གུང་ཐང་གཙུག་ལག་ཁང་།
ལྷ་སའི་སྐྱིད་ཆུའི་ལྷོ་ངོས་ལྷ་ས་གྲོང་ཁྱེར་དང་བར་ཐག་ལེ་དབར་བཅུ་ལྷག་ཙམ་གྱི་ཚལ་གུང་ཐང་ཤང་གི་ས་ཁོངས་སུ་གནས་ཡོད་ཅིང༌། གཙུག་ལག་ཁང་དེ་ནི་1187ལོར་ཞང་བརྩོན་འགྲུས་གྲགས་པས་ཕྱག་བཏབ་ནས་བཀའ་བརྒྱུད་ཕྱག་བཞེད་མཛད་པས་ཚལ་པ་བཀའ་བརྒྱུད་ཅེས་པའང་དེ་ནས་བྱུང༌། གཙུག་ལག་ཁང་ནང་གི་སྐུ་བརྙན་རྙིང་ཞིང་བབ་ཆགས་ལ་བཟོ་བཀོད་སྤུས་ལེགས་པས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བརྐོས་བརྙན་སྒྱུ་རྩལ་ཁྲོད་ཀྱི་གཙུག་རྒྱན་ལྟ་བུ་ཞིག་ཏུ་གྱུར་ཡོད།
ཞང་བརྩོན་འགྲུས་གྲགས་པས་གུང་ཐང་ལྷ་ཁང་བཞེངས་སྐབས་ཀྱི་རྒྱུ་ཆ་དང་གྲོན་དངུལ་ཁག་གཅིག་མི་གཞན་གྱིས་རང་འགུལ་ངང་ཕུལ་བ་དང་ཁག་གཅིག་སློང་མོ་དང་བསྡུ་རུབ་གནང་དགོས་བྱུང་བས་ཁོང་གི་གནང་སྟངས་དེར་བོད་ཀྱི་ཆོས་ལུགས་མི་སྣ་ཚོས་ཆོས་ལ་བློ་དཀར་བའི་ཆོས་ལུགས་མི་སྣ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོང་དང་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ། རྗེ་ཙོང་ཁ་བ་རྣམ་གསུམ་ལ་བོད་ཀྱི་མཆོག་གསུམ་ཞེས་འབོད་ཀྱི་ཡོད། 1546ལོར་མེ་སྐྱོན་བྱུང་ནས་གཙུག་ལག་ཁང་དབུས་མར་ལྷ་ཆེན་དཔལ་འབར་སོགས་རྟེན་རྙིང་འགའ་ཞིག་དང་གསེར་ཟངས་ཀྱི་སྒྲོལ་མའི་སྐུ་བརྙན་མ་གཏོགས་ཕལ་ཆེར་ཉམས་རྒུད་དུ་སོང༌། ཕྱིས་ལོ་གསུམ་རིང་གི་གྲ་སྒྲིག་བརྒྱུད་1549ལོ་ནས་བཟུང་བཀྲ་ཤིས་རབ་བརྟན་དང་དོན་གྲུབ་རབ་བརྟན། ཟུར་ཆོས་དབྱིངས་རང་གྲོལ་རྣམས་ནས་ཞལ་འཛིན་གནང་སྟེ་སྔོན་མའི་ཤུལ་དེ་རང་ལ་བསྐྱར་བཞེངས་གནང་བས་ད་ལམ་མཐོང་རྒྱུ་ཡོད་པ་དེ་ཉིད་ནི་1549ལོར་བསྐྱར་བཞེངས་གནང་བ་དེ་ལགས། གུང་ཐང་གཙུག་ལག་ཁང་ནི་རྡོ་རྩིག་ཐོག་སོ་ཉིས་ཅན་ལ་གསེར་གྱི་རྒྱ་ཕིབས་དང་གདུགས་སོགས་ཀྱིས་བརྒྱན་ཡོད། ཐོག་སོ་དང་པོར་ཚོགས་ཆེན་འདུ་ཁང་དང༌། ལྷ་ཁང་ལྔ། མགོན་ཁང་གཉིས་ཡོད་ཅིང༌། སྒོ་མཆོར་གྱི་ཤར་ནུབ་ཀྱི་རིང་ཚད་ལ་སྨི་8.2དང༌། ལྷོ་ནུབ་ཀྱི་ཞེང་ཚད་ལ་སྨི་4.8ཀ་བ་4ཕྱི་སྒོའི་ཞེང་ཚད་ལ་སྨི་2.8དང་མཐོ་ཚད་ལ་སྨི་2.5 སྒོ་ཐོད་དུ་ཤིང་བརྐོས་སེང་གེ་བདུན་བཅས་ཡོད། ཚོགས་ཆེན་འདུ་ཁང་གི་རིང་ཚད་ལ་སྨི་21.།དང་ཞེང་ཚད་སྨི་15.2དང༌། ཀ་རིང་2དང་ཀ་ཐུང་24བཅས་ཡོད། ཀ་རྒྱན་དང་ལྡེབས་རིས་མང་ཆེ་བ་གཏོར་སྐྱོན་དུ་སོང་རུང༌། ཤཱཀྱ་མུ་ནེ་དང༌། ཏཱ་ལའི་བླ་མ། རྗེ་ཙོང་ཁ་པ་ཡབ་སྲས་བཅས་ཀྱི་ལྡེབས་རིས་ཁག་ཅིག་ད་ལྟའང་བཞུགས་ཡོད། འདུ་ཁང་གི་ཕྱོགས་བཞིར་ལྷ་ཁང་དང་མགོན་ཁང་ཡོད་པ་ལས་བྱང་ངོས་སུ་གཅིག་དང་ནུབ་ངོས་སུ་གཉིས། ཤར་ལྷོ་སོ་སོར་གཉིས་རེ་བཅས་འདུག བྱང་ངོས་ཀྱི་ལྷ་ཁང་དབུས་མའི་ནང་དུ་མཐོ་ཚད་ལ་སྨི་7.5ཡོད་པའི་ཤཱཀྱ་མུ་ནེའི་སྐུ་ཞིག་བཞུགས་སུ་གསོལ་འདུག བརྟག་དཔྱད་རྩད་འདྲི་བྱས་པར་གཞིགས་ན། ལྷ་ཁང་དེའི་ལྷོ་ངོས་སུ་ད་དུང་ཚེ་དཔག་ལྷ་ཁང་དང་སྒྲོལ་མ་ལྷ་ཁང་སོགས་ཡོད་ཅིང༌། ནུབ་ཀྱི་བྱང་ངོས་ལྷ་ཁང་ནང་ཞང་བརྩོན་འགྲུས་གྲགས་པ་སོགས་ཀྱི་གསེར་ཟངས་ཀྱི་སྐུ་བརྙན་དང་ཁོང་གི་སློབ་མ་དཧརྨ་གཞོན་ནུ་སོགས་ཀྱི་འཇིམ་བརྙན། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་སོགས་ཀྱི་གསེར་ཟངས་ཀྱི་སྐུ་བརྙན། དེ་བཞིན་མར་པ་ལོ་ཙཱ་བ་དང་རྗེ་བཙུན་མི་ལ་སོགས་བཀའ་བརྒྱུད་མེས་པོ་ཚོའི་སྐུ་བརྙན་བཞུགས་སུ་གསོལ་ཡོད། ཚོགས་ཆེན་འདུ་ཁང་གི་ཤར་གྱི་བྱང་ངོས་ལྷ་ཁང་དེའི་རིང་ཚད་ལ་སྨི་16དང་ཞེང་ཚད་ལ་སྨི་10.1 ཀ་བ་ཉི་ཤུ་བཅས་ཡོད་པ་མ་ཟད། དེའི་ནང་ཞང་བརྩོན་འགྲུས་གྲགས་པའི་གསེར་ཟངས་ཀྱི་སྐུ་གདུང་དང་རྗེ་བཙུན་སྒྲོལ་མའི་གསེར་ཟངས་ཀྱི་སྐུ་བརྙན། ཨ་ཏི་ཤ་དང་འབྲོམ་སྟོན་པ། ད་དུང་རྗེ་བཙུན་མི་ལ་སོགས་ཀྱི་འཇིམ་བརྙན་དང་རྗེ་བཙུན་མི་ལའི་སྒྲུབ་ཁང་གི་དཔེ་མཚོན་སོགས་བཞུགས་སུ་གསོལ་ཡོད། ཚོགས་ཆེན་འདུ་ཁང་གི་ནུབ་ཀྱི་ལྷོ་ངོས་ལྷ་ཁང་དཀྱིལ་མའི་ནང་ཚེ་དཔག་མེད་དང༌། རྒྱལ་བ་བྱམས་པ། སྤྱན་རས་གཟིགས། གནས་རྟེན་བཅུ་དྲུག རྡོ་རྗེ་འཆང་སོགས་ཀྱི་འཇིམ་བརྙན་དང༌། ཚོགས་ཆེན་འདུ་ཁང་གི་ལྷོའི་ནུབ་ངོས་ལ་མགོན་པོ་ཕྱག་བཞི་དང༌། མགོན་པོ་བྱ་རོག་གདོང་ཅན་སོགས་ཀྱི་འཇིམ་བརྙན་བཞུགས་སུ་གསོལ་ཡོད་པ་བཅས་ལས་ད་ལྟ་མང་པོ་ཞིག་ཉམས་གསོ་དང་གསར་བཞེངས་གནང་མུས་སུ་མཆིས། གུང་ཐང་གཙུག་ལག་ཁང་གི་ཐོག་སོ་གཉིས་པར་སྒྲོལ་མ་ལྷ་ཁང་དང་ཏཱ་ལའི་བླ་མའི་གཟིམ་ཆུང༌། དེ་བཞིན་བླ་མ་རིམ་བྱོན་གྱི་གཟིམ་ཤག་ཡོད་ཅིང༌། ཤོད་སྲོལ་ལ་དེ་དག་ཚང་མའི་ནང་ལྡེབས་རིས་དང་ཐང་ག་དཔེ་ཆ་སོགས་མང་པོ་ཡོད་ཀྱང་དུས་ཡུན་རིང་པོ་སོང་བའི་རྐྱེན་གྱིས་ངོས་འཛིན་དཀའ་བར་སྣང༌།
གུང་ཐང་གཙུག་ལག་ཁང་གི་རྒྱབ་ཕྱོགས་སུ་དེ་སྔོན་ཞང་བརྩོན་འགྲུས་གྲགས་པས་ཕྱག་བཏབ་པར་བཞེད་པའི་མཆོད་རྟེན་ཆེན་པོ་བཅུ་གསུམ་ཡོད་ཀྱང་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་རལ་གཅིག་ལས་མེད། འོན་ཀྱང་དེ་མཇལ་བར་ཕེབས་མཁན་གནས་སྐོར་བ་སྔར་བཞིན་ཆུ་བོའི་རྒྱུན་ལྟར་བར་མེད་ཡོང་གི་ཡོད་སྐད་འདུག
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn