,གྲུབ་པའི་མཐའ་རྣམ་པར་གཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-29 07:29:16     རྩོམ་པ་པོ།   འཇམ་དབྱངས་བཞད་པ    ཀློག་ཐེངས།  

7b0f482309f79052cff80eba0ef3d7ca79cbd5fe.jpg


གདུལ་བྱའི་ཁམས་བཞིན་གསང་གསུམ་བརྟན་གཡོའི་གར། 

རབ་བསྒྱུར་མཐའ་ཡས་ཟབ་རྒྱས་ཆོས་ཀྱི་སྒོ། 

མང་ཕྱེ་རྟེན་འབྱུང་གཏམ་གྱིས་ཀུན་མཁྱེན་ལམ། 

སྟོན་མཛད་ཤཱཀ་སེང་བརྒྱུད་པར་བཅས་ཕྱག་འཚལ། 

ཟླ་བྲལ་མཁྱེན་རབ་རལ་གྲིའི་རྣོ་དང་ལྷན་ཅིག་སྟོང་པའི་མཁར་གདེངས་མི་ཤེས་དགྲ །ཐུགས་རྗེའི་སྤྱན་དང་འཛུམ་ལྡན་མཆུ་སྒྲོས་ལེགས་བཤད་འཆད་ལ་ལྷན་ཅིག་འགྲོ་ལ་བཞད། །ཆོས་མཛོད་གང་བསྣམས་དེ་དང་ལྷན་ཅིག་རྣལ་འབྱོར་དྲན་པར་གང་དེ་བརྗེད་མིན་འདྲི། །རྒྱལ་ཀུན་ཡབ་གཅིག་གཉིས་ཀྱེ་ཁྱོད་ཀྱིས་བདག་བློ་ངག་མཆོག་ལྷན་ཅིག་རྣམ་བཀྲ་མཛོད། །འོ་མཚོ་ལས་འོངས་ཤེལ་དཀར་ལྷུན་པོས་དབང་སྔོན་ཟུར་ཕུད་ངོམ། །ཟླ་རྒྱས་ཞལ་ལས་དཀྱུས་རིང་འདྲེན་བྱེད་ཨུཏྤལ་སྔོན་པོའི་མདའ། །འཕངས་པས་སེམས་རྨོངས་སྦུབས་གྲོལ་རྣམ་དཔྱོད་ཆེས་བཀྲའི་པདྨ་འབུམ། །ཁྱོད་ཀྱི་རྗེས་ཆགས་མཆུ་དང་ལྷན་ཅིག་བཞད་པར་མཛོད་ཅིག་ཚངས་སྲས་མ། །འདི་ན་མདོ་སྔགས་ཟབ་རྒྱས་ཉིན་མཚན་རེས་ཙམ་གྱིས། །སྤྱོད་ཚེ་ཐུབ་བསྟན་མ་ལུས་ཉམས་ལེན་རྣམ་སད་འོད། །འབྱིན་མཛད་བློ་བཟང་རྒྱལ་བ་སྔ་ཕྱི་སྲས་བཅས་སོགས། །ཐུབ་དབང་ཞལ་སྐྱིན་རྣམས་ལ་མི་གུས་དཔྱོད་ལྡན་སུ། །རིགས་གྲུར་དེད་དཔོན་མཁས་བསྟེན་ངལ་བ་བརྒྱས། །གྲུབ་མཐའ་རྒྱ་མཚོའི་མཐར་སོན་སྔོན་མེད་པའི། །ལེགས་བཤད་རིན་ཆེན་རྙེད་འདི་དཔྱོད་ལྡན་རྣམས། །དགའ་བཞིན་ཀུན་མཁྱེན་ལམ་གསལ་སྒྲོན་མེ་ཟུངས། །བསྟན་དང་སྟོན་པ་ལྟ་བས་ཕྱི་ནང་གཉིས། །བཀར་བཏགས་ལྟ་དང་སྒོམ་པ་སྲིད་པའི་གཉེན། །མཐའ་གཉིས་སྤངས་སྤྱོད་བྲལ་འབྲས་བརྟག་འགོག་བསྟན། །སྟོན་པ་སྐྱོན་ཟད་གཉིས་བཟློག་གཞན་གྱི་ཕྱིར། །སྐྱབས་འགྲོས་མིན་དང་སྟོན་པ་གཅིག་འདོད་འཁྲུལ། །བདག་ལྟའི་ཞེན་ཡུལ་སྒྲུབ་འགོག་ཕྱི་ནང་གཉིས། །དང་པོ་མངོན་ལྐོག་དབང་གིས་ཆད་རྟག་སྨྲ། །བདེན་དངོས་འདོད་འགོག་དངོས་སྨྲ་དངོས་ཉིད་མེད། །ཕྱི་ནང་ལ་ཞེན་དོན་སྨྲ་སེམས་ཙམ་པ། །སྟོན་སོགས་ཕལ་ཆེར་རང་སྡེར་འདྲེན་གུས་མང༌། །རང་རང་མཐའ་བྲལ་རྟོག་བཏགས་གོང་མས་འགོག །འོག་མ་འོག་མའི་ལྟ་བའང་གོང་མའི་སྟེགས། །གཞན་རྣམས་མཐར་ལྷུང་མཐའ་བྲལ་ཀླུའི་ཞབས་ལུགས། །ཞེས་གྲུབ་མཐའ་སྤྱིའི་རྣམ་བཞག་སྐབས་ཏེ་དང་པོའོ།། །།

