེར་རྒྱལ་མཚན་ཞེས་འབོད། དེ་ཉིད་སྒོ་ཆེན་གྱི་མདུན་སར་བསླངས་པ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཚོན་བྱེད་ཡིན་ཞིང་། དེར་གདོན་བགེགས་བར་ཆད་སེལ་བའི་ནུས་པ་ཡོད།
སྒོ་ཆེན་གྱི་གཞོགས་གཉིས་སུ་བརྗིད་ཉམས་ལྡན་པའི་གཡང་ཊི་དཀར་པོའི་མཆོད་རྟེན་ཆ་བརྒྱད་ཡོད་པར་བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་གསོལ་ཞིང་། དེའང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཡིན། བདེ་གཤེགས་མཆོད་རྟེན་བརྒྱད་ནི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་ཆེན་བརྒྱད་ཀྱི་དྲན་རྟེན་དུ་བཞེངས་པ་ཡིན། མཆོད་རྟེན་རེ་རེའི་བཟོ་དབྱིབས་དང་མཚོན་དོན་མི་འདྲ་སྟེ། མཆོད་རྟེན་དང་པོ་པད་སྤུངས་མཆོད་རྟེན་ནི་སྟོན་པ་སྐུ་འཁྲུངས་རྗེས་ཞབས་ཀྱིས་གོམ་པ་བདུན་སྤོས་པའི་ཞབས་རྗེས་རེ་རེའི་ཤུལ་དུ་མེ་ཏོག་པདྨ་བཞད་པར་རྗེས་སུ་དྲན་ཕྱིར་དང་། གཉིས་པ་བྱང་ཆུབ་མཆོད་རྟེན་ནི་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པར་རྗེས་སུ་དྲན་པ། གསུམ་པ་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བར་རྗེས་སུ་དྲན་པ། བཞི་པ་ཆོ་འཕྲུལ་མཆོད་རྟེན་ནི་སྟོན་པས་མུ་སྟེགས་ཕྱི་རོལ་པ་རྣམས་བཏུལ་བའི་ངོ་མཚར་བའི་མཛད་པར་རྗེས་སུ་དྲན་པ། ལྔ་པ་ལྷ་བབས་མཆོད་རྟེན་ནི་སྟོན་པ་སངས་རྒྱས་ལྷ་ཡུལ་ནས་སླར་མི་ཡུལ་དུ་ཕེབས་པར་རྗེས་སུ་དྲན་པ། དྲུག་པ་དབྱེན་ཟླུམ་མཆོད་རྟེན་ནི་སྟོན་པས་དགེ་འདུན་པའི་དབྱེན་འདུམས་པར་རྗེས་སུ་དྲན་པ། བདུན་པ་རྣམ་རྒྱལ་མཆོད་རྟེན་ནི་སྟོན་པས་མ་རུང་བདུད་སྡེ་ཐམས་ཅད་བཏུལ་བར་རྗེས་སུ་དྲན་པ། བརྒྱད་པ་མྱང་འདས་མཆོད་རྟེན་ནི་སྟོན་པ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པར་རྗེས་སུ་དྲན་པའི་ཆེད་བཅས་སོ། །མཆོད་རྟེན་ལ་སྐོར་བ་བྱས་ན་བསམ་གྱིས་མི་ཁྱབ་པའི་ཕན་ཡོན་བཅུ་བགྲང་དུ་ཡོད་ལ། སྐོར་བ་བྱེད་སྐབས་གཡས་སྐོར་རྒྱག་དགོས།
དགོན་པའི་མདུན་སྒོའི་ཡང་སྟེང་དུ་བཞུགས་པའི་རི་དྭགས་ཆོས་འཁོར་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་མཚོན་བྱེད་ཡིན། སྒོར་མོའི་དབྱིབས་ཀྱི་ཆོས་འཁོར་དེས་ནང་པའི་གཞུང་གི་ཆོས་དཀོན་མཆོག་མཚོན་པར་མ་ཟད་དམ་ཆོས་ཡང་དག་ཉམས་པ་མེད་པར་གནས་པ་མཚོན་ལ། ཆོས་གཞུང་དུ་“ཆོས་ཀྱི་འཁོར་ལོ་བར་མེད་དུ་འཁོར་”ཞེས་པའང་དེའི་དོན་ཡོད། རི་དྭགས་ཆོས་འཁོར་འདི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཆེས་ཐོག་མར་ཡུལ་ཝ་ར་ནཱ་སའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པོར་ཆོས་གསུང་སྐབས་རི་དྭགས་ཤྭ་བ་མང་པོ་དེ་གར་ཆོས་གསན་དུ་འོངས་པར་རྗེས་སུ་དྲན་ཕྱིར་ཡིན་ལ། སྐབས་དེ་ནས་བཟུང་སངས་རྒྱས་ཆོས་དགེ་འདུན་བཅས་དཀོན་མཆོག་གསུམ་ཡོངས་སུ་ཚང་བས་དམ་ཆོས་འཕེལ་རིམ་གྱི་ལོ་རྒྱུས་ཐོག་ཆོས་ཁྲིད་ཐེངས་འདིར་“ཆོས་འཁོར་རིམ་པ་དང་པོ་བསྐོར་བ་”ཞེས་བརྗོད།
དགོན་པའི་མདུན་སྒོའི་ཡང་སྟེང་དུ་བཀལ་བའི་“རྒྱལ་བསྟན་དར་ཞིང་རྒྱས་པ་”ཞེས་པའི་ཐེམ་ཡིག་འདི་ནི་ཁང་ཞི་ཁྲི་ལོ་ཞེ་བཞི་པ་སྟེ། སྤྱི་ལོ་1705ལོར་གོང་མ་ཁང་ཞིས་སྐུ་དངོས་ནས་ཕྱག་བྲིས་མཛད་པ་ཞིག་རེད།
མདུན་གྱི་འགོག་གྱང་འདི་དགོན་པ་ཐོག་མར་བཞེངས་དུས་ནས་ཡོད་ཅིང་། ད་ལྟའི་བར་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ཡོད། འགོག་གྱང་ལ་རྒྱ་སྒོ་སྒྲིབ་ཡོལ་གྱི་ནུས་པ་ལྡན་ཞིང་། དགོན་པར་ཕེབས་མཁན་རྣམས་དགོན་པའི་ནང་ཐད་ཀར་འཛུལ་མི་ཐུབ་པར་སྒྲིབ་ཡོལ་གྱི་གཞོགས་གཉིས་ནས་ཡོང་དགོས་ལ། འདི་ནི་གོང་མ་ཚང་གི་དགོན་པ་ཡིན་པའི་རྟགས་མཚན་རེད། ང་ཚོས་མདུན་ཕྱོགས་སུ་མཐོང་བའི་རི་མོ་འདི་ལ་སོག་པོ་སྟག་ཁྲིད་ཟེར་ཞིང་། འདི་ནི་དགེ་ལུགས་པའི་དགོན་པའི་ནང་དུས་རྒྱུན་པར་མཐོང་དུ་ཡོད་པའི་བགེགས་རིགས་སྐྲོད་བྱེད་ཀྱི་ལྡེབས་རིས་ཤིག་ཡིན། དེ་ལས་སོག་པོའི་གཟུགས་བརྙན་གྱིས་སྤྱན་རས་གཟིགས་དང་། སྟག་གི་གཟུགས་བརྙན་གྱིས་འཇམ་པའི་དབྱངས། ལྕགས་ཐག་གིས་ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་མགོན་པོ་མཚོན། ལྡེབས་རིས་འདིའི་སྟེང་དུ་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་སོགས་ཡིག་རིགས་དུ་མ་བཀོལ་ཡོད་པས། འདིས་ཀྱང་རྒྱལ་བསྟན་དར་རྒྱས་གླིང་ནི་མི་རིགས་མང་པོ་མཉམ་འདྲེས་བྱེད་སའི་མཐུན་སྒྲིལ་གྱི་ཆོས་གྲྭ་ཞིག་ཡིན་པ་མཚོན།
གནས་བརྟན་བཅོ་བརྒྱད་ཀྱི་འབུར་རིས་བརྐོས་མའི་འགོག་གྱང་འདིར་མཚོན་ན། སྟེང་དུ་མི་སྣའི་བརྐོས་རིས་སྟར་ལ་སྒྲིག་པ་དང་། དཀྱིལ་དུ་སྟོན་པའི་སྐུ་བརྙན་སྐྱིལ་ཀྲུང་དུ་བཞུགས་པ། ཕྱོགས་གཉིས་སུ་གནས་བརྟན་བཅོ་བརྒྱད་ཀྱི་སྐུ་བརྙན་བཞུགས་ཤིང་། དེ་དག་རྣམ་པ་ཐ་དད་ལ་གསོན་ཉམས་ལྡན་པ་ཞིག་རེད། འགོག་གྱང་གི་དཀྱིལ་དབུས་སུ་སྡེར་ལྔའི་འབྲུག་རིས་བཀོད་ཡོད་ལ། གནའ་དུས་སུ་གོང་མ་རྒྱལ་པོར་གནམ་གྱི་སྲས་ཞེས་གསོལ་ཞིང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་སྡེར་ལྔའི་འབྲུག་རིས་ནི་གོང་མ་ཁོ་ན་ལས་གཞན་སུས་ཀྱང་སྤྱད་མི་ཆོག་པའི་གཏན་འབེབས་ནན་མོ་བཟོས་པ་དེས་གོང་མ་ཆེན་པོའི་ཁ་རྗེ་དབང་ཐང་མཚོན། རི་མོ་འདི་ལས་རྒྱལ་བསྟན་དར་རྒྱས་གླིང་ནི་གོང་མ་ཚང་གི་དགོན་པ་ཡིན་པ་མཚོན་ཡོད།
རྡོ་རིང་ཁང་འདིར་གོང་མའི་བཀའ་ལྟར་བསླངས་པའི་རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་ཞིག་ཉར་ཡོད། 1703ལོར་གོང་མ་ཁང་ཞི་ནུབ་ཕྱོགས་སུ་སྐོར་གཟིགས་ལ་ཕེབས་སྐབས། ནུབ་བྱང་ས་ཁུལ་གྱི་མི་རིགས་མང་པོའི་མཐུན་སྒྲིལ་དང་བརྟན་ལྷིང་ལ་ཤུགས་སྣོན་པ་དང་། ཡང་དེ་གའི་ཕལ་ཆེ་བ་བོད་དང་སོག་པོ་ཡིན་པ། མི་རིགས་དེ་གཉིས་ཀྱི་མི་སེར་ཡོངས་བོད་བརྒྱུད་ནང་བསྟན་ལ་དད་པ་བཅས་ལ་དགོངས་ཏེ། གནའ་མཁར་ནང་རོལ་གྱི་ནུབ་བྱང་གི་ཟུར་ཞིག་ཏུ་རྒྱལ་བསྟན་དར་རྒྱས་གླིང་འདེབས་པར་ཆེད་མངག་བཀའ་བསྒོས་ནས་“ནུབ་བྱང་བདེ་ལ་འགོད་པར་”དགོངས་བཞེས་མཛད། དགོན་པ་དེ་ཉིད་གོང་མ་ཁང་ཞིས་ཆེད་མངག་བཀའ་དངུལ་གནང་ནས་ཕྱག་བཏབ་པ་དང་། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་དང་ཏཱ་ལའི་བླ་མ་པེ་ཅིན་དུ་གོང་མར་མཇལ་ཁ་ཞུ་བར་ཕེབས་ལམ་གྱི་བཞུགས་སྒར་ཡིན། རྡོ་རིང་འདི་ནི་གོང་མ་ཁང་ཞི་མཆོག་ཕྱིར་པེ་ཅིན་དུ་ཕེབས་རྗེས། གོང་མའི་གཞུང་སྐུལ་རྡོ་བཟོ་བ་མེ་ཡུས་ཧྥེང་ཞུ་བ་མངགས་མཛད་གནང་སྟེ། སྔ་ཕྱིར་ལོ་ཕྱེད་ཙམ་གྱི་དུས་ཚོད་སྤྱད་དེ་རྡོ་རིང་ཡི་གེ་དངོས་སུ་ལེགས་འགྲུབ་བྱུང་། རྡོ་རིང་ཐོག་གི་བཀོད་པ་དང་ཡིག་གཟུགས་ཚང་མ་གོང་མའི་ཕྱག་བྲིས་ལྟར་བརྐོས་ཤིང་། ད་ལྟ་ང་ཚོའི་མཐོང་ལམ་དུ་སྣང་བའི་རྡོ་རིང་ཡི་གེ་ནི་ཡིག་སྲོལ་བརྗིད་ཆེ་ཞིང་ཉམས་དང་ལྡན་པར་མ་ཟད། བབ་ཆགས་དང་མཛེས་སྡུག་གི་རང་བཞིན་མ་ཉམས་པར་གནས་པས་ཡིག་གཟུགས་ཀྱི་བརྩམས་ཆོས་ཡག་ཤོས་སུ་བགྲང་ཆོག རྡོ་རིང་ཡི་གེ་འདི་ལོ་ངོ་སུམ་བརྒྱ་ལྷག་ལ་ཉར་ཚགས་ཐུབ་པ་ནི་དངོས་གནས་ལས་སླ་བོ་ཞིག་མ་ཡིན་པས། དེ་ཉིད་རྒྱལ་ཁབ་ཀྱི་ནོར་བུ་ཡིན་པར་ངེས་ཤེས་རྙེད་དེ་ཕྱོགས་སོ་སོའི་མཁས་དབང་དུ་མ་གནས་འདིར་ཕེབས་ནས་རོལ་མྱོང་བྱེད་ཀྱི་འདུག དེ་སྔ་གོང་མ་ཁང་ཞིས་སྐུ་དངོས་སུ་ཕྱག་བྲིས་གནང་བའི་རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་ཡི་གེའི་མ་ཕྱི་ད་ལྟ་དགོན་པ་འདིར་ཉར་ཚགས་གང་ལེགས་བྱས་ཡོད། དེ་ནི་མིག་སྔར་དགོན་པའི་ནང་གི་རིག་དངོས་རྩ་ཆེ་ཤོས་དེ་ཡིན་པས། དགོན་པའི་རྟེན་གྱི་མཆོག་ཏུ་བགྲང་འོས། རྡོ་རིང་གི་ཐོད་འདི་ཕྱིས་སུ་འདྲ་བཟོས་བྱས་པ་ཞིག་ཡིན་ཞིང་། སྔར་གྱི་རྡོ་རིང་གི་ཐོད་ནི་ལྡིང་ཁང་ཕྱི་རོལ་དུ་བསླངས་ཡོད། ལོ་རྒྱུས་ཐོག་དེ་ལ་གཏོར་སྐྱོན་ཐེབས་ཤིང་། དུས་ཕྱིས་རྨང་གཞིའི་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་གསར་རྙེད་བྱུང་བ་རེད།
ཕྱོགས་གཉིས་ཀྱི་རྫིང་བུ་ནི་ཚེ་ཐར་གཏོང་ས་རེད། རྫིང་མཐའི་སྐྱོབ་རའི་སྟེང་བོད་བརྒྱུད་ནང་བསྟན་གྱི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སྟེ། གདུགས་དང་། གསེར་ཉ། བུམ་པ། པདྨ། དུང་དཀར།། དཔལ་བེའུ། རྒྱལ་མཚན། འཁོར་ལོ་བཅས་བརྐོས་ཡོད། ཚེ་ཐར་གཏོང་སའི་རྫིང་བུའི་གཡས་གཡོན་གཉིས་སུ་རྔ་ཁང་དང་ཅོང་ཁང་ཡོད་ལ། དེ་ནི་དད་ལྡན་རྣམས་ཀྱིས་ཞལ་འདེབས་ཕུལ་བར་བརྟེན་ཁང་པའི་བཟོ་བཀོད་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་སྲོལ་རྒྱུན་བཟོ་སྐྲུན་གྱི་རྣམ་པ་ལྟར་བཞེངས་ཤིང་། 2016ལོར་དངོས་སུ་གྲུབ་སྟེ་སྤྱོད་འགོ་ཚུགས། ཉིན་རེའི་ནངས་དགོང་གཉིས་ཀར་དགེ་འདུན་པས་འཁར་རྔ་དང་ཅོང་ཆེན་རྡུང་སྟེ་མང་ཚོགས་རྣམས་ལ་དུས་ཀྱི་གསལ་འདེབས་ཞུ་བཞིན་ཡོད།
རྒྱལ་བསྟན་དར་རྒྱས་གླིང་གི་འདུ་ཁང་ཆེ་ཤོས་ནི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལྷ་ཁང་ཡིན་ལ། ལྷ་ཁང་གི་སྒོའི་ཡང་སྟེང་དུ་བཀལ་བའི་རྒྱལ་བསྟན་དར་རྒྱས་གླིང་ཞེས་པའི་ཐེམ་ཡིག་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་སྔའི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ལགས་ཀྱིས་1986ལོར་དགོན་པ་འདིར་ཕེབས་དུས་བྲིས་གནང་བ་རེད། འདིར་མཆོད་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ནི་ཨུ་རུ་སུའི་བྱང་ཆུབ་ཤིང་བརྐོས་མའི་སྐུ་བརྙན་སྐུ་ལུས་ཡོངས་སུ་གསེར་ཆུ་བྱུག་པ་ཞིག་སྟེ། མཐོ་ཚད་ལ་སྨི་6.6དང་། ལྗིད་ཚད་ལ་ཧ་ལམ་ཏུན་2ཡོད་པས། མིག་སྔར་ཧྲའན་ཞི་ཞིང་ཆེན་གྱི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་མཐོ་ཤོས་དེ་ཡིན། སྤྱན་རས་གཟིགས་ཀྱི་སྤྱི་གཙུག་ཏུ་མགོན་པོ་འོད་དཔག་མེད་བཞུགས་ཤིང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་ཕྱག་དང་སྤྱན་དུ་མ་དང་ལྡན་པས་ཤེས་རབ་ཀྱིས་ཀུན་ནས་ཕྱུག་པ་དང་། འགྲོ་བའི་སྡུག་བསྔལ་ཀུན་ལས་ཕྱག་གིས་སྐྱོབ་ཅིང་སྲིད་པའི་ཡུལ་ཁམས་སུ་སྤྱན་གྱིས་གཟིགས་པས་ན། ཇི་སྐད་དུ། “གང་དུ་སྐྱབས་བཅོལ་དེ་རུ་བསྡོངས་གྲོགས་མཛད། །འཁོར་བའི་རྒྱ་མཚོ་བགྲོད་པའི་དེད་དཔོན་ཉིད། །”ཅེས་གསུངས་པ་བཞིན་ནོ། །
