འཕགས་པ་ཤིང་ཀུན་མཁར་རམ༼ ལི ན་ཐོའུ་ཆིན་བཤད་པ།
ལིན་ཐོའུ་ཆིན་ནམ་ཤིང་ཀུན་མཁར། དེར་འགྲོ་མགོན་འཕགས་པ་མཆོད་ཡོན་གྱི་བཀས་ཏཱ་དབོན་པོས་དགོན་པ་བཏབ། དགེ་འདུན་སྟོང་ཕྲག་མང་པོ་ཚོགས། གོང་མ་མཆོད་ཡོན་གཟིགས་པར་བྱོན།
རྒྱལ་པོ་བླ་མ་ལ་དད་གུས་ཆེ་བས་སྐུ་མཐོང་བ་དང་གསུང་ཐོས་པ་འབྲལ་མེད་དགོས་ཞུས་པར། ཁོང་ནས་ང་རང་འདྲ་བ་ཞིག་གྱིས་གསུང་སྤོས་ཤིང་བཟང་པོ་ལས་འདྲ་སྐུ་བཞེངས། དེ་བླ་མ་དངོས་སུ་གྱུར་ནས་རེ་ཞིག་བར་ཆོས་སྟོན་པ་ལ་སོགས་པའི་མཛད་པ་མཛད་ཅེས་ཏཱ་དབོན་ལོ་རྒྱུས་ལས་བཤད། སྐུ་དེ་འཕགས་པ་ཤིང་སྐུར་གྲགས་ཤིང་བཱོ་ཀྱེ་ཟིའི་རྟེན་གཙོར་བཞུགས།
ཕྱིས་སུ་ཤི་ཧྭའ་ཁང་ཟེར་བ་དབུས་སུ་བྱོན་པའི་བླ་མ་གྲགས་ཆེན་ཞིག་བྱུང་། དེས་དགེ་ལུགས་སུ་བསྒྱུར། ཆོས་རྒྱལ་ནང་སྒྲུབ་ཆོས་སྐྱོང་དུ་བསྟེན། མཆོད་རྟེན་ཆེན་པོ་གསུམ་བཞེངས་པས་པཱོ་ཐཱ་ཟིར་གྲགས།
རྒྱ་རམས་པ་ཚུལ་ཁྲིམས་བསྟན་པས་ཞུས་པའི་ལིན་ཐོའུ་དགའ་ལྡན་ཆོས་འཕེལ་གླིང་གི་བཅའ་ཡིག་ཀུན་མཁྱེན་བར་མའི་གསུང་འབུམ་དུ་བཞུགས་པ་དགོན་འདི་ཉིད་ཀྱི་ཡིན་ནམ་སྙམ།
བླ་མ་དོན་གྲུབ་རིན་ཆེན་ཟེར་བའི་འདྲ་སྐུ་དང་། དེ་ལ་གོང་མ་ཡུང་ལོས་གནང་བའི་ཐམ་ཀ་བཀའ་ཤོག་བཅས་བཞུགས་པ་ཆོས་རྗེ་དོན་རིན་པ་ཡིན་ནམ་བརྟག རྣམ་ཐར་དད་པའི་འཇུག་ངོགས་སུ་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་ཅེས་གསུངས་པ་ལྟར་ན་ཞིན་ཟི་ཟེར་བ་ཡིན་དགོས་སོ། ། འདི་གཉིས་མ་གཏོགས་གཞན་དགོན་སྡེ་བརྒྱད་ཙམ་ཡོད་པ་ཐམས་ཅད་ས་སྐྱའི་རྒྱུད་འཛིན་ཤ་སྟག་ཡིན་ནོ། །
ཧུང་ཝི་ལོ་ཉེར་གསུམ་པའི་ཟླ་བ་གཉིས་པའི་ཉེར་དགུ་ལ་བནྡེ་ཡེ་ཤེས་རིན་ཆེན་ཤིང་ཀུན་ནས་མཇལ་དུ་འོངས་པ་ལ་གནང་བའི་བཀའ་ཤོག་ཏུ་ནུབ་ཕྱོགས་ཀྱི་མི་རྣམས་ཇག་ལ་དགའ། མིའི་ཆོས་ལུགས་སྤྱོད་པ་ཉུང་བས་ཆོས་ཤོད་ཅེས་དང་། ཁྱོད་ཀྱིས་དགེ་སྦྱོར་ལ་ལེ་ལོ་མ་བྱེད་ཅེས་དང་། བའུ་ཛི་བའི་སྡེ་དཔོན་ལ་བསྐོས་པ་ཡིན་ཞེས་འབྱུང་།
