ཀེའུ་ཚང་ནུབ་རི་ཁྲོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:20:55     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

ར་ཁ་བྲག་གི་ཤར་དུ་ཡོད་པའི་ཀེའུ་ཚང་ནུབ་རི་ཁྲོད་ནི་དུས་རབས་བཅོ་བརྒྱད་པའི་ནང་སེར་བྱེས་མཁན་ཟུར་བྱམས་པ་སྨོན་ལམ་གྱིས་བཏབ། ཁོང་ནི་ཀེའུ་ཚང་སྐུ་ཕྲེང་དང་པོ་ཡིན། དེ་གར་གུང་ཐང་བླ་མ་ཞང་གི་སྒྲུབ་ཕུག་དང་། རྗེ་ཙོང་ཁ་པའི་སྒྲུབ་ཁང་ལ་ཉམས་གསོ་དང་། སྒྲུབ་ཁང་བརྩིགས་ཏེ་བཞུགས་སྐབས་འཇོག་པོ་བློ་བཟང་རྣམ་གྲོལ་སོགས་སློབ་མ་མང་པོ་འདུས། དགེ་འདུན་གྱི་སྡེ་ཆགས། ཀེའུ་ཚང་སྤྲུལ་སྐུ་སྐུ་ཕྲེང་ན་རིམ་ནས་ཞལ་འཛིན་གནང་། རྟེན་གཙོ་གསེར་ཟངས་ཀྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་དེ་དང་། བྲག་ལྡེབས་སུ་ཐུབ་དབང་གི་སྐུ་བརྐོས་པ་དེ་རྣམས་སེ་ར་ཤར་དུར་ཁྲོད་ཀྱི་གཏན་ཆགས་ཁར་ཞལ་གཟིགས་ཡོད་པས་སེ་ར་ཤར་དུ་བསྐྱལ་བའི་ཕུང་པོར་འཕོ་བ་མི་དགོས་ཟེར་སྲོལ་ཡོད། གེའུ་ཚང་རི་ཁྲོད་ཆགས་དབྱིབས་བྲག་རི་རྔམ་བརྗིད་ལྡན་པའི་སྟེང་དུ་ཡིན་སྟབས་སེ་ཁུང་ནས་བལྟས་ཚེ་གཡང་གཟར་ཆེ་བས་ཐུར་དུ་བལྟ་མི་ནུས་མཁན་ཡང་ཡོད། བཟོ་སྐྲུན་ངོ་མཚར་ཆེ་བ་དེས་བོད་ཀྱི་ཨར་ལས་བཟོ་པའི་བློ་གྲོས་དང་། ལག་རྩལ་གྱི་ཁྱད་ཆོས་མངོན་པ་ཞིག་ཡིན། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་ཚད་དགེ་སློང་ཉི་ཤུ་རྩ་ལྔ་ཡིན་ཡང་བླ་བྲང་གི་ལས་བྱེད་དང་དགེ་སློང་ཆོའི་དགེ་ཕྲུག་སོགས་མི་གྲངས༨༠ཟིན་སྐད། དགོན་བདག་ཀེའུ་ཚང་བླ་བྲང་ནས་བྱེད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།