སྙེ་ཐང་སྒྲོལ་མ་ལྷ་ཁང་།
༄༅། ། གཙུག་ལག་ཁང་དེ་ནི་བོད་རབ་བྱུང་དང་པོའི་ཤིང་ལུག་﹙སྤྱི་ལོ་1055﹚ལོར་རྒྱལ་བ་འབྲོམ་སྟོན་པ་དང་སྐ་བ་ཤཱཀྱ་དབང་ཕྱུག་སོགས་ཀྱིས་དཔལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགའ་ལྡན་དུ་གཤེགས་ནས་ལོ་གཅིག་སོང་བའི་སྐུ་མཆོད་དུ་བཞེངས་པ་རེད། ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཆུ་ཤུལ་རྫོང་གི་ཁོངས་སུ་གནས་ཡོད། ཐོག་བརྩེགས་གཉིས་ཡོད་པ་ལས་འོག་ཁང་གི་ལྷ་ཁང་དཀྱིལ་མའི་ནང་དུ་གཙོ་བོར་ཇོ་བོ་རྗེའི་ཐུགས་དམ་ཀྱི་རྟེན་རྗེ་བཙུན་སྒྲོལ་མའི་སྐུ་ལི་མ་དེ་ནི་ཇོ་བོ་རྗེ་ལ་ལུང་བསྟན་ལན་མང་གནང་མྱོང་བ་དང་ལྷག་པར་ཇོ་བོ་རྗེས་བོད་དུ་ཕེབས་ན་བོད་ཀྱི་སེམས་ཅན་དང་བསྟན་པ་ལ་ཕན་པ་འོང་ཞེས་པ་དང་། ཨུ་པ་སི་ག་ཞག་གསུམ་དྲོད་ནས་འོང་བར་འདུག་ཅེས་ལུང་བསྟན་པའི་སྐུ་དེ་ཡིན་ཡང་དེང་སྐབས་རྩ་རླག་ཏུ་སོང་། སྒྲོལ་མའི་བཞུགས་འགྲམ་སྟེང་དུ་ཇོ་བོ་རྗེས་བཞེངས་པའི་ཐུབ་དབང་གི་སྐུ་ཐོག་ཚད་མ་གཅིག་དང་། རྗེ་བཙུན་སྒྲོལ་མའི་སྐུ་མི་ཚད་མ། ཇོ་བོ་རང་གི་བླ་མ་གསེར་གླིང་བ་ཆོས་ཀྱི་གྲགས་པའི་སྐུ་མི་ཚད་མ་བཅས་དང་། དེ་དག་གི་གཡས་གཡོན་དུ་བང་རིམ་གཉིས་སུ། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ཕོ་ལྷ་མི་དབང་གིས་བཞེངས་པའི་གསེར་ཟངས་ལས་གྲུབ་བའི་སྒྲོལ་མ་ཉི་ཤུ་རྩ་གཅིག་བཅས་སོ། གཡས་ཀྱི་ལྷ་ཁང་གི་ནང་དུ་གཙོ་བོར་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་མ། གཡས་གཡོན་དུ་ཇོ་བོ་རྗེས་རྒྱ་གར་ནས་གདན་དྲངས་པའི་བཀའ་གདམས་མཆོད་རྟེན་ལི་མ་ཆེ་བ་བཞི་ཡོད་པའི་གཅིག་གི་ནང་དུ་པཎ་ཆེན་ནཱ་རོ་པའི་སྤུར་ཐལ་བཞུགས་ཡོད། དེ་དག་གི་མདུན་དུ་ཇོ་བོ་རྗེའི་སྐུ་གཅིག་གཡས་གཡོན་དུ་ལི་མ་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་དེ་དག་ཇོ་བོ་རྗེས་རྒྱ་གར་ནས་གདན་དྲངས་པ་ཡིན་ནོ། གཡོན་ཀྱི་ལྷ་ཁང་གི་ནང་དུ་གཙོ་བོར་བྱེ་མའི་བཞུགས་ཁྲིའི་སྟེང་དུ་ཇོ་བོའི་སྐུ་ང་འདྲ་མ།
བྱེ་མའི་ཁྲི་དེ་ནི་ཇོ་བོའི་བསྟོད་པ་ལས། སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། བརྒྱ་བྱིན་ལ་སོགས་བར་སྣང་ལྷ་ཚོགས་ཀྱིས། རིན་ཆེན་སྣ་ལྔའི་མེ་ཏོག་ཆར་པ་ཕབ། བླ་མ་ལྷ་ཡི་ལྷ་ལ་གསོལ་བ་འདེབས། ཞེས་པའི་བཞུགས་ཁྲི་དེ་ཡིན། དེའི་རྒྱབ་ཏུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་དང་། རྒྱལ་བ་མར་མེ་མཛད་དང་། རྒྱལ་བ་འོད་སྲུང་། ཉེ་བའི་སྲས་ཆེན་བརྒྱད་བཅས་ཐོག་ཚད་མ་དང་། ཁྲོ་བོ་རྟ་མགྲིན་དང་ཕྱག་རྡོར་བཅས་དེ་དག་ནི་ཇོ་བོ་རང་གི་སློབ་མ་རྣམས་ཀྱིས་བཞེངས་པ་ཡིན་ནོ། ལྷ་ཁང་གི་ཕྱི་རོལ་དུ་ཕྱོགས་རེ་ལ་རྒྱལ་ཆེན་གཉིས་རེ་བཅས་རྒྱལ་ཆེན་བཞི། ཇོ་བོའི་སྐུ་ཆས་བཞུགས་པའི་སའི་མཆོད་རྟེན་གཉིས། ལྡེབས་རིས་སུ་སྟོན་པ་གཙོ་འཁོར་དང་ཇོ་འབྲོམ་ཡབ་སྲས་གསུམ་སོགས་ཡོད། རྩིག་པའི་ཕྱི་རོལ་དུ་མ་ཎི་འཁོར་ལོས་བསྐོར་བའོ། སྟེང་ཁང་དཀྱིལ་མ་རྒྱལ་བའི་གཟིམ་ཆུང་དང་གཡས་གཡོན་གཉིས་སུ་ནང་མ་ཁང་བཅས་ཡོད། ནུབ་ཀྱི་ལྷ་ཁང་ནང་དུ་ཇོ་བོ་རྗེའི་སྲུང་མ་མགོན་པོ་བཞུགས་པའི་མགོན་ཁང་གཅིག་དང་། མགོན་པོ་བ་དང་། སྐུ་གཉེར་ཁང་བཅས། སྒོ་ར་རྒྱ་ཆེ་བ་དང་སྒོ་རིམ་པ་གཉིས་བཅས་སོ། དེ་དག་ནི་མཉམ་མེད་ཇོ་བོ་རྗེ་ཤིང་རྟ་ལོར་དགའ་ལྡན་དུ་གཤེགས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དགེ་བཤེས་སྟོན་པ་རིན་པོ་ཆེས་ལྡེ་མིག་རྣམས་འཕན་པོ་ནས་སྐ་བ་ཤཱཀྱ་དབང་ཕྱུག་སྙེ་ཐང་དུ་འབྱོར་སྐབས་དེ་ལ་ཕུལ། སྐ་བ་ཤཱཀྱ་དབང་ཕྱུག་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་ལ་ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་རེ་བྱིན། མང་ཆེ་བ་འབྲོམ་ལ་ཕུལ། ཇོ་བོའི་སྐུ་མཆོད་ལེགས་པ་སྒྲུབ། སྐ་བ་རང་གི་ཁོངས་གཏོགས་ལ་ཕུལ་བ་ཚང་མ་དེར་བཞག་སྟེ་ལྷ་ཁང་ཞིག་བརྩིག་རྒྱུ་གནང་བས་སློབ་མ་གཞན་རྣམས་ཀྱིས་ཀྱང་རོགས་སྐྱོར་གནང་སྟེ་ཇོ་བོ་གཤེགས་ནས་ལོ་གཅིག་དུས་མཆོད་ལ་གཙུག་ལག་ཁང་དེ་བཞེངས་ཏེ་ཇོ་བོའི་སྐུ་ཆས་རྣམས་བཞུགས་སུ་གསོལ། དེ་ནས་བུ་སློབ་རྣམས་ཞལ་གྱེས། འབྲོམ་སྟོན་པས་ཇོ་བོའི་གཡོག་འཁོར་རྣམས་ཁྲིད་ནས་སྟོད་ལུང་ཕུར་བྱོན། དེ་རྗེས་འཕན་པོ་བརྒྱུད་ཕུ་མདོར་ཕེབས་ནས་རྭ་སྒྲེང་བཞེངས་པ་སོགས་གནང་ངོ། དེ་ལྟ་བུའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ནི་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་པ་དང་། རྭ་ལོ་རྡོ་རྗེ་གྲགས་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་ཙོང་ཁ་པ། རྒྱལ་བ་སྐུ་འཕྲེང་འགའ་ཞིག་དང་། པཎ་ཆེན་སྐུ་འཕྲེང་འགའ་ཞིག་ཀློང་རྡོལ་བླ་མ་སོགས་ལན་དུ་མར་བྱོན་ཏེ་བྱིནགྱིས་བརླབ་པ་སོགས་གནང་བ་དང་། རྭ་བ་སྟོད་པས་སྐུ་གཉེར་དང་། མགོན་པོ་བ་སོགས་བཙུགས་ཏེ་བདག་གཅེས་བྱེད་སྲོལ་ཡོད་པ་མ་ཟད་རིག་གནས་གསར་བརྗེའི་དུས་སྐབས་སུའང་གོད་ཆགས་མེད་པར་རྒྱལ་ཁབ་ནས་སྲུང་སྐྱོང་གནང་བ་ལགས་སོ།
གཙུག་ལག་ཁང་དེའི་ལྷོར་མདའ་རྒྱང་གང་ཙམ་གྱི་སར་ཡོད་པའི་ལྷ་ཁང་སེར་པོ་ཐོག་གཅིག་མ་དེ་ནི། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོ་རྗེའི་བཞུགས་གནས་སུ་བཞེངས་པ་དང་། དེའི་ནང་དུ་ཇོ་བོ་ང་འདྲ་མའི་སྐུ་དང་། ལྡེབ་རིས་སུ་ཇོ་བོ་སོགས་མང་པོ་ཡོད། གྲལ་མགོར་ཇོ་བོའི་གདུང་རྟེན་མཆོད་རྟེན་ཆེན་པོ་གཅིག་དང་། དེའི་གཡས་སུ་ས་སྐྱའི་བླ་མ་དམ་པའི་གདུང་རྟེན་གཅིག གཡོན་དུ་ཇོ་བོའི་རྟེན་བཞུགས་པའི་ས་འབུམ་གཅིག་བཅས་བཞུགས། ལྷ་ཁང་དེ་ནི་ཇོ་བོ་རྗེ་ལོ་དགུ་ཙམ་བཞུགས་མྱོང་བ་དང་། ཇོ་བོའི་སློབ་མ་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་བཀའ་འདྲི་གནང་སའི་གཟིམ་ཁང་ཡིན་པས་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དམ་པ་དུ་མའི་ཞབས་བཅགས་པའི་བྱིན་རླབས་ཆེ་བ་ལགས་ཀྱང་ད་ལྟ་ནི་ས་འོག་གི་གཏེར་དུ་གྱུར་ནས་མིང་གི་ལྷག་མ་ཙམ་དུ་ཟད་དོ།
《 ལྷ་སའི་དགོན་ཐོ།》བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn
n/e/admin/index.php