འདུ་ཁང་གཞོགས་གཉིས་ཀྱི་རྒྱལ་ཆེན་རིགས་བཞི་ནི་ག་པུར་ཤིང་བརྐོས་མའི་སྣང་བརྙན་ཅན་ཏེ། ཕྱི་ཚོན་ལ་གསེར་ཆུ་བྱུག་པ་དང་། དེ་ཡིས་ཆར་ཆུ་དུས་སུ་འབབ་པ་མཚོན།
ཤར་ཕྱོགས་སྐྱོང་བ་ཡུལ་འཁོར་སྲུང་ནི་བྱམས་སྙིང་རྗེའི་ཀུན་ནས་བསླངས་ཏེ་འགྲོ་ཀུན་མ་ལུས་སྐྱོང་ཞིང་རྒྱལ་ཁམས་བདེ་བར་སྲུང་བས་ན་མཚན་ཡང་དེ་ལྟར་ཐོགས། རི་རབ་ཀྱི་ཤར་དངུལ་གྱི་སར་བཞུགས་ཤིང་། སྐུ་མདོག་དཀར་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱག་ཏུ་པི་ཝང་འཛིན། འདི་ཉིད་རོལ་དབྱངས་ཀྱི་ལྷ་ཆེན་ཡིན་པས། རོལ་དབྱངས་སྣ་ཚོགས་ལ་བརྟེན་ནས་སེམས་ཅན་རྣམས་དམ་པའི་ཆོས་སྒོར་འགུག་པ་མཚོན་ལ། རྒྱལ་པོ་འདིས་ཤར་ལུས་འཕགས་གླིང་སྐྱོང་བཞིན་ཡོད།
ལྷོ་ཕྱོགས་སྐྱོང་བ་འཕགས་སྐྱེས་པོ་ནི་སེམས་ཅན་རྣམས་ལ་དགེ་རྩ་བསྐྱེད་པར་བྱེད་པ་དང་དམ་པའི་ཆོས་ལེགས་པར་སྐྱོང་བས་ན་མཚན་དེ་ལྟར་ཐོགས། རི་རབ་ཀྱི་ལྷོ་བཻཌཱུརྱའི་སར་བཞུགས་ཤིང་། སྐུ་མདོག་སྔོན་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱག་ཏུ་རལ་གྲི་འཛིན། དམ་པའི་ཆོས་སྲུང་ཞིང་གཞན་གྱི་འཚེ་བ་ཟློག་པར་བྱེད་ལ། རྒྱལ་པོ་འདིས་ལྷོ་འཛམ་བུ་གླིང་སྐྱོང་བཞིན་ཡོད།
ནུབ་ཕྱོགས་སྐྱོང་བ་སྤྱན་མི་བཟང་ནི་རྣམ་པར་དག་པའི་སྤྱན་གྱིས་འཇིག་རྟེན་མཐོང་བར་བྱེད་ཅིང་། སེམས་ཅན་རྣམས་སྲུང་བར་མཛད་པས་མཚན་དེ་ལྟར་ཐོགས། རི་རབ་ཀྱི་ནུབ་ཆུ་ཤེལ་གྱི་སར་བཞུགས། སྐུ་མདོག་དམར་པོ་དང་། སྐུ་ལ་ཁྲབ་གྱོན་ཕྱུག་ཏུ་སྦྲུལ་ཞགས་དང་མཆོད་རྟེན་འཛིན། དམ་པའི་ཆོས་ལ་བློ་ལོག་པ་སུ་གང་མཐོང་བའི་ཚེ་འཕྲལ་མར་བཟུང་སྟེ་ཆོས་སྒོར་ཞུགས་སུ་འཇུག་ཅིང་། རྒྱལ་པོ་འདིས་ནུབ་བ་གླང་སྤྱོད་སྐྱོང་བཞིན་ཡོད།
བྱང་ཕྱོགས་སྐྱོང་བ་རྣམ་ཐོས་སྲས་ནི་མང་དུ་ཐོས་ཤིང་མང་དུ་མཐོང་བ་དང་། བསོད་ནམས་ཀྱིས་ཕྱུག་པས་ཕྱོགས་མཐའ་ཀུན་ལ་སྙན་པའི་གྲགས་པ་ཆེ། རི་རབ་ཀྱི་བྱང་གསེར་ལས་གྲུབ་པའི་སར་བཞུགས། སྐུ་མདོག་ལྗང་ཁུ་དང་། སྐུ་ལ་ཁྲབ་གྱོན་ཕྱག་གཡས་པར་རྒྱལ་མཚན་དང་གཡོན་པར་ནེའུ་ལེ་འཛིན། འདི་ལ་བརྟེན་ནས་བདུད་སྡེ་འཇོམས་ཤིང་སེམས་ཅན་རྣམས་ཀྱི་འབྱོར་བའི་ལོངས་སྤྱོད་སྲུང་། ནོར་སྦྱིན་ཞེས་ཀྱང་འབོད་ལ། གནའ་བོའི་རྒྱ་གར་གྱི་ནོར་ལྷ་ཡིན། རྒྱལ་པོ་འདིས་བྱང་སྒྲ་མི་སྙན་སྐྱོང་བཞིན་ཡོད།
རྒྱལ་བསྟན་དར་རྒྱས་གླིང་གི་ཐང་ཀའང་དགོན་པ་འདིའི་རྟེན་གཙོ་བོའི་གྲས་ཡིན། ཐང་ཀ་ནི་བོད་བརྒྱུད་ནང་བསྟན་གྱི་རི་མོའི་སྒྱུ་རྩལ་རིགས་ཤིག་ཡིན་ལ། དེ་ནི་རང་བྱུང་རྡོ་ཚོན་བཀོལ་ནས་དར་གོས་དང་། རས། ཀོ་ལྤགས་སོགས་ཀྱི་སྟེང་དུ་བྲིས་པའི་རི་མོ་སྟེ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད། ད་ལྟ་མཐོང་བའི་ཐང་ག་འདི་ནི་མཛེས་བཟོ་རྨད་དུ་བྱུང་བའི་བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་ཐང་རེད་ལ། འདི་ཉིད་ལོ་ངོ་གཅིག་ལྷག་གི་དུས་ཚོད་སྤྱད་དེ་ཡོངས་སུ་གྲུབ། ཐང་ག་འདི་འབྲི་བཞེངས་སྐབས་སུ་བཀོལ་བའི་ཚོན་སྣ་དམར་པོ་ནི་མཚལ་ལམ་བྱུ་དམར་ཕྱེ་མར་རྡུང་བ་དང་། ཚོན་སྣ་དཀར་པོ་ནི་མུ་ཏིག་དཀར་པོ་ཕྱེ་མར་རྡུང་བ་དང་། ཚོན་སྣ་སེར་པོ་ནི་གསེར་བཙོ་མས་བྱས་པ་དང་། ཚོན་སྣ་ལྗང་ཁུ་ནི་གཡུ་ཕྱེ་མར་རྡུང་ནས་བཟོས་པ་ཡིན།
སྲིད་པའི་འཁོར་ལོ་ནི་ནང་པའི་སྐྱེ་བ་སྔ་ཕྱིའི་གཞུང་ལུགས་ཀྱི་གསལ་བྱེད་དཔེ་རིས་ཡིན། འཁོར་བའི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་འཁོར་བ་ནམ་ཡང་བར་མེད་དུ་འཁོར་ཞིང་། འཁོར་བར་ཐོག་མཐའ་མེད་པ་ཡིན། རིགས་དྲུག་སེམས་ཅན་ཡོངས་ཀྱིས་དམ་པའི་ཆོས་ཉམས་སུ་བླངས་པ་ལ་བརྟེན་ནས། མཐའ་མར་འཁོར་བ་དང་སྡུག་བསྔལ་ལས་ཡོངས་སུ་གྲོལ་ཏེ་སངས་རྒྱས་ཀྱི་སར་གོ་འཕང་བརྙེས་ཐུབ། སྲིད་པའི་འཁོར་ལོའི་ཆེས་ནང་རིམ་གྱི་བྱ་དང་། སྦྲུལ། ཕག་པ་གསུམ་གྱིས་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་དུག་གསུམ་མཚོན་པ་དང་། དཀྱིལ་འཁོར་རིམ་པ་གཉིས་པའི་ཆ་ཕྱེད་འཕར་བ་དང་ཆ་ཕྱེད་འགྲིབ་པས་ལས་དགེ་བ་དང་སྡིག་པ་མཚོན། དཀྱིལ་འཁོར་རིམ་པ་གསུམ་པའི་སྟེང་ཕྱོགས་ནི་བདེ་འགྲོ་གསུམ་སྟེ་ལྷ་དང་མི་དང་ལྷ་མ་ཡིན་དང་། འོག་ཕྱོགས་ནི་ངན་སོང་གསུམ་སྟེ་དམྱལ་བ་དང་། ཡི་དྭགས། དུད་འགྲོ་ཡིན།
