ལྷ་ཆབ་སྒར་བསླབ་གསུམ་དར་རྒྱས་གླིང་།
ལྷ་ཆབ་སྒར་ཏེ་བསླབ་གསུམ་དར་རྒྱས་གླིང་ནི་ད་ལྟའི་བསང་ཆུ་རྫོང་མདའ་མེད་ཞང་གི་ཁོངས་སུ་ཆགས། ཡོངས་གྲགས་ལ་ལྷ་ཆབ་སྒར་ཟེར། དགོན་འདིའི་གཡས་ཕྱོགས་ཀྱི་ཉེ་འགྲམ་དུ་གང་གཱའི་ཆུ་རྒྱུན་འདྲེས་པའི་ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་འཐུང་ན་དམུ་ཆུ་དང་ཕོ་ནད་ལ་ཕན་པ་ཞིག་དལ་གྱིས་འབབ་ཀྱིན་འདུག་པས་མིང་དེ་ལྟར་ཆགས་ཟེར་བའི་བཤད་རྒྱུན་ཡོད། དགོན་སྡེ་འདི་ནམ་བཏབ་ཀྱི་ལོ་ཚིགས་མི་གསལ་ཡང་རྗེ་སྐལ་ལྡན་པའི་དངོས་སློབ་ཧོར་དཀའ་བཅུ་བ་དང་། ཧོར་རབ་འབྱམས་པ་གཉིས་ཀྱིས་བཏབ་པར་མདོ་སྨད་ཆོས་འབྱུང་དུ་གསུངས། འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་བོས་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་སྐབས་སུ། ལྷ་ཆབ་སྒར་གྱི་བླ་གྲྭ་རྣམས་ཀྱིས་སྨོན་འདུན་རྣམ་པར་དག་པས་དགོན་པ་གསར་འདེབས་ལ་ཉེ་བར་མཁོ་བའི་ཡོ་བྱད་སོགས་ཀྱི་མཐུན་རྐྱེན་ཅི་འབྱོར་སྦྱར་ཞིང་ཀུན་མཁྱེན་མཆོག་གི་ཐུགས་མཉེས་པར་བྱས། དུས་དེ་ནས་བཟུང་ལྷ་ཆབ་སྒར་ནི་བླ་བྲང་དགོན་པའི་མ་དགོན་དུ་གྲགས་ཤིང་ལྷ་ཆབ་སྒར་གྱི་དགེ་འདུན་པ་གང་ཡིན་བླ་བྲང་དགོན་པའི་ལོ་གསར་གྱི་སྨོན་ལམ་དང་བདུན་པའི་རིགས་གྲྭར་ཕེབས་ཆོག་པའི་དམིགས་བསལ་བཏོད། ལྷ་ཆབ་དགོན་པ་འདི་ནི་དགེ་ལུགས་པའི་རྒྱུད་གྲྭ་ཞིག་ཡིན། དམ་པ་གོང་མ་རྣམས་ཀྱིས་སྡེ་འདིར་ཡར་ངོ་མར་ངོའི་གསོ་སྦྱོང་ཆག་མེད་ཀྱི་ཐོག་ལོ་རེ་བཞིན་ཧོར་ཟླ་དང་བོ་ཆོ་འཕྲུལ་ཟླ་བ་ནས་བཅུ་གཉིས་པ་དགུན་ཟླ་ཐ་ཆུང་གི་བར་གྱི་ཟླ་བ་རེ་རེའི་ནང་དུ་ཆོ་ག་ཆོས་སྤྱོད་དང་། མཚམས་བསྙེན་པ། སྦྱིན་སྲེག་གཏོར་ཟློག ཞབས་བརྟན་རིམ་གྲོ་སོགས་ཆོས་སྤྱོད་ཀྱི་བྱ་བ་ཚར་དུ་དངར་བ་སྒྲུབ་པའི་ཕྱག་སྲོལ་བཙུགས་ཡོད་དེ། དེའང་ཟླ་དང་པོ་དང་གཉིས་པ། བདུན་པ་གསུམ་ལ་རང་དགོན་གྱི་ཆོས་སྤྱོད་ཀྱི་བྱ་བ་ལས་གཞན་རྒྱུད་གྲྭ་འདིའི་དགེ་འདུན་པ་རྣམས་ད་དུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨོན་ལམ་ཚོགས་མཆོད། རིགས་གྲྭ་བཅས་ལ་ཕེབས་དགོས། ཟླ་གསུམ་པར་བདེ་མཆོག་དྲིལ་བུ་ལྷ་ལྔའི་སྒྲུབ་མཆོད་ཉིན་བདུན། ཟླ་བཞི་བར་མཎྚལ་བཞི་བ་ཉིན་གཅིག་དང་མ་ཎི་རིལ་སྒྲུབ་ཉིན་ཞག་བཅུ་གཅིག ཟླ་ལྔ་བར་ཡུལ་ཁམས་ལ་བཀྲ་ཤིས་ལོ་ལེགས་ཡོང་ཆེད། གཞི་བདག་ཁྲ་རྩེ་དང་། སྡེ་བརྒྱད། སེར་བདག་སོགས་མཆོད་པའི་རིམ་གྲོ་ཉིན་གཅིག ཟླ་དྲུག་པར་གནས་བཅུའི་ཕྱག་མཆོད་རྒྱས་པ་དང་ཛམ་དཀར་གཏེར་སྒྲུབ་བཅས་ཉིན་གཉིས། དེ་ལས་གཞན་དུ་དགེ་ཚུལ་སློང་རྣམས་ཟླ་དྲུག་པའི་ནང་ནས་དབྱར་ལ་བཞུགས་རྒྱུ་སོགས་ནི་དགོན་སྡེ་གཞན་དག་དང་འདྲའོ།། ཟླ་བརྒྱད་པར་བསྟན་འགྲོའི་དོན་དུ་ཤམ་བྷ་ལའི་གཏོར་ཟློག་ཉིན་གསུམ། ཟླ་དགུ་བར་ཀུན་རིག་སྒྲུབ་མཆོད་དང་སྦྱིན་སྲེག་ཉིན་དྲུག ཟླ་བཅུ་བར་ལྔ་མཆོད་དང་མགོན་ཆོས་ལྔའི་རྔ་ཆིངས་བཅས་ཉིན་དྲུག ཟླ་བཅུ་གཅིག་པར་དགེ་བསྐོས་ཀྱིས་ལྟ་རྟོག་གང་ཞིབ་སྒོས་དགེ་འདུན་པ་རྣམས་ཀྱིས་རང་རང་གི་ལྷག་ལྷའི་སྙེན་སྒྲུབ་མཛད་པ་ལས་མཉམ་ཚོགས་ཀྱིས་བྱ་བ་ཅི་ཡང་མེད། ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ལྷན་དུ་སྦྱིན་སྲེག་འབུལ་ལ། དེ་ནས་ཚེས་ཉེར་དགུའི་བར་ཏེ་ཉིན་གསུམ་ལ་སྐུ་རིམ་རྣམ་གསུམ་སོགས་གསུངས་ནས་འཕྲིན་བཅོལ་བྱེད་དོ།། ཀུན་རིག་དང་ལྷ་མོ། རྣམ་སྲས་གསུམ་གྱི་ཆོ་གའི་འདོན་རྟ། གཏོར་མ་བཅའ་བཟོ་སོགས་ཀྱི་ཕྱག་ལེན་ནི་བླ་བྲང་དུས་འཁོར་གྲྭ་ཚང་གི་ཕྱག་ལེན་ལྟར་ཡིན་ལ། ཆོ་ག་གཞན་དག་གི་འདོན་རྟ་སོགས་ཀྱི་ཕྱག་ལེན་ནི་བླ་བྲང་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ལྟར་རོ།། སྡེ་འདིའི་ལས་སྣེ་ལ་དགེ་བསྐོས་དང་དབུ་མཛད། སྤྱི་བ་ཆེ་ཆུང་གཉིས། དཀོར་གཉེར་བཅས་ལྔའོ།།
དགོན་འདིའི་སྐུ་གསུང་ཐུགས་རྟེན་ནི་སྔོན་བླ་མ་བློ་བཟང་མཁས་མཆོག་རྒྱ་མཚོས(ཁོང་ནི་ཤར་སྐལ་ལྡན་རྒྱ་མཚོའི་བླ་མར་གྲགས)ཆོས་སྐྱོང་དུ་གནང་བའི་མགོན་པོའི་ཐང་ཀ་བྱིན་ཅན་ལོ་རྒྱུས་ཤིན་ཏུ་རིང་བ་གཅིག རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པས་གནང་བའི་ཐུབ་སྐུ་ད་ལྟ་ལྷ་ཆབ་དགོན་པའི་རྟེན་གྱི་གཙོ་བོར་བཞུགས་པ་གཅིག པཎ་ཆེན་སྐུ་ཕྲེང་དགུ་བས་གནང་བའི་རྗེ་མི་ལ་རས་པའི་སྐུ་ལི་མ་བདུད་རྩི་འབབ་པ་གཅིག མཁན་པོ་སྐུ་གོང་མ་སོགས་ཀྱི་ཤངས་ཁྲག་གིས་བཞེངས་པའི་ཤམ་བྷ་ལའི་ཐང་ཀ་ཁྲག་རྒྱུན་འབབ་པ་གཅིག གནས་བརྟན་བྲག་རི་མ་བྱིན་ཅན་གཅིག ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བདུད་རྩི་འབབ་པ་གཅིག དེ་མིན་གསེར་དང་ཟངས། སྨན་འདམ་སོགས་ཀྱི་སྐུ་གཟུགས་ཆེ་ཆུང་བརྒྱད་ཅུ་ལྷག་བཞུགས། གསུང་ གི་རྟེན་ལའང་གཙོ་བོ་རིན་པོ་ཆེ་སྣ་ཚོགས་ཀྱིས་བྲིས་པའི་བཀའ་འགྱུར་ལོ་རྒྱུས་དང་ལྡན་པ་ཚར་གཅིག་བཅས་བཞུགས་སོ།།
དགོན་སྡེ་འདི་ནས་སྔ་ཕྱིར་མཁས་པ་མང་བོ་བྱོན་ཀྱང་གྲགས་ཆེ་བ་ནི་རིག་གནས་ཀུན་ལ་མཁས་པ་ཁ་གྱའི་ཤེས་རབ་ཟེར་བ་དང་། བློ་གྲོས་སྦྱིན་པ་ཟེར་བ་སོགས་བྱོན་པར་བཤད།
ཟུར་ལྟའི་དཔྱད་གཞི།
《ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས།》 (སྣུམ་དཔར་མ)