ཀརྨ་དེ་བཞིན་གཤེགས་པ་མདོ་སྨད་དུ་བྱོན་དུས་སྣམ་སྦྱར་གྱོན་པ་འབུམ་ཕྲག་གིས་བསུས་པར་བཤད་པའི་གནས་མེན་ཇུ་ཡིན་འདྲ་ཞེས་གསུངས་པ་ཐོས་ཀྱང་དེ་དུས་ཆོས་སྡེ་མ་བྱུང་འདུག་པས་འདི་ཉིད་ཡིན་ནམ་བརྟག་གོ ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ། ཀླུ་ཆུར་གཟིངས་དང་གྲུ་བཏང་སྟེ་ཤིང་ཀུན་ཏུ་ཕེབས། འཕགས་པའི་འདྲ་སྐུས་གསུང་བྱོན། ཕྱག་མཛུབ་ཆག་པ་གཞན་གྱིས་ཐབས་བྱས་ཀྱང་མ་འབྱར་བ་རྗེ་འདིས་ཚེགས་ཆུང་ངུས་སྦྱར་ཞེས་གསུངས། ད་ལྟ་ཡང་ཧོར་ཟླ་གསུམ་པའི་ནང་དུ་འཕགས་པའི་འཁྲུངས་སྐར་ཀྱི་དུས་སྟོན་བྱེད་བཞིན་པར་ཡོད་དོ། །
བཀའ་བསྟན་བྲིས་མ་ཚར་རེ། རྒྱ་ཡིག་གི་བཀའ་འགྱུར་བཅས་བཀའ་བསྟན་བརྒྱད། གསང་བདེ་སོགས་ཀྱི་བློས་བསླངས། རྣམ་སྣང་གི་སྐུ་མི་ཚད་ལྷག་སོགས་བྲིས་འབུར་གྱི་སྐུ་བརྙན་མང་པོ། ཆོས་འཕགས་ཀྱི་ཚེམས། འགྲོ་མགོན་འཕགས་པའི་མུ་ཏིག་གི་སྐུ་ཆོས་རྣམས་བཞུགས། བསྐལ་བ་དང་པོའི་ནས་ཡིན་ཟེར་བ་ཞིག་ཡོད་པ་རྒྱ་རྣམས་ལ་མལ་གྱི་གཡས་གཡོན་དུ་དྲི་ཞིམ་པོ་འོང་བའི་ཐབས་སུ་འཇོག་པའི་ཀྭའ་ཟེར་བ་ལ་རྩྭ་དང་ཤིང་གི་རིགས་གཉིས་ལས་ཤིང་གི་ཀཱའ་ཡིན། དེ་བཞིན་དུ་རྒྱལ་བོ་འགོལ་བཞུགས་ཀྱི་གཟིམས་ཁང་ལ་རྒྱས་ཤིང་ཀུན་དང་། འགྲོ་མགོན་གྱི་མཚན་ལ་ཆོས་རྒྱལ་འཕགས་པ་ཟེར་བའང་ཨེརྟི་ནི་ནོ་མོན་ཧན་བོད་སྐད་དུ་བསྒྱུར་བ་ཡིན་འདྲ་ཞེས་སྡེ་ཁྲི་རིན་པོ་ཆེས་གསུངས་པ་དངོས་སུ་ཐོས་སོ། །
སྔར་དགོན་སྡེ་རྣམས་མཁར་གྱི་ཕྱི་ལོགས་སུ་ཡོད་ཀྱང་སྡིག་ཅན་ཞིག་གིས་ཕ་བསད་པའི་མཚམས་མེད་ཀྱི་ལས་བསགས་པས་ས་ཚིག་པར་གླེང་སྟེ་དགོན་པ་གྲོང་དང་འདབས་འབྲེལ་དུ་སྤོས་ནས་ལྕགས་རི་གཅིག་བྱས་པར་གྲགས་སོ། ། རྒྱའི་བནྡེ་ཁྱིན་ཡིན་ཟི་ཟེར་བའི་དགོན་པ་གསུམ་ཡང་ཡོད་དོ། ། ཀླུ་ཆུ་ལྷོ་བྱང་གི་རྒྱུད་དུ་གཏོགས་པའི་རྒྱ་དགོན་བཤད་དང་འཆད་འགྱུར་ཕལ་ཆེར་དུས་འཁྲུགས་ཀྱི་དབང་གིས་ཆག་འཇིག་ཏུ་སོང་ཡང་། མེ་ལོང་ལས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་གསུངས་པ་ལྟར་འདི་ཙམ་གྱིས་ཀྱང་རྒྱལ་བའི་འཕྲིན་ལས་བསྒྲུབ་རིགས་པས་ལོ་རྒྱུས་གང་རྙེད་ཡིག་ཚོགས་ལ་མ་འཛེམས་པར་བཀོད་པ་ཡིན་ནོ། །
མདོ་སྨད་ཆོས་འབྱུང་ལས་བཤུས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn