ཡངས་པ་ཅན་དགོན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-06-24 21:55:53     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

        དགོན་པ་འདི་ནི་ཀརྨ་ཞྭ་དམར་བ་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས(རབ་བྱུང་བརྒྱད་པའི་ཆུ་བྱ༡༤༥༣ལོ་ནས་རབ་བྱུང་དགུ་པའི་ཤིང་སྤྲེལ༡༥༢༤ལོ་བར་དགུང་ལོ་བདུན་ཅུ་དོན་གཉིས་བཞུགས)ཀྱིས་རབ་བྱུང་བརྒྱད་པའི་ཆུ་ཕག(༡༥༠༣)ལོར་ཕྱག་བཏབ། 

དགོན་པ་འདིར་ཡངས་པ་ཅན་ཞེས་ཐོགས་པའི་རྒྱུ་མཚན་ནི་རྒན་རབས་ཚོའི་ངག་རྒྱུན་ལ། དེ་སྔོན་རྒྱ་གར་ཁུལ་དུ་ཡངས་པ་ཅན་ཞེས་མིང་ཐོགས་པའི་དགོན་པ་ཞིག་ཡོད་པ་དེ་འཐོར་ཞིག་ཏུ་སོང་བའི་རྒྱ་ཕིབས་དུམ་བུ་ཞིག་བོད་དུ་དབོར་ནས་བཟོ་བཅོས་བརྒྱབ་རྗེས་དགོན་པའི་ཐོག་ཁར་བཀབ་པར་བརྟེན་དགོན་པའི་མིང་ཡངས་པ་ཅན་ཞེས་ཐོགས་པ་ཡིན་ཟེར་སྲོལ་འདུག།

དགོན་པ་འདི་ཐོག་མར་འདེབས་སྐབས་ཀྱི་རྒྱ་ཁྱོན་ལ་གཙུག་ལག་ཁང་དང་བླ་བྲང་བཅས་པར་ཀ་བ་བདུན་ཅུ་དོན་དྲུག་གི་ས་དང་། རྡོ་གཅལ་ཆེན་མོའི་མཐའ་བསྐོར་དུ་གྲྭ་ཁང་བརྒྱ་དང་གོ་བདུན་ཡོད་པ་རྣམས་རིན་སྤུངས་སྡེ་པ་དོན་ཡོད་རྡོ་རྗེས་སྦྱིན་བདག་བྱས་ཐོག། དབུས་དང་བྱང་འབྲོག་ཉེ་འཁོར་ཁུལ་བཅས་ཀྱི་ལས་མི་བསྐུལ་ནས་བརྩིགས་ཏེ། ལས་རྒྱུན་བོད་ཟླ་བཞི་པའི་ཚེས་བཅུ་དགུ་ནས་ཟླ་བ་དགུ་པའི་ཚེས་ཤར་བར་ཟླ་བ་བཞི་དང་ཟླ་ཕྱེད་ཙམ་འགོར་ཞིང་། ཕྱི་རྩིགས་ལྡེབས་ཞལ་བཅས་ཡོངས་རྫོགས་གྲུབ་པ་ཡིན།

རབ་བྱུང་བཅུ་པའི་ས་རྟ(༡༦༡༨)ལོར་གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་། ཀརྨ་པ་མཆོད་ཡོན་གྱི་དམག་དཔུང་དབུས་སུ་དྲངས་ཏེ་སེ་འབྲས་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའི་དགྲ་ལན་དུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ(༡༦༤༢)ལོར་གོ་ཤྲི་ཧན་གྱི་དམག་དཔུང་གིས་གཙང་པ་སྡེ་སྲིད་གཏོར་སྐབས་དགོན་པ་འདིར་ཡང་ཞོར་ལ་གཏོར་སྐྱོན་ཚབས་ཆེན་བྱུང་།

དེ་རྗེས་ཡངས་ཅན་དགོན་པ་བསྐྱར་གསོ་བྱུང་ནས་ཞྭ་དམར་སྐུ་ཕྲེང་དགུ་པ་ཆོས་ཀྱི་འབྱུང་གནས་བར་ཉམས་ཆག་མེད་པར་གནས་ཀྱང་། ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོ་དེ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་མཆེད་དུ་གྱུར་ཞིང་། པཎ་ཆེན་རིན་པོ་ཆེ་སྐུ་འདས་རྗེས་ཕྱག་མཛོད་རྗེ་དྲུང་ཧོ་ཐོག་ཐུ་དང་ཞྭ་དམར་སྤྲུལ་སྐུ་གཉིས་རྒྱུ་ནོར་བགོ་བཤའ་བྱ་རྒྱུར་མ་འཆམས་པར་བརྟེན་ཞྭ་དམར་བས་གོར་ཥ་རྒྱལ་པོར་མགོ་བཏགས་ཞུས་ཤིང་། ས་སྣ་ལམ་རྒྱུས་བྱས་ཏེ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ(༡༧༨༨)ལོར་གོར་ཥ་བཙན་འཛུལ་དམག་བོད་དུ་འཁྲིད་དེ་བཀྲ་ཤིས་ལྷུན་པོར་གཏོར་སྐྱོན་ཚབས་ཆེན་བཏང་བ་སོགས་བྱས་པར་བརྟེན། མན་ཆིང་གོང་མའི་སྲིད་གཞུང་གིས་ཆེས་མངགས་བོད་དུ་བཏང་བའི་དམག་དཔུང་གིས་གོར་ཥ་བཙན་བཛུལ་དམག་གཏོར་ཕམ་བཏང་རྗེས་ཁོང་ཉིད་དུག་བཟས་ནས་རང་ཤི་བརྒྱབ་པ་དང་། མན་ཆིང་སྲིད་གཞུང་དང་བཀའ་ཤག་གིས་ཞྭ་དམར་སྐུ་ཕྲེང་རྗེས་མའི་ཡང་སྲིད་རྩད་གཅོད་མི་ཆོག་པའི་གཏན་འབེབས་བཟོས་པ་དང་

ཆབས་ཅིག་དགོན་པ་འདིར་གྲྭ་པ་མང་ཆེ་བ་འཐོར་ནས་ལྷག་མ་གྲྭ་གྲངས་བཅུ་སྐོར་ལས་མ་ལུས་ཤིང་། སྐབས་དེའི་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོས་སྙེ་མོ་ཐར་པ་ཆོས་གླིང་ནས་གྲྭ་གྲངས་བཞི་བཅུ་སྐོར་གྱི་གྲྭ་རྒྱུན་བསྐོང་འགུགས་ཐོག་དགོན་པ་འདིའི་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་ཞིང་། གདུང་རྟེན་ལྷ་ཁང་དང་གཟིམ་ཆུང་སོགས་སྒོ་རྒྱ་དམ་མནན་བྱས་ཏེ། རབ་བྱུང་བཅུ་དྲུག་པའི་མེ་བྱ(༡༩༥༧)ལོ་བར་དེ་མུར་ལུས་ཤིང་། དེ་རྗེས་སྒོ་རྒྱ་བཀྲོལ་བ་མ་ཟད། ཞྭ་དམར་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་ཞུས་ཆོག་པའི་ཆོག་མཆན་ཡང་ཐོབ་པ་རེད། འོན་ཀྱང་སྐབས་དེར་ཡངས་ཅན་དགོན་པའི་ཆ་རྐྱེན་དང་། གནས་ཚུལ་གཞན་དག་གི་རྐྱེན་པས་ཞྭ་དམར་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་ཞུ་རྒྱུ་མ་བྱུང་བར་ལུས་སྐད་འདུག།

དགོན་པ་འདིར་ཡོད་པའི་སྐུ་གསུང་ཐུགས་རྟེན་དང་གནའ་རབས་རིག་དངོས་ཀྱི་སྐོར་ལ་ཞྭ་དམར་སྐུ་ཕྲེང་བཞི་པས་བཞེངས་པའི་ཐུབ་ཆེན་གཙོ་འཁོར་གསུམ་དང་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་སོགས་ཀརྨ་ཞྭ་དམར་བ་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་པའི་རྟེན་གསུམ་ཁག་མང་པོ་དང་། ལྷག་པར་མགོན་ཁང་དང་འདུ་ཁང་གི་ལྡེབས་བྲིས་རྣམས་རང་རེའི་ལྗོངས་ཀྱི་རི་མོ་མཁས་པ་སྨན་ལུགས་ཀྱི་བྲིས་སྲོལ་ཐོག་མར་སྲོལ་གཏོད་མཛད་མཁན་སྨན་ཐང་པ་དོན་གྲུབ་དང་། དེའི་སྲས་སྨན་ཐང་པ་འཇམ་དབྱངས། མཁྱེན་ལུགས་ཀྱི་རི་མོའི་བྲིས་སྲོལ་ཐོག་མར་སྲོལ་གཏོད་མཛད་མཁན་གོང་དཀར་སྒང་སྟོད་པ་མཁྱེན་བརྩེ་བཅས་ཀྱིས་བྲིས་གནང་མཛད་པ་ཡིན་ཞེས་ཞྭ་དམར་སྐུ་ཕྲེང་བཞི་པའི་རྣམ་ཐར་ནང་གསལ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།