མར་མེ་ཁང་དུ་མར་མེ་ཆེན་པོ་ཞིག་བཞུགས་པ་འདི་དགོན་པ་བཞེངས་དུས་ནས་ཡོད་ལ། ཉིན་མཚན་ཀུན་ཏུ་གཟིམ་པ་མེད་པས་མར་མེ་ཚེ་འབར་རམ་སྲིད་པའི་སྒྲོན་མེ་ཞེས་ཀྱང་འབོད། དེའི་ནང་དུ་ལྡུག་ཐེངས་གཅིག་ལ་མར་ཁུ་རྒྱ་མ་108བླུག་ཆོག ནང་པའི་ཆོས་གཞུང་དུ་མར་མེ་ཕུལ་ཚེ་སེམས་ཀྱི་མ་རིག་པ་དང་རྨོངས་པ་སེལ་ཏེ་ཤེས་རབ་འཕེལ་བར་གསུངས་པས། སྐྱེ་བོ་མང་པོས་མར་མེ་ཚེ་འབར་ལ་མར་ཁུ་ཁ་སྣོན་བྱེད་ཅིང་། དེ་ཡིས་ཤེས་རབ་འཕེལ་བར་བྱེད་པ་མཚོན། མར་མེ་ཚེ་འབར་དངོས་སུ་མཐོང་མཁན་ལ་མདུན་ལམ་འོད་སྟོང་འབར་ཞིང་བློ་གྲོས་ཀྱི་འདབ་ལག་རྒྱས་ཐུབ།
ལྷ་ཁང་ནུབ་མ་ནི་ཚེ་དཔག་མེད་ཀྱི་ལྷ་ཁང་ཡིན་ལ། སྒོའི་ཡང་སྟེང་དུ་ཁང་ཡིའུ་ཝེ་ཡིས་ཕྱག་བྲིས་མཛད་པའི་“རྔམ་བརྗིད་ཆོས་ཀྱི་ཞིང་ཁམས་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། ནང་དུ་ཚེ་ལྷ་རྣམ་གསུམ་བཞུགས་ཡོད། ལྷ་ཁང་འདི་ནི་མིན་གོའི་དུས་སྐབས་སུ་དམག་སྤྱི་དབྱང་ཧུའུ་ཁྲེང་གིས་ཧྲའན་ཞི་ཞིང་ཆེན་གྱི་ཀྲུའུ་ཞིའི་འགན་བཞེས་སྐབས་མ་དངུལ་བཏང་ནས་བཞེངས་པ་རེད། གྱང་ལྡེབས་ཀྱི་གྱོ་མོའི་ངོས་སུ་རྣམ་བཅུ་དབང་ལྡན་གྱི་རི་མོ་བརྐོས་ཤིང་། དེའི་དཀྱིལ་དབུས་སུ་དཔལ་དུས་ཀྱི་འཁོར་ལོའི་གཟུངས་སྔགས་སྙིང་པོ་ཡི་གེ་བདུན་མ་ཡོད། སྔགས་ཡིག་བདུན་མའི་སྟེང་ཉི་ཟླ་དང་པདྨ་བསྣན་ན་རྣམ་བཅུ་འཛོམས་པས་མཚན་ལའང་རྣམ་བཅུ་དབང་ལྡན་ཞེས་གསོལ། རི་མོ་འདིས་བར་ཆད་མེད་པ་དང་། བཀྲ་ཤིས་པ། སྲི་གནོན་པ་བཅས་མཚོན་ཞིང་། བོད་བརྒྱུད་ནང་བསྟན་གྱི་དཔེ་མཚོན་རང་བཞིན་ལྡན་པའི་རྟགས་མཚན་ཞིག་ཡིན།
སྒྲོལ་ལྗང་ལྷ་ཁང་མདུན་དུ་ལོ་ངོ་བརྒྱ་ཕྲག་འགོར་བའི་མཆིན་ཁའི་སྡོང་པོ་གཉིས་སྐྱེ་བ་འདིས་ཕུ་ནུ་འགྲིག་མཐུན་ཡོང་བ་དང་ཁྱིམ་ཚང་སྟོབས་འབྱོར་རྒྱས་པ་མཚོན།
སྒྲོལ་ལྗང་ལྷ་ཁང་ནི་རྒྱལ་བསྟན་དར་རྒྱས་གླིང་གི་རྟེན་གཙོའི་ལྷ་ཁང་ཡང་ཡིན་ལ། ལྷ་ཁང་ཡང་སྟེང་གི་“རྒྱལ་བསྟན་ནུབ་ཏུ་དར་བ་”ཞེས་པའི་ཐེམ་ཡིག་ནི་གོང་མ་ཁང་ཞིས་ཕྱག་བྲིས་མཛད་པ་དང་། དེས་སྐབས་དེར་གོང་མ་ཁང་ཞིས་ནུབ་བྱང་ས་ཁུལ་གྱི་མི་སེར་རྣམས་ལ་བྱམས་དང་སྙིང་རྗེའི་གཟིགས་སྐྱོང་མཛད་པ་མཚོན། ཐེམ་ཡིག་གི་མཐའ་སྐོར་གྱི་གཡུ་འབྲུག་དགུ་རིས་ནི་ཕོ་བྲང་ནང་གི་བཟོ་རིག་མཁས་པས་ཚག་དཀྲོལ་གྱི་བཟོ་རྩལ་ལ་བརྟེན་ནས་བརྐོས་ཤིང་ལེགས་པར་གྲུབ། འདི་ཉིད་ང་ཚོའི་དགོན་པར་ཉར་བའི་ཐེམ་ཡིག་རྙིང་ཤོས་དེ་ཡིན། ལྷ་ཁང་ནང་རོལ་དུ་བྱང་སེམས་ཀྱི་སྐུ་བརྙན་གསུམ་བཞུགས་པ་ལས། ནུབ་ཏུ་འཇམ་པའི་དབྱངས་དང་། ཤར་ཏུ་ཀུན་ཏུ་བཟང་པོ། དཀྱིལ་དུ་སྒྲོལ་མ་ལྗང་མོ་བཞུགས། སྒྲོལ་ལྗང་ནི་བོད་བརྒྱུད་ནང་བསྟན་ཆོས་གཞུང་གི་བྱང་ཆུབ་སེམས་དཔའི་རིགས་ཤིག་ཡིན་ལ། བོད་བརྒྱུད་ནང་བསྟན་ཆོས་གཞུང་དུ་སྒྲོལ་མ་21ཡོད་ཅིང་། སྒྲོལ་ལྗང་ནི་སྒྲོལ་མ་21ལས་ཐོག་མ་དེ་ཡིན་པར་མ་ཟད། སྡུག་བསྔལ་ཀུན་ལས་སྐྱོབ་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན། བོད་ཀྱི་ཡུལ་དུ་བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ཡུལ་ནས་ཁབ་ཏུ་བསུས་པའི་རྒྱ་བཟའ་ཀོང་ཇོ་སྒྲོལ་མ་ལྗང་མོའི་སྤྲུལ་བ་དང་། བལ་ཡུལ་ནས་ཁབ་ཏུ་བསུས་པའི་ཁྲི་བཙུན་ཀོང་ཇོ་སྒྲོལ་མ་དཀར་མོའི་སྤྲུལ་བར་བཤད། སྒྲོལ་དཀར་དང་སྒྲོལ་ལྗང་གཉིས་ཀ་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་ཆེན་མོའི་སྤྱན་ཆབ་རྡོག་གཉིས་ཀྱི་སྤྲུལ་བ་ལས་མངོན་པར་བྱུང་། རྒྱལ་བསྟན་དར་རྒྱས་གླིང་གི་སྒྲོལ་ལྗང་གི་སྐུ་བརྙན་འདིར་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པས། རྒྱལ་བསྟན་དར་རྒྱས་གླིང་གི་དགོན་པའི་ལོ་རྒྱུས་ལས་ལོ་ངོ་1000ལྷག་གི་རིང་བ་ཡིན། དེ་ནི་ཐང་རྒྱལ་རབས་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བློན་ཆེན་མགར་སྟོང་བཙན་རྒྱ་ཡུལ་དུ་གཉེན་སློང་བར་མངགས་སྐབས་བོད་ནས་བསྣམས་ཕེབས་ཏེ་ཐང་རྒྱལ་རབས་ཀྱི་རྒྱལ་པོར་དབུལ་བྱའི་ཕྱག་རྟགས་ཡིན། ཐང་ཐའེ་ཙུང་གིས་དེ་ཉིད་ཐང་རྒྱལ་ཁབ་ཀྱི་གོང་མ་ཚང་གི་དགོན་པ་ཁའེ་ཡོན་དགོན་དུ་མཆོད་པའི་རྟེན་དུ་བཀུར། རྒྱ་བཟའ་བོད་ལ་ཕེབས་དུས་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་གདན་དྲངས། ཕྱིས་སུ་ཐང་ཐའེ་ཙུང་ཁའེ་ཡོན་དགོན་དུ་མཆོད་མཇལ་ལ་ཕེབས་དུས། གཡང་ཊི་དཀར་པོའི་པདྨའི་གདན་དེ་སྟོང་པར་ལུས་པ་གཟིགས་སྐབས། ཁོང་གི་ཐུགས་ལ་པདྨའི་གདན་ལ་ལྷ་སྐུ་གང་ཞིག་སྤྱན་འདྲེན་ཞུས་ཏེ་མཆོད་ན་ལེགས་སྙམ་བཞིན་པའི་སྒང་ལ། སྒྲོལ་ལྗང་གི་དངོས་སུ་གསུང་འབྱོན་ནས་“གོང་མ་ལགས་སྐུ་བརྙན་གཞན་གསོལ་དགོས་ཀྱི་མི་འདུག ངེད་ཀྱིས་ཇོ་བོ་ཤཱཀྱ་མུ་ནེའི་ཚབ་བྱས་ནས་ཁྲང་ཨན་གྱི་མི་སེར་རྣམས་སྡུག་བསྔལ་ལས་སྒྲོལ་བར་བྱའོ། །”ཞེས་གསུངས། དུས་དེ་ནས་བཟུང་ཁྲང་ཨན་གྱི་སྒྲོལ་ལྗང་གི་མཚན་སྙན་ཡུལ་ཕྱོགས་ཀུན་ཏུ་ཁྱབ། གོང་མ་ཁང་ཞིས་བཀའ་ཕབ་སྟེ་རྒྱལ་བསྟན་དར་རྒྱས་གླིང་ཕྱག་འདེབས་སྐབས། སྒྲོལ་ལྗང་འདི་ཉིད་ཁའེ་ཡོན་དགོན་ནས་རྒྱལ་བསྟན་དར་རྒྱས་གླིང་དུ་གདན་དྲངས་ཤིང་། དུས་དེ་ནས་བཟུང་རྒྱལ་བསྟན་དར་རྒྱས་གླིང་ནི་རྒྱལ་ནང་གི་སྒྲོལ་མ་ལྗང་མོའི་ཞིང་ཁམས་གཙོ་བོར་གྱུར་ཡོད། བོད་བརྒྱུད་ནང་བསྟན་དར་བའི་ས་ཁུལ་དུ་རྒྱལ་བསྟན་དར་རྒྱས་གླིང་ལ་ཤེས་རྟོགས་ཡོད་མཁན་ཤིན་ཏུ་ཉུང་སྲིད་ནའང་། ཁྲང་ཨན་སྒྲོལ་ལྗང་ཞེས་གླེང་དུས་རྒན་གཞོན་ཀུན་གྱིས་ཤེས། དེའི་རྐྱེན་གྱིས་བོད་སོག་གི་དད་ལྡན་མང་པོས་ལམ་ཐག་རིང་བའི་དཀའ་ངལ་ལ་མ་འཛེམ་པར་གནས་འདིར་སྒྲོལ་ལྗང་ལ་མཇལ་ཁ་ཞུ་བར་ཡོང་གི་ཡོད།
མ་ཎི་འཁོར་ལོ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཆས་རིགས་ཤིག་ཡིན། དེའི་ནང་དུ་ཆོས་དཔེ་དང་གཟུངས་སྔགས་བླུགས་ཤིང་། ཕྱི་རོལ་དུ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ཨོྂ་མ་ཎི་པདྨེ་ཧཱུྂ་བརྐོས་ཡོད། མ་ཎི་འཁོར་ལོ་སྐོར་བ་ནི་གསོལ་བ་སྨོན་ལམ་འདེབས་སྟངས་ཀྱི་རྣམ་པ་ཞིག་སྟེ། གཡས་སྐོར་རྒྱག་པ་དེས་བསོད་ནམས་དང་བློ་གྲོས་འཕེལ་ཞིང་བཀྲ་ཤིས་པ་མཚོན།
ལོ་ངོ་བརྒྱ་ཕྲག་འགོར་བའི་བྱང་ཆུབ་ལྗོན་ཤིང་འདི་ནི་མིག་སྔར་ཧྲའན་ཞི་ཞིང་ཆེན་ནང་ཁོངས་ཀྱི་ལྗོན་ཤིང་ཆེ་ཤོས་དེ་ཡིན་ཞིང་། རྒྱ་གར་རྡོ་རྗེ་གདན་ནས་སྤྱན་འདྲེན་ཞུས་པ་རེད། རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པའི་འཚང་རྒྱ་བའི་གནས་ཡིན་པས། ནང་པའི་དད་ལྡན་རྣམས་ཀྱི་སེམས་ནང་གི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན།
རྒྱ་ལྷ་ཁང་དུ་མཆོད་པའི་སྐུ་བརྙན་ནི་ནང་པའི་སྲུང་མ་ཀོན་ཏི་ཡིན། དེའི་ཉེ་འགྲམ་གྱི་ཙན་དན་དམར་པོའི་བཤམས་སྒྲོམ་ནང་དུ་གོང་མ་ཁང་ཞིས་ཕྱག་བྲིས་གནང་བའི་《རྒྱལ་བསྟན་དར་རྒྱས་གླིང་གི་རྡོ་རིང་》གི་མ་ཕྱིའི་ཡི་གེ་ཉར་ཡོད་ཅིང་། མ་ཡིག་འདི་ནི་2016ལོར་དངུལ་ཁང་གི་ཉེན་འགོག་ལྕགས་སྒམ་ནས་སྤྱན་དྲངས་ཏེ་འདི་གར་འགྲེམ་སྟོན་བྱས་པ་ཡིན། གྱང་ལྡེབས་ཀྱི་བཤམས་སྒྲོམ་ནང་དུ་དགྲ་བཅོམ་པའི་སྐུ་བརྙན་ཕྱག་དམ་500བཞུགས་ཤིང་། དགྲ་བཅོམ་པ་རེ་རེའི་བརྐོས་རིས་ཀྱི་སྣང་བརྙན་གསོན་ཉམས་ལྡན་ཞིང་རྣམ་པ་ཕུན་སུམ་ཚོགས་ལ། མིག་སྔར་ང་ཚོས་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོར་སྙན་ཞུ་ཕུལ་ཡོད།
ལྗོན་ཤིང་འདིའི་ལོ་མ་ཤིན་ཏུ་ཁྱད་མཚར་བ་ཞིག་སྟེ་ཤུག་ལེབ་དང་ཤུག་ཚེར་རིགས་གཉིས་སྐྱེས་ཤིང་། དགོན་པའི་ཁྲི་པས་འདི་ལ་འཆམ་མཐུན་ལྗོན་ཤིང་ངམ་མཐུན་སྒྲིལ་ལྗོན་ཤིང་ཞེས་མཚན་གསོལ་ཡོད་ལ། དེས་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བླ་མ་རིན་པོ་ཆེས་ལྷན་རྒྱས་ཀྱི་འཚོ་བ་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་གསོལ་བ་སྨོན་ལམ་བཏབ་པ་མཚོན།
གཡང་ཊི་དཀར་པོའི་པདྨའི་གཞོང་པ་འདིའི་ནང་རོལ་དུ་ཡི་གེ་བརྐོས་ཤིང་། ཕྱི་རུ་བཀྲ་ཤིས་སྤྲིན་གྱི་བཀོད་པས་པདྨའི་མཐའ་ཡོངས་སུ་བརྒྱན་ཡོད། འདི་ནི་གོང་མ་ཆན་ལུང་གིས་རྒྱལ་བསྟན་དར་རྒྱས་གླིང་ལ་གནང་བའི་མར་མེ་ཆེན་པོ་ཞིག་ཡིན། དེའི་བོངས་ཚད་ཆེ་ཞིང་རྒྱུ་གཡང་ཊི་དཀར་པོས་བྱས། མིག་སྔར་འདི་ཉིད་རྒྱལ་ཁབ་རིམ་པའི་རིག་དངོས་གྲས་སུ་ཚུད་ཡོད།
རྒྱལ་བསྟན་དར་རྒྱས་གླིང་གི་སངས་རྒྱས་སྟོང་སྐུ་ལྷ་ཁང་ནི་ཧ་ཅང་བརྗིད་ཉམས་ལྡན་པའི་ལྷ་ཁང་ཆེན་པོ་ཞིག་ཡིན། མདུན་སྒོའི་ཡང་སྟེང་དུ་རྒྱལ་ཡུམ་ཚི་ཞིས་ཕྱག་བྲིས་མཛད་པའི་“དམ་ཆོས་མཛེས་རྒྱན་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། ཐེམ་ཡིག་འབྲུག་བརྒྱད་མ་འདིའི་སྟེང་ཕྱོགས་སུ་རྒྱལ་ཡུམ་ཚི་ཞིའི་ཕྱག་དམ་བཀོད་ཡོད། སྐབས་དེར་རྒྱལ་ཡུམ་ཚི་ཞིས་རྒྱལ་བསྟན་དར་རྒྱས་གླིང་ལ་རིན་པོ་ཆེ་སྣ་གསུམ་གནང་བའི་དང་པོ་ནི་ནན་ཤིང་གིས་བཟོས་པའི་གོང་མའི་གཟིམ་ཁྲི་ཞིག་དང་། གཉིས་པ་ནི་ཚི་ཞིའི་ཕྱག་བྲིས་མཛད་པའི་“དམ་ཆོས་མཛེས་རྒྱན་”ཞེས་པའི་ཐེམ་ཡིག་དང་། གསུམ་པ་ནི་ནན་ཤིང་གིས་བཟོས་པའི་འབྲུག་ཞུ་ཆ་གཅིག་ཡིན། དེ་དག་ལས་ནན་ཤིང་གིས་བཟོས་པའི་གོང་མའི་གཟིམ་ཁྲི་གར་སོང་ཆ་མེད་དུ་གྱུར་བ་དང་། ནན་ཤིང་གིས་བཟོས་པའི་འབྲུག་ཞུ་ཆ་དེ་དགོན་པའི་ནང་ཉར་ཚགས་གང་ལེགས་ཐུབ་ཡོད། ང་ཚོས་ད་དུང་ལྷ་ཁང་གི་ཀ་བ་དང་གདུང་མ་རྩེ་མོ་ཡོངས་སུ་བཟོ་བཀོད་ལྟ་ན་སྡུག་པའི་དཔེ་རིས་དང་སྐུ་བརྙན་བརྐོས་ཡོད་པ་མཐོང་ཐུབ། ལྷ་ཁང་འདིའི་རྟེན་གཙོ་བོ་ནི་རྗེ་ཙོང་ཁ་པ་དང་ཁོང་གི་སྲས་ཀྱི་ཐུ་བོ་རྣམ་གཉིས་ཡིན། ཁོང་རྣམས་ལ་རྗེ་ཡབ་སྲས་གསུམ་ཞེས་གསོལ་ཞིང་། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ནི་འབར་མའི་ཤིང་སྣ་རྩ་ཆེན་ཙན་དན་དམར་པོར་བརྐོས་ཡོད། རྗེ་ཙོང་ཁ་པ་ནི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་ཡིན་ཞིང་། ཁོང་ལ་རྒྱལ་བ་གཉིས་པ་ཞེས་པའི་མཚན་སྙན་གསོལ་ཡོད། རྒྱལ་བ་པཎ་ཆེན་རྣམ་གཉིས་ཁོང་གི་སྲས་ཀྱི་གཙོ་བོའི་གྲས་ཡིན། ནུབ་ཏུ་བཞུགས་པ་ནི་ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེ་དང་། ཤར་དུ་བཞུགས་པ་ནི་ཁོང་གི་སྲས་ཀྱི་ཐུ་བོ་མཁས་གྲུབ་རྗེ་སྟེ། འདི་བ་པཎ་ཆེན་སྐུ་ཕྲེང་དང་པོ་ཡིན། ལྷ་ཁང་འདི་ནི་དགོན་པའི་དགེ་འདུན་པ་ཡོངས་ཀྱི་ནངས་དགོང་གི་ཚོགས་རའང་ཡིན་ལ། མདུན་ཅོག་སྟེང་གི་ཆོས་དཔེ་དང་མཆོད་རྫས་རྣམས་དགེ་འདུན་པ་ཚོས་ཚོགས་འདོན་པའི་གནས་སྐབས་སུ་སྤྱོད་ཀྱིན་ཡོད། གྱང་ལྡེབས་ཀྱི་ཀུན་དགའ་ར་བའི་ནང་དུ་ཐའེ་ཝན་ནས་བཞེངས་པའི་གསེར་ཟངས་ཀྱི་བཟོ་རྩལ་ལས་བྱུང་བའི་རྗེ་ཙོང་ཁ་པའི་སྐུ་འདྲ་ཆིག་སྟོང་བཞུགས་པ་དེར་སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་དང་ལས་རིགས་སོ་སོའི་མི་དྲག་མང་པོས་མཇལ་ཁ་ཞུ་བཞིན་ཡོད།
2011ལོར་རྒྱལ་བསྟན་དར་རྒྱས་གླིང་དུ་དགོན་པ་འདིའི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་གི་སྣེ་ཁྲིད་འོག་རྒྱལ་བསྟན་དར་རྒྱས་བྱམས་བརྩེ་དགེ་སྒྲུབ་ཚོགས་པ་ཞེས་པ་བཙུགས་ཏེ། ཚང་མར་ཉིན་རེ་རེར་དགེ་བ་སྣ་གཅིག་གསོག་པ་དང་སྒོར་མོ་གཅིག་རེ་ཞལ་འདེབས་འབུལ་རྒྱུའི་སྐུལ་སློང་མཛད་ནས་ལོ་འཁོར་མོ་ཡུག་ལ་དགོན་པའི་མཐའ་འཁོར་གྱི་སྤྲང་པོ་རྣམས་ལ་འབྲས་ཐུག་དང་ཤ་མོག་སོགས་ཟས་གོས་སྦྱིན་པ་གཏོང་བཞིན་ཡོད། བྱམས་བརྩེ་དགེ་སྒྲུབ་ཚོགས་པས་ཟླ་བ་རེར་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་དང་རྟེན་ས་མེད་པའི་ཁེར་ལུས་རྒན་རྒོན་ལ་རོགས་རམ་དང་། སྨན་བསྟེན་རོགས་རམ། སློབ་སྐྱོར་རོགས་རམ་སོགས་སྤྱི་ཚོགས་དགེ་སྒྲུབ་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད་ལ། ད་ལྟ་ཚོགས་པར་ཚོགས་མི་སུམ་སྟོང་ལྷག་ཡོད།
གསེར་སྡོང་ཁང་ནི་བོད་བརྒྱུད་ནང་བསྟན་གྱི་ཚད་རིམ་མཐོ་ཤོས་ཀྱི་བཟོ་བཀོད་ཡིན་ལ། རྒྱལ་བསྟན་དར་རྒྱས་གླིང་གི་གསེར་སྡོང་ཁང་ནི་ཧྲའན་ཞི་ཞིང་ཆེན་གྱི་གསེར་སྡོང་ཁང་ཁོ་ན་དེ་ཡིན། དེའི་སྟེང་དུ་གསེར་འདབ་ཀྱིས་བརྒྱན་ཞིང་། ནུབ་ཏུ་ཏཱ་ལའི་བླ་མའི་གཟིམ་ཁང་དང་། ཤར་ཏུ་པཎ་ཆེན་རིན་པོ་ཆེའི་གཟིམ་ཁང་ཡོད། དཀྱིལ་དབུས་སུ་གོང་མ་ཆན་ལུང་གིས་ཕྱག་བྲིས་གནང་བའི་“ཆོས་ལྡན་ཞིང་ཁམས་”ཞེས་པའི་ཐེམ་ཡིག་བཀལ་ཞིང་། སྒོའི་ཡང་སྟེང་དུ་འདས་པའི་སངས་རྒྱས་མར་མེ་མཛད། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོ་བཅས་བྲིས་ཡོད། གཞོགས་གཉིས་སུ་ཉེ་བའི་སྲས་ཆེན་བརྒྱད་བཞུགས་ཤིང་། ཀ་བ་གདུང་མ་དང་རྩེ་མོ་ཡོངས་སུ་ཆིང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་གི་བཟོ་སྐྲུན་དུ་འགོད་པའི་ཚོན་རིས་ཀྱི་ཚད་རིམ་མཐོ་ཤོས་གསེར་གྱི་འབྲུག་རིས་བཀོད་ཡོད། གསེར་སྡོང་ཁང་གི་ཐང་ག་རྣམས་བོད་ཁུལ་གྱི་བླ་སྤྲུལ་ཆེ་དྲག་གདན་འདྲེན་ཞུས་ཏེ་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་ནས་དགོན་པ་འདིར་ཆེད་དུ་བཞེངས་པ་ཡིན།
དཀྱིལ་དབུས་སུ་བཞུགས་པ་ནི་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་ཡིན། མིག་སྔར་འཛམ་གླིང་ཐོག་འདི་ལྟ་བུའི་སྐུ་བརྙན་གཉིས་མ་གཏོགས་མེད་ལ། ཅིག་ཤོས་ལྷ་སའི་གཙུག་ལག་ཁང་དུ་བཞུགས། རྒྱལ་བསྟན་དར་རྒྱས་གླིང་གི་སྐུ་བརྙན་འདི་དང་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་གཉིས་སྐུའི་ཆེ་ཆུང་དང་ཆ་ཚད་གཅིག་པས། སྐུ་འདིར་མཇལ་བ་ན་སངས་རྒྱས་དངོས་སུ་མཇལ་བ་དང་བྱིན་རླབས་མཚུངས་པ་ཡིན། ཤེལ་སྒྲོམ་ནང་གི་གཡང་ཊི་དཀར་པོའི་པདྨའི་གདན་འདིར་ལོ་ངོ་2500ཉེ་བའི་ལོ་རྒྱུས་ཡོད་ཅིང་། སྔོན་གྱི་དུས་ན་ཇོ་བོ་ཤཱཀྱ་མུ་ནེ་པདྨའི་གདན་འདིར་བཞུགས་ཏེ་རྒྱ་གར་ནས་རྒྱ་ནག་ཏུ་གདན་དྲངས་པ་རེད། དེ་སྔ་ཁའེ་ཡོན་དགོན་དུ་བཞུགས་པ་དང་། ཕྱིས་སུ་དགོན་པ་འདི་གར་གདན་དྲངས། འདི་ནི་རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་རེད་ལ། བོད་པ་རྣམས་ཀྱིས་ཀོང་ཇོ་ནི་སྒྲོལ་ལྗང་གི་སྤྲུལ་བར་འདོད་ཅིང་། དགོན་པ་མང་པོའི་ནང་དུ་མཆོད་ཀྱིན་ཡོད། སྤྱི་ལོ་641ལོར། རྒྱ་བཟའ་ཀོང་ཇོ་དགུང་ལོ་16སྟེང་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་ཆེད་དུ་ས་ཐག་རིང་པོའི་བོད་ཡུལ་དུ་གཉེན་ལ་བརྫངས་པ་དང་། ཀོང་ཇོས་བོད་རིགས་སྤུན་ཟླ་རྣམས་ལ་སྔོན་ཐོན་གྱི་ལག་རྩལ་དང་དེ་བཞིན་ལས་རིགས་སོ་སོར་བྱང་ཆུབ་པའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པར་མ་ཟད། རང་ཉིད་ཀྱི་སྐུ་ཚེ་གང་བོ་རྒྱ་བོད་མཛའ་མཐུན་གྱི་ཞི་བདེ་ལས་དོན་ལ་བློས་བཏང་བ་དང་། ཚེ་གང་ཕྱིར་ཕ་ཡུལ་ཁྲང་ཨན་དུ་ཕེབས་མ་ཐུབ། ལོ་ངོ་1300ལྷག་འགོར་རྗེས། 2006ལོར་རྒྱལ་བསྟན་དར་རྒྱས་གླིང་གི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་གི་སྣེ་ཁྲིད་འོག་“སླར་ཡང་ཐང་བོད་གནའ་ལམ་དུ་བསྐྱོད་ནས་རྒྱ་བཟའ་ཀོང་ཇོ་ཕ་ཡུལ་དུ་གདན་འདྲེན་ཞུ་བའི་”བྱེད་སྒོ་རྒྱ་ཆེར་སྤེལ་ཞིང་། ཨ་རིའི་ཕྱི་སྡོད་རང་མི་སྐུ་ཞབས་ཆི་མིའོ་ཁྲུན་གྱིས་ཞལ་འདེབས་སྒོར་ཁྲི་260ཕུལ་ཏེ། ཇོ་བོ་ཤཱཀྱ་མུ་ནེའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་རྒྱ་གར་གྱི་ཙན་དན་སྨུག་པོར་བརྐོས་པ་དང་། རྒྱ་བཟའ་ཀོང་ཇོའི་སྐུ་བརྙན་ཨ་རིའི་སེའུ་ཤིང་ལ་བརྐོས་ཐོག དགོན་པས་དགེ་འདུན་པའི་སྡེ་དང་སྨྱན་བྱེད་ལས་ཁུངས་30ལྷག་བཅས་ཁྱོན་བསྡོམས་མི་སྣ་80ཡིས་གྲུབ་པའི་གདན་འདྲེན་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཐང་བོད་གནའ་ལམ་དུ་ཡང་བསྐྱར་བགྲོད། ལྷ་སར་བསླེབས་ནས་སྐུ་བརྙན་འདི་དང་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོའི་སྐུ་བརྙན་གཉིས་ཞལ་སྤྲོད་དུ་ཉིན་མཚན་བདུན་རིང་མཉམ་བཞུགས་གནང་བ་དང་། བོད་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་108གདན་དྲངས་ཏེ་རབ་གནས་རྒྱས་པར་མཛད། གདན་འདྲེན་རུ་ཁག་གི་དགེ་འདུན་པ་ཚོས་རབ་གནས་མཛད་པའི་སྐུ་བརྙན་འདི་གཉིས་སྐྱེལ་བཞིན་ལྷ་ས་ནས་དབུ་ཚུགས་ཏེ་རྒྱ་བཟའ་ཀོང་ཇོ་དེ་སྔ་བོད་དུ་ཕེབས་དུས་ཀྱི་གནའ་ལམ་སྟེ་ཐང་བོད་གནའ་ལམ་བརྒྱུད་ནས་ཕྱིར་ཞི་ཨན་དུ་འབྱོར། དེའི་དབར་གྱི་ལམ་ཐག་སྤྱི་ལེ་7000ལྷག་ཡོད་ལ། ལམ་བར་དུ་སྐུ་འབུམ་བྱམས་པ་གླིང་དང་། ཧྥ་མེན་དགོན་པར་ཆོས་ལུགས་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ། ཞི་ཨན་དུ་སླེབས་དུས་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྷོ་སྒོ་རུ་རྒྱ་བཟའ་ཀོང་ཇོའི་ལོག་ཕེབས་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་མཛད་ཅིང་རིག་རྩལ་སྤྲོ་ཚོགས་ཆུ་ཚོད་གསུམ་རིང་འཚོགས། ཉིན་20རིང་གི་དུས་ཚོད་བརྒྱུད་ནས་སྐུ་བརྙན་རྩ་ཆེན་འདི་གཉིས་རྒྱལ་བསྟན་དར་རྒྱས་གླིང་དུ་གདན་དྲངས། ཐེངས་འདིའི་བྱེད་སྒོས་ང་ཚོས་གནའ་མི་རྗེས་སུ་དྲན་པའི་བརྩེ་བ་མཚོན་པར་མ་ཟད། རྒྱ་བོད་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཤུགས་བསྣན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་རྒྱལ་བསྟན་དར་རྒྱས་གླིང་གིས་སྔར་མུས་བཞིན་ལོ་རྒྱུས་ཀྱི་འགན་འཁྲི་ལེགས་པར་སྐྱོང་བཞིན་མི་རིགས་མང་པོའི་མཐུན་སྒྲིལ་དང་མི་རིགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས།
ནུབ་ཕྱོགས་ཀྱི་སྐུ་གདུང་མཆོད་རྟེན་ནང་དུ་སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ་བཞུགས་ཡོད། འདི་ནི་2009ལོར་ཐེ་ལན་རྒྱལ་ཁབ་ཀྱི་གོང་མའི་ཁྱིམ་རྒྱུད་དུ་སྐྱེས་པའི་དགེ་བསྙེན་མ་ནན་ཐ་ནཱས་སྟོན་པ་སངས་རྒྱས་ཀྱི་རིང་བསྲེལ་རིལ་བུ་9སྦྱིན་པ་གནང་བ་དེ་ཡིན་ལ། ཝེ་ཀྲི་སྡེ་ཚོགས་ཀྱིས་སྒོར་ཁྲི་བརྒྱ་ཐམ་པ་ཞལ་འདེབས་སུ་ཕུལ་ཏེ་བོད་ལྗོངས་ནས་སྐུ་གདུང་མཆོད་རྟེན་རྣམ་པར་རྒྱལ་བ་འདི་ཉིད་བཞེངས།
བརྗིད་ཉམས་ལྡན་ཞིང་ཀྲོང་ངེར་འགྱིང་བའི་ལྷ་སྐུ་ཆེན་པོ་འདི་ནི་རྒྱལ་བ་བྱམས་པའི་སྐུ་བརྙན་རེད། མཐོ་ཚད་ལ་སྨི་9.9ཡོད་ལ། ག་པུར་ཤིང་ལ་བརྐོས་ཏེ་ལེགས་པར་གྲུབ་ཅིང་། སྐུ་ལུས་ཡོངས་སུ་གསེར་ཆུ་བྱུག་ཡོད། ཕྱག་གཡས་གཡོན་གཉིས་ཀྱིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་ཅིང་། ནང་པའི་ཆོས་གཞུང་ལྟར་ན་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་རྒྱལ་བ་བྱམས་པ་མི་ཡུལ་དུ་ཕེབས་ནས་འགྲོ་བའི་བསྟན་དོན་མཛད་དགོས་པས་ན་མ་འོངས་སངས་རྒྱས་ཞེས་གསོལ།
དཔེ་མཛོད་ཁང་གི་གཡས་གཡོན་གཉིས་སུ་ཡོད་པའི་དཔེ་སྒྲོམ་ལ་ཁ་ན་ཏའི་ཕྱི་སྡོད་རང་མི་ཞིག་གིས་མ་དངུལ་སྒོར་ཁྲི་200ལྷག་བཏོན་ནས་ཤིང་སྣ་མཆོག་གྱུར་ཙན་དན་དམར་པོས་བཟོས་ཤིང་། འགོག་རྡེག་ནི་ག་པུར་ཤིང་གིས་བྱས་ལ། ཤིང་སྲིན་འགོག་པའི་ནུས་པ་དང་ཆོས་དཔེ་ཉར་བར་ཤིན་ཏུ་ལེགས། དཔེ་སྒྲོམ་དུ་1710ལོར་དག་སྒྲིག་བྱས་པའི་མིང་རྒྱལ་རབས་ཀྱི་བཀའ་བསྟན་པར་མ་ཉར་ཚགས་མཛད་ཡོད་ཅིང་། ཁྱོན་བསྡོམས་པོ་ཏི་6600བཞུགས། འདི་ནི་མིག་སྔར་རྒྱལ་ནང་དུ་ཉར་ཚགས་བྱས་པའི་བཀའ་བསྟན་འཐུས་སྒོ་ཚང་ཤོས་དེ་ཡིན། བཀའ་བསྟན་གྱི་ཤོག་བུ་ནི་སྤུས་ཀ་ལེགས་ཤོས་ཡིན་པས་ད་ལྟའང་ཡིག་གཟུགས་གསལ་ལ་ཆ་ཚང་བ་དང་། དེ་ནི་གོང་མ་ཁང་ཞིས་རྒྱལ་བསྟན་དར་རྒྱས་གླིང་ལ་གནང་བ་སྟེ། གསུང་རབ་ཀྱི་སྟེང་དུ་གོང་མས་ཕྱག་བྲིས་མཛད་ཡོད།
ང་ཚོས་མཐོང་བའི་གཟེར་མིག་གི་རྣམ་པས་ཁེངས་པའི་ཤུག་སྡོང་འདི་གཉིས་ཀྱི་ཁྱད་ཆོས་གཙོ་བོ་ནི་སྡོང་རྐང་དང་ཡལ་གའི་སྟེང་དུ་སྒོར་མོའི་དབྱིབས་ཀྱི་གཟེར་མིག་གི་རྣམ་པ་གང་སར་ཡོད་པ་དེ་ཡིན། དེ་སྔ་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དཔུང་གིས་བཙན་འཛུལ་བྱེད་སྐབས། རྒྱལ་ཡུམ་ཚི་ཞི་ཞི་ཨན་ལ་བྲོས་བྱོལ་དུ་ཕེབས་ནས་དགོན་པ་འདིར་བཞུགས་དུས་སྐྲ་གཟེར་སྡོང་པོར་འཛེར་ཏེ་གྱོན་གོས་ཉི་མར་སྐམ་པས་གཟེར་ཁུང་འདི་དག་ཤུལ་དུ་ལུས་པ་རེད་ལ། ད་ལྟ་ང་ཚོས་ཀྱང་འདི་ལ་གོས་སྐམ་ཤུག་སྡོང་ཞེས་འབོད་ཀྱིན་ཡོད།
རྩིག་ངོས་ཀྱི་མཐུན་པ་སྤུན་བཞིའི་རི་མོ་ནི་ཀོན་ཀྲུང་ས་ཁུལ་གྱི་སྲོལ་རྒྱུན་གྱི་སོ་ཕག་བརྐོས་རིས་སྒྱུ་རྩལ་སྤྱད་དེ་བཟོས་ཤིང་། དེ་ལ་གནའ་ཉམས་ལྡན་ཞིང་བཀོད་པ་ཡིད་དུ་འོང་བ་ཞིག་རེད། ངག་རྒྱུན་དུ། ས་ཆ་ག་གེ་མོ་ཞིག་ཏུ་བྱ་ཞིག་གིས་ས་བོན་རྡོག་གཅིག་འཁྱེར་ཡོང་ནས་སར་གཡུག་པ་དང་། རི་བོང་ཞིག་གིས་དེ་ཉིད་མཐོང་ནས་ས་བྲུས་ཏེ་ས་བོན་དོང་དུ་སྦས། ཡུན་རིང་མ་འགོར་བར་ས་བོན་ལ་མྱུ་གུ་འབུས་པ་དང་། ནགས་གསེབ་ཏུ་རྩེད་འཇོར་རོལ་བའི་སྤྲེའུ་ཞིག་གིས་དེ་ཉིད་མཐོང་ནས་མྱུ་གུ་དེ་སྲུང་བའི་ཕྱིར་དུ་སྡོང་པོའི་ཡལ་གས་མཐའ་ནས་བསྐོར་བར་མ་ཟད། ཉེ་འཁོར་གྱི་རྩྭ་ལྡུམ་ཡོངས་སུ་བཀོག གླང་པོ་ཆེ་ཞིག་གིས་རྣམ་པ་དེ་མཐོང་རྗེས་ཉི་མ་རེ་རེར་སྣ་ཞགས་ཀྱིས་ཆུ་དྲངས་ཏེ་མྱུ་གུར་གཏོར། དེ་ལྟར་མྱུ་གུ་དེ་མཐུན་པ་སྤུན་བཞིའི་བདག་སྐྱོང་འོག་དགུང་སྔོན་གནམ་ལ་ཟུག་པའི་ལྗོན་ཤིང་ཆེན་པོ་ཞིག་ཏུ་གྱུར་བ་དང་། མཐའ་མར་དེ་ལས་འབྲས་བཟང་ལེགས་པར་སྨིན། དེ་ནས་མཐུན་པ་སྤུན་བཞིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཤིང་འབྲས་རྣམས་ནགས་ཚལ་ཁྲོད་ཀྱི་རི་དྭགས་ཀུན་ལ་སྦྱིན་ཏེ་ལོངས་སྤྱད་པས་ཡུལ་ཁམས་བདེ་ཞིང་མི་ལ་ན་ཚ་མེད་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་བཀྲ་ཤིས་པའི་རི་མོ་འདིས་ཁ་མཐུན་འཆམ་མཐུན་དང་། དུས་བདེ་ཞོད་འཇགས་ཡོང་བའི་རེ་སྨོན་མཚོན་ཡོད།
ཛམ་ལྷའི་ལྷ་ཁང་དུ་མཆོད་པའི་ཛམ་ལྷ་ནི་བོད་བརྒྱུད་ནང་བསྟན་གྱི་ནོར་ལྷ་རིགས་ལྔའི་ཐོག་མ་ཛམ་ལྷ་སེར་པོ་ཡིན་ལ། འདི་ནི་རྒྱལ་ཡོངས་ཀྱི་ཛམ་ལྷ་སྟོང་སྐུའི་ལྷ་ཁང་ཐོག་མའང་ཡིན། སྐུ་བརྙན་འདིའི་ཕྱག་གཡོན་པར་རིན་པོ་ཆེ་སྐྱུག་པའི་ནེའུ་ལེ་དང་། ཕྱག་གཡས་པར་ཡིད་བཞིན་གྱི་ནོར་བུ་དང་། ཞབས་ཀྱིས་རིན་ཆེན་དུང་དཀར་མནན་པས་དུས་ནམ་ཡང་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་བ་མཚོན། མཆོད་སྟེགས་སུ་ཆང་རག་སྣ་ཚོགས་མཆོད་ཡོད་པའང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན། བོད་བརྒྱུད་ནང་བསྟན་གྱི་སྲུང་མ་ཐམས་ཅད་ལ་སྐྱེམས་ཆང་མཆོད་ཆོག་པར་མ་ཟད། སྐྱེམས་ཆང་མཆོད་པ་ནི་མཆོད་པའི་མཆོག་ཏུ་བརྩིས་པ་ཡིན། ལོ་རེའི་གནམ་གང་གི་མཚན་གང་ལ་དགོན་པའི་སྒོ་ཕྱེ་ནས་ནོར་ལྷ་གདན་དྲངས་ཏེ་ལོ་གཡང་འགུག་པ་དང་ལོ་གསར་གྱི་སྨོན་ལམ་འཚོག་བཞིན་ཡོད།
སྡོང་པོ་འདིའི་སྡོང་རྐང་ལ་པགས་པ་མེད་པས་སྡོང་རྐང་ཕྱིར་མངོན་ཞིང་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད། ལག་པས་སྡོང་རྐང་བྲད་མ་ཐག་སྡོང་པོའི་ཡལ་ག་ལྕུག་ལྕུག་འདར་ཞིང་། དེ་ནི་ཟ་འཕྲུག་ལངས་པས་གད་མོ་ཤོར་བ་དང་གཉིས་སུ་མ་མཆིས། ལོ་ངོ་བརྒྱ་ཕྲག་སོང་བའི་ལི་ཤིའི་སྡོང་རྒན་འདི་ནི་ངག་རྒྱུན་དུ་གོང་མ་ཁང་ཞིས་སྐུ་དངོས་སུ་བཙུགས་པར་བཤད་ཅིང་། མེ་ཏོད་བཞད་པའི་དུས་ན་དགོན་པ་ཡོངས་སུ་དྲི་བསུང་གང་སར་འཐུལ་ཞིང་ཀུན་གྱི་ཡིད་མྱོས་པར་བྱེད་པས། སྐྱེ་བོ་དུ་མའི་འདྲེན་བྱེད་ཀྱི་དབང་པོ་ཅིག་ཅར་འཕྲོག
འདི་ནི་རྒྱལ་བསྟན་དར་རྒྱས་གླིང་གི་མགོན་ཁང་ངམ་སྔགས་ཁང་ཡིན། འདིའི་ནང་དུ་དགེ་ལུགས་པའི་སྲུང་མ་རྣམ་ལྔ་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་དང་། ཤན་དམར། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། དཔལ་ལྡན་ལྷ་མོ་བཅས་བཞུགས་ཡོད། སྲུང་མར་བསྙེན་བཀུར་བྱས་ན་བྱ་བ་ལམ་འགྲོ་ཡོང་བ་དང་བགེགས་དང་བར་ཆད་སེལ་ཐུབ།
རྒྱལ་བསྟན་དར་རྒྱས་གླིང་གི་ཁྲི་པ་རིན་ཆེན་རྒྱ་མཚོ་མཆོག་ནི་ནང་སོག་ཁྲི་ཧྥིན་གྲོང་ཁྱེར་གྱི་ནང་པའི་ཆོས་ལ་དད་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་ཤིང་། སྔ་ཕྱིར་ནང་སོག་ནང་བསྟན་སློབ་གླིང་དང་། ནང་སོག་སློབ་གྲྭ་ཆེན་མོའི་སོག་པོའི་རིག་གནས་སློབ་གླིང་དུ་སློབ་གཉེར་མཛད། ད་ལྟ་ཧྲའན་ཞི་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན། ཞི་ཨན་གྲོང་ཁྱེར་གྱི་མི་དམངས་འཐུས་མི་བཅས་ཡིན།
ཤར་གྱི་ར་བ་འདི་ནི་དགོན་པའི་འཚོ་བ་སྐྱེལ་ཁུལ་དང་། བྱང་ཁུལ་ནི་དགེ་འདུན་པའི་གྲྭ་ཤག་དང་། ནུབ་ཁུལ་ནི་གཙོ་བོ་གཞུང་ལས་སྒྲུབ་ས་ཡིན། འདི་གར་བོད་སོག་གི་ཁྱད་ཆོས་ལྡན་པའི་སྣེ་ལེན་ཁང་དང་། ཚོགས་ཁང་། སྨྱན་མང་གཟུགས་ཀྱི་སློབ་ཁང་། གསུང་ཆོས་ར་བ་སོགས་ཡོད་ལ། དེང་རབས་ཚན་རྩལ་ལ་བརྟེན་ནས་ཤེས་རིག་ལྡན་པའི་དགོན་པ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་བཞིན་ཡོད།
དེ་རིང་གི་གནས་བཤད་འདི་ནས་ཡོངས་སུ་མཇུག་རྫོགས་པ་ཡིན། ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་བ་དང་། རྗེས་མ་སླར་ཡང་རྒྱལ་བསྟན་དར་རྒྱས་གླིང་དུ་ཕེབས་པར་དགའ་བསུ་ཞུ།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
