མཛོད་དགེ་བཞག་སྡོམ་ཁང་གསར་དགོན་དགའ་ལྡན་བཤད་སྒྲུབ་ནོར་བུའི་གླིང་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-10-13 08:31:51     རྩོམ་པ་པོ།   མཛོད་པ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

微信图片_20251014071507_3_158.jpg

སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །

བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད། །

མི་ཡི་རྣམ་རོལ་པཎ་ཆེན་རིམ་བྱོན་གཟུགས། །

སྙིགས་དུས་འདྲེན་པ་ཆོས་ཀྱི་རྒྱལ་མཚན་མཆོག །

སྣ་ཚོགས་སྤྲུལ་བའི་གར་མཛད་དེ་ལ་འདུད། །

དེ་ཡང་བོད་གངས་རིའི་ལྗོངས་ཀྱི་ཤར་ཕྱོགས་མདོ་སྨད་རྟའི་ཆོལ་ཁའི་ཆར་གཏོགས། མཛོད་དགེ་ཤོག་བཅུ་གཉིས་ཀྱི་ནང་ཚན་བཞག་སྡོམ་གཡང་གི་ར་བར། སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ལ། དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་རབས་ལྔ་པ་༧ པཎ་ཆེན་དགེ་འདུན་རྒྱ་མཚོའི་དངོས་སློབ། ཡུལ་གངས་ཅན་ལྗོངས་ཀྱི་སྙན་ངག་མཁན་པོ་རྭ་རོང་བ་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེ་དེ་ཉིད། མཛོད་དགེ་དཔོན་གྲགས་པ་བསམ་གྲུབ་ཁུ་དབོན་གྱིས་ཡུལ་དབུས་གཙང་ནས་གདན་དྲངས་ཏེ། ཕྱོགས་འདིར་འབྲང་རྒྱས་དགོན་བསམ་གྲུབ་རབ་བརྟན་གླིང་ཕལ་ཆེར་སྤྱི་ལོ་༡༥༥༢ - ༡༥༧༨ བར་ཕྱག་བཏབ་པ་གནས།   

 སྡེ་དེའི་གྲྭ་རྒྱུན་དགེ་འདུན་པ་བཅུ་ཕྲག་ཁ་ཤས་ཀྱིས་ཁང་གསར་ཉིན་འདིར་རི་ཁྲོད་ཀྱི་གཞི་བཟུང་། ཕྱིས་སུ་བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་ལུག་གི་ལོ་སྟེ། སྤྱི་ལོ་ ༡༧༦༣ ལོར་མཛོད་དགེ་ཁྲི་རབས་དྲུག་པ་ཧྭར་གདོང་བ་དཀའ་ཆེན་ཡེ་ཤེས་དཔལ་འབྱོར་ཚང་། བཞག་སྡོམ་དཔོན་བཀྲ་ཤིས་བཟང་བོ་ཕ་བུ་གཉིས་ཀྱིས་ཞུས་པ་ལ་བརྟེན་ནས། ཡུལ་འདིར་      ༧ པཎ་ཆེན་དྲུག་པ་ཆེན་པོའི་ལུང་བསྟན་བཞིན་བཀྲ་ཤིས་གསོ་སྦྱོང་སོགས་ཚོགས་ནས་རི་ཁྲོད་པ་རྣམས་དགོན་པར་བསྒྱུར།  ཁང་གསར་ཉིན་དགོན་པ་གསར་འདེབས་མཛད། ཁྲི་བ་རིན་པོ་ཆེ་ཁོང་ཉིད་གདན་ས་བཀྲ་ཤིས་ལྷུན་པོར་ཕྱིར་ཕེབས་གནང་རྗེས།  ༧ པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ཚོགས་དབུར་སྤྱན་དྲངས་ཏེ་དངོས་འབུལ་སྤམ་མཐོ་བའི་འབྲེལ་འཇོག་དང་། ཨ་མདོ་ནས་དགོན་པ་གསར་བ་བཏབ་པ་འདིའི་ལེགས་ཚོགས་ཀྱི་རྩ་བའི་བླ་མ་སྐྱབས་གནས་དམ་པ་ཁྱེད་ཡིན་ཞེས་དགོན་མགོ་ཕུལ། ༧ གོང་ས་སྐྱབས་མགོན་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ནས་དགོན་པ་ལ་བཤད་སྒྲུབ་ནོར་བུའི་གླིང་ཞེས་མཚན་གསོལ་གནང་། དེ་ནས་བཟུང་སྟེ་ ༧ པཎ་ཆེན་སྐུ་འཕྲེང་རིམ་བྱོན་དགོན་བདག་དང་བསྟན་བདག་ཉིད་ཏུ་གྲུབ།

མཛོད་དགེ་ཁྲི་བ་རིམ་བྱོན་ནི་༧ པཎ་ཆེན་སྐུ་འཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ། དཔོན་བློ་གྲོས་བཟང་བོས་སྐུ་ཚབ་བླ་མ་སངས་རྒྱས་བཟང་བོ་ཞུས་པ་ནས་བཟུང་སྟེ་ཁྲི་རབས་ཉེར་གཉིས་བྱོན། མཛོད་དགེ་བཞག་སྡོམ་པ་སྒར་གྲོང་གཉིས་ཀྱིས་གཙོ་བྱས་ཕྱོགས་འདིར་དྲིན་གྱིས་བསྐྱངས།   

གཞན་ཡང་། མཚོ་སྔོན་སྤྲུལ་སྐུ་ཚང་སྐུ་འཕྲེང་གསུམ་དང། བཀྲ་བོ་ཚང་སྐུ་འཕྲེང་བཞི། མཁན་རྒན་ཚང་སྐུ་འཕྲེང་གསུམ། བློ་ཁོ་ཚང་སྐུ་འཕྲེང་གཉིས། དབྱིས་པ་བསམ་གཏན་ཚང་སྐུ་འཕྲེང་གཉིས། གཞན་བླ་མ་དགེ་བའི་བཤེས་གཉེན་རྗེ་བློ་བཟང་དཔལ་ལྡན་རྒྱ་མཚོ་ཚང་དང་། རྒྱབ་ཁབ་རིམ་པའི་བོད་སྨན་ཆེད་མཁས་པ་ལྷ་རྗེ་ཨ་ཁུ་བསྟན་ཁོ་ཚང་ངམ་བླ་མ་རིན་པོ་ཆེ་བློ་བཟང་ཆོས་འབྱོར་ཚང་། དགོན་པའི་མཁན་རབས་ཉེར་གསུམ་སོགས་དགེ་འདུན་པ་ཉིས་བརྒྱ་ཉེར་གཅིག་ལྷག་གིས། ང་བརྒྱད་དུས་འགྱུར་ཡར་སྔོན་ཏུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་གནང་།  

ཆོ་ག་ཕྱག་ལེན་ནི། གཙང་ཆེན་བཀྲ་ཤིས་ལྷུན་པོའི་གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཕྱག་ལེན་ཇི་ལྟ་བ་བཞིན། གཞི་གསུམ་གྱི་འདུལ་བའི་ཉམས་ལེན་དང་།  དབེན་ས་སྙན་བརྒྱུད་ལུགས་ཀྱི་རྒྱུད་སྡེ་བཞིའི་སྒྲུབ་མཆོད། ཆོས་སྐྱོང་མགོན་ཆོས་ལྔའི་བསྐང་གསོ།   ལྕགས་མཁར་ཟུར་བཅུ་དྲུག་པའི་གཏོར་སྒྲུབ། སྨོན་ལམ་དགུ་གཏོར་གཙང་འཆམ་སོགས་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པའི་གཞི་བཟུང་།   

  སྤྱི་ལོ་༡༩༨༠ ལོའི་ཟླ་༨ པར་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས་ཆོས་སྒོ་ཕྱེ་བའི་དཔང་ཡིག་བྱིན། སྤྱི་ལོ་ ༡༩༨༢  ལོར་བསྟན་པའི་བདག་པོ་༧ པཎ་ཆེན་སྐུ་འཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་རང་དགོན་དུ་ཐུགས་བརྩེ་བས་ཆེད་ཕེབས་གནང་། ཡང་དར་བསྟན་པའི་ཆོས་ཀྱི་སྒོ་མོ་ཕྱེ་སྟེ་ཆོས་འབྲེལ་དང་བཀའ་སློབ་ལམ་སྟོན་ཟབ་མོ་གནང་། ཁྲི་ཆེན་གུང་ཐང་སྐུ་འཕྲེང་དྲུག་པ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོས། འཁྲུངས་གཞིས་འདི་ལ་ཐུགས་ཁུར་དང་གཟིགས་སྐྱོངས་ཚད་མེད་གནང་།   དེ་དང་དུས་མཚུངས་སུ་དགོན་གནས་འདིར་བླ་མ་སྤྲུལ་སྐུ་དགེ་འདུན་པ་བཅུ་ཕྲག་ཁ་ཤས་ཀྱིས་གཞི་འཛིན་དང་བསྐྱར་བཞེངས་བྱས། ད་ལྟ་གྲྭ་བ་བརྒྱ་དང་ཉེར་ལྔ་ལྷག་བཞུགས། ཡང་དར་བསྟན་པའི་མཁན་རབས་བཅུ་གཉིས་བྱུང་། 

གཞན་ཡང་བླ་མ་སྤྲུལ་སྐུ་དགེ་བའི་བཤེས་གཉེན་གང་མང་ཞིག་གིས་སྡེ་འདིར་ཟབ་རྒྱས་ཆོས་ཀྱི་ཆར་བ་ཕབས། ཕྱིའི་བཀོད་པ་རུ་ཚོགས་ཆེན་འདུ་ཁང་ཆེ་ཆུང་གཉིས།   བླ་བྲང་རྩེ། ལྷ་ཁང་བཞི། མཆོད་རྟེན་ཆེ་ཆུང་བཅུ་གཅིག   ཆོས་རྭ་གཅིག ཤེས་ཡོན་སློབ་གྲྭ། ཞི་བདེ་བོད་ལུགས་སྨན་ཁང་། དཔེ་མཛོད་ཁང་། གཞུང་ཁང་ཆེ་བ་གཅིག གྲྭ་ཤག་དོན་བརྒྱད།    མ་ཎི་འཁོར་ཁང་སོགས་མང་བོ་བཞུགས།   དེང་འདིར་སངས་རྒྱས་ཀྱི་བསྟན་པ་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་དར་ཞིང་རྒྱས་པའི་སྐབས་སོ། །རྒྱས་པར་ཤེས་འདོད་ན་དགོན་པའི་བྱུང་བ་བརྗོད་པ་འབྲས་ལྡན་སྙེ་མའི་འཕྲེང་བ་ལ་གཟིགས་རོགས་ཞུ།    ཞེས་བཀྲ་བོ་སྤྲུལ་སྐུའི་སྐྱེས་མིང་བ་མཛོད་པ་དགེ་འདུན་རྒྱ་མཚོས་དགོན་པའི་དོ་དམ་ཁང་གིས་ཞུས་པ་བཞིན་བྲིས་སོ། །  ། །བཀྲ་ཤིས་བདེ་ལེགས། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།