༈ ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡིས། །གྲངས་ཅན་གཞུང་བརྩམས་དེའི་བདག་རྣམ་དབྱེ་ལ། །སྒྲོ་བཏགས་མི་འདྲས་མུ་སྟེགས་ལུགས་མང་གྱེས། །འགའ་ཞིག་གདོད་ནས་སྟོན་སོགས་ཐ་དད་འཆད། །ལ་ལར་ཀུན་སྟོན་དྲང་སྲོང་མཆོད་འོས་འདོད། །མཆོད་སྦྱིན་གཉིས་རིམ་འདིར་བྱུང་གྲངས་ཅན་སྔ། །གཞན་སྡེ་ཕྱི་བ་མུ་སྟེགས་བྱེད་སོགས་མིང༌། །ཉེར་ལྔ་བཤད་ཀྱང་འདིར་གསལ་མི་འདྲ་ཁྱིམ། །ལྔར་འཁྲུལ་རང་སྡེར་མི་མཚུངས་གྲངས་མ་བཀག །ཆད་སྨྲ་གཅིག་དང་རྟག་སྨྲ་བཅུ་གཅིག་གྲགས། །ཕུར་བུ་འཇིག་རྟེན་མིག་དང་འཇུག་སྟོབས་སྟོན། །ཚུར་མཛེས་ཆད་སྨྲ་མེད་སྨྲ་ཕུར་བུ་བ། །རྒྱང་ཕན་སོགས་སོ་རང་བཞིན་རྒྱུར་སྨྲ་འཁྲུལ། །རྒྱུ་འབྲས་ལྷ་སོགས་མི་འདོད་འདོད་བཤད་ཕྱིར། །སྔ་ཕྱི་གཏན་མེད་འགྲོ་གསུམ་ཙམ་སོགས་འཁྲུལ། །རྟོག་གེ་སྙོམས་འཇུག་འདོད་གདུང་ཕན་རློམ་གྱིས། །མཐོང་མིན་རྗེས་འགྲོ་མེད་པས་རྒྱུ་འབྲས་མེད། །ལུས་སེམས་ཙམ་བདག་ཞིག་ཕྱིར་སྔ་ཕྱི་མེད། །སེམས་ལུས་ཐ་དད་ལ་བརྟེན་རྒྱུད་གཅིག་མིན། །འབྱུང་ལས་སེམས་སྐྱེ་མྱང་འདས་དངོས་པོ་མེད། །མངོན་སུམ་ཚད་མ་རྗེས་དཔག་ཚད་མིན་འཁྲུལ། །སེམས་ཕྱིར་དེ་སྔོན་སོང་གྲུབ་གཡོ་དྲནའང་ཕྱིར། །གོམས་གསལ་རྗེས་འགྲོས་ཀུན་མཁྱེན་རྒྱུ་འབྲས་གྲུབ། །དེ་མེད་མངོན་མིན་རྗེས་དཔག་བཀག་ཕྱིར་ཡང༌། །ཞེས་ཆད་མཐའ་རྣམ་པར་བཀག་པའི་སྐབས་ཏེ་གཉིས་པའོ།། །།

༈ སེར་སྐྱ་མཆོད་འོས་དབང་ཕྱུག་ཆུ་ཀླུང་སྟོན། །གྲངས་ཅན་རང་བཞིན་རྒྱུར་སྨྲ་སེར་སྐྱ་སོགས། །དབྱེ་ངོ་སེར་སྐྱ་མངོན་གསལ་ལྷ་མེད་པ། །གྲངས་ཅན་ལྷར་བཅས་རྣམ་འགྱུར་ཆུ་ཀླུང་ལུགས། །མངོན་སུམ་ཚད་མ་དབང་པོའི་འཇུག་པ་གཉིས། །རང་དོན་འབྲེལ་བདུན་གཞན་དོན་རྣམ་གསལ་གཉིས། །དབང་ཕྱུག་རྒྱུད་དང་སུམ་ཅུ་པ་སོགས་ལུང༌། །ཡོན་ཏན་བྱ་བྱེད་མིན་དང་རྟག་དངོས་ཤེས། །ཟ་བོའི་བདག་ཡོད་སྤྱི་གློར་གནས་མི་གནས། །ཤེས་རིག་སྐྱེས་བུ་བདག་སོགས་ཉེར་བཞི་བེམ། །རྩ་བ་བྱེད་པོ་རྟག་གཅིག་ཡུལ་དང་ཁྱབ། །མི་གསལ་ཡོན་ཏན་མཉམ་འདོད་གནས་ལུགས་སོགས། །དེ་ལས་ཆེན་པོ་ཤེལ་འདྲ་གཉིས་འདྲེས་འཇལ། །ཡོན་ཏན་སྙིང་སྟོབས་རྡུལ་མུན་བདེ་སྡུག་སོགས། །བློ་ལས་ང་རྒྱལ་གསུམ་སྐྱེ་དང་པོ་ལས། །དེ་ཙམ་ལྔ་སྐྱེད་དེ་ལྔས་འབྱུང་བ་ལྔ། །གཉིས་པས་ལས་བློའི་དབང་པོ་ལྔ་ལྔ་ཡིད། །གསུམ་པ་དེ་གཉིས་འཇུག་བྱེད་མུ་བཞིའི་ཕྱིར། །ཉེར་ལྔ་གཙོ་བདག་ལ་སྡུད་ཤིན་ཏུ་འཁྲུལ། །སྤྱི་བདག་བདེན་དངོས་གཞན་རྫུན་སྐྱེ་བའི་ཚུལ། །སྔར་ཡོད་གསལ་འགྱུར་འཇིག་པ་ཐིམ་མམ་ཞི། །སྣ་ཚོགས་གཙོ་ཙམ་ལས་མིན་སེམས་མེད་ཕྱིར། །བྱིན་མེད་མི་རྩོམ་སྐྱེས་བུས་མིན་མི་ཤེས། །རང་བཞིན་ངོར་གནས་ཡོན་ཏན་དེ་གསུམ་གྱིས། །སྐྱེ་གནས་འཇིག་ཅིང་རྒྱུ་ཡོདའང་རིམ་ཕྱིར་འབྲས། །བསམ་གཟུགས་མངོན་ཤེས་གཙོར་ལྟའི་ལམ་སོགས་ཀྱིས། །འབའ་ཞིག་རང་བཞིན་བདག་གནས་ཐར་པ་གཉིས། །མཚན་ཉིད་ལྔ་བཅུ་འཆིང་ཐར་གསུམ་གསུམ་སོགས། །ཡོད་ཀྱང་སྐྱེ་ན་དོན་མེད་ཐུག་མེད་འགྱུར། །སྐྱེད་བྱེད་རྟག་དང་མ་ཉམས་འབྲས་ལྡོག་འགལ། །བེམ་ཕྱིར་མི་མྱོང་ཁྱབ་ཕྱིར་ཆ་མེད་འགལ། །རྟག་ཕྱིར་ཤེས་མིན་རྟག་ལ་འཆིང་གྲོལ་ཅི། །ཞེས་སེར་སྐྱ་བ་དང་གྲངས་ཅན་དག་གིས་སྒྲོ་བཏགས་པའི་རྟག་མཐའ་བསལ་བའི་སྐབས་ཏེ་གསུམ་པའོ།། །།

༈ ཚངས་སོགས་སྟོན་དང་བྲམ་ཟེ་རིག་བྱེད་སོགས། །ཚངས་པ་པད་སྒོང་ལས་སྐྱེས་དུས་མིང་བདུན། །ཞལ་བཞི་ལུས་ཆ་བཞི་ལས་རིག་བྱེད་བཞི། །མི་རིགས་བཞི་སྐྱེས་འཇིག་རྟེན་བྱེད་པ་པོ། །རིག་བྱེད་རང་བྱུང་ཨ་ཤྭ་མེ་དྷཱ་མཆོག །རྟག་ཞི་སྟོན་པ་བརྡ་སྤྲོད་སྒྲ་བྱེད་མིང༌། །སྣ་ཚོགས་གཞིར་བྱེད་སྒྲ་ཡི་ཚངས་པ་སྨྲ། །ཨོཾ་རིང་དངོས་ཀུན་རང་བཞིན་ཆ་མེད་རྟག །བདེན་འཇུག་རབ་རིབ་ཀྱིས་བསླད་སྣ་ཚོགས་སྣང༌། །ཕྱི་ནང་སྦྱིན་སྲེག་ལམ་དང་འཛག་བདེ་ཐར། །ཚད་མ་རིག་བྱེད་ཁོ་ན་ལ་ལའི་གཉིས། །ཚངས་སོགས་སྟོན་དང་རིག་བྱེད་མཐར་སྨྲ་སོགས། །ཁྱབ་ཕྲ་ཤེས་རྟག་སྐྱེསབུ་ཉི་མའི་མདོག །མུན་འདས་ཁོ་ནས་སྣོད་བཅུད་འཆིང་སོགས་བྱེད། །གསེར་མདོག་མཐོང་ཚེ་དེ་ཆར་ཐིམ་པ་གྲོལ། །ཚངས་སོགས་སྟོན་དང་རིག་བྱེད་གསང་བ་པ། །བདུད་རྩི་ཐིགས་ལུང་ཤེས་རིག་རྟག་པའི་བདག །ཆ་མེད་ངོ་བོ་ཉིད་མེད་བདེན་གྲུབ་འདོད། །རིགས་བཞི་མེད་འགྱུར་མིང་སྲིང་ཀུན་སྤྱད་འགྱུར། །འཚེ་བ་ཆོས་ཡིན་དམྱལ་བའི་རྒྱུ་གང་སོགས། །ཞེས་ཚངས་པ་པ་དང་བརྡ་སྤྲོད་པ་དང་རིག་བྱེད་མཐའ་བ་དང་གསང་བ་པ་བཞིས་སྒྲོ་བཏགས་པའི་རྟག་མཐའ་ཚད་བསལ་གྱི་སྐབས་ཏེ་བཞི་པའོ།། །།

༈ ནོར་ལྷ་ཟླ་བ་གཞོན་ནུ་མ་ལེན་སྟོན། །ཁྱབ་འཇུག་པ་དང་ཟླ་བ་གླུའི་ཆོས་སྨྲ། །རྟོག་ཕན་ཡལ་ག་མཚན་མོ་ལྔ་སོགས་ལུང༌། །ཁྱབ་འཇུག་བུད་མེད་མང་བསྐོར་སྒོ་ལྡན་གནས། །ཉི་སོགས་མཆོག་ང་བྲམ་ཟེ་ལུས་ཀྱིས་བྱེད། །ངོ་བོ་གཉིས་ལས་ཞི་བསྒོམ་ཐར་པ་ཐོབ། །མ་ཞིའི་ཉ་དང་རུས་སྦལ་ཕག་རྒོད་དང༌། །མི་ཡི་སེང་གེ་མིའུ་ཐུང་དགའ་བྱེད་གཉིས། །ནག་པ་སངས་རྒྱས་རིགས་ལྡན་འཇུག་པ་བཅུས། །བཏོན་དང་བཏེགས་མནན་བསད་བསླུས་མགྲིན་བཅུ་བསད། །རིགས་བཅད་དོན་བྱས་སྡིག་སྦྱངས་སེམས་ཅན་བཏུལ། །བྱེད་པོ་བདག་དང་ལས་དུས་རང་བཞིན་དང༌། །ཡོན་ཏན་ཉམས་པའི་སྟོང་པ་རྒྱུ་འབྲས་དང༌། །རླུང་ཡིག་སོགས་སྒོམ་ཐར་འདོད་འཁོར་མཐའ་འདོད། །རྒྱལ་དཔོག་པ་སྟོན་སྤྱད་པ་རྒྱལ་དཔོག་པ། །བདག་ནི་བློ་དང་ཤེས་རིག་རྟག་རྫས་སོགས། །དྲི་མ་སྐྱེས་བུའི་རང་བཞིན་ཀུན་མཁྱེན་མེད། །མཐོ་རིས་ཐར་འདོདའང་བྱས་ཤུགས་ཞེ་བརྒྱད་རྒྱུ། །རྭ་བཞི་རྐང་གསུམ་མགོ་གཉིས་ལག་པ་བདུན། །གསུམ་བཅིང་ཁྱུ་མཆོག་ང་རོ་རིག་བྱེད་ཁྱད། །གསུམ་མམ་བདུན་བདུན་མར་གྱིས་མཆོད་སྦྱིན་འདོད། །མངོན་སུམ་རྗེས་དཔག་ཉེར་འཇལ་སྒྲ་བྱུང་དང༌། །དོན་གོ་དངོས་མེད་ཅེས་བྱའི་ཚད་མ་དྲུག །ཁ་ཅིག་རིག་སྲིད་མ་དམིགས་གྲགས་སྙམ་སོགས། །ཀུན་ལ་ཁྱབ་ཕྱིར་བྲོས་འགལ་འཇུག་བཅུ་རྫུན། །སྤངས་རྟོགས་མཐར་འགྲོས་ཉེས་ཟད་ཀུན་མཁྱེན་འགྲུབ། །ཅེས་ཁྱབ་འཇུག་པ་དང་དཔྱོད་པ་པ་དག་གིས་སྒྲོ་བཏགས་པའི་རྟག་མཐའ་ཚད་བསལ་གྱི་སྐབས་ཏེ་ལྔ་པའོ།། །།

༈ ཞི་བ་དྲང་སྲོང་རྐང་མིག་ལ་སོགས་སྟོན། །དབང་ཕྱུག་ཡེ་སྲིད་པ་སོགས་དབྱེ་ན་གསུམ། །སྒྲ་བསྒྲགས་སྨེ་བརྩེགས་རྒྱུད་ལུང་ཚད་མ་འདྲ། །དབང་ཕྱུག་ཡོན་ཏན་བརྒྱད་ལྡན་ཏི་སེར་གནས། །སྡོད་སོགས་འཆོལ་ཕྱིར་སྐྱེ་འཇིག་བྱེད་པོར་གྲུབ། །བྱེད་པོ་བདག་སོགས་ལམ་དྲུག་ཁམས་དང་སྔགས། །འདོད་པ་བདག་དང་ཞི་བའི་དེ་ཉིད་ལྔ། །དེ་ནི་གསུམ་གནས་སྦྱོར་གཏོང་བཅུ་གཉིས་མདུད། །བཞི་པའི་ཡེ་ཤེས་ཐར་པའི་གོ་འཕང་སྨྲ། །རླུང་སྦྱོར་དྲག་པོའི་དབང་དང་འཛག་བདེ་ལམ། །ཐ་སྙད་འགལ་བས་བྱེ་བྲག་པ་སོགས་མིན། །སྟོན་པ་འུག་པ་གཟེགས་ཟན་རྐང་མིག་པ། །གཟེགས་ཟན་རྐང་མིག་འུག་ཕྲུག་ལུང་ཙམ་པའང༌། །དབྱེ་ངོ་བྱེ་བྲག་པ་དང་རིག་པ་ཅན། །དོན་དྲུག་ཚད་མ་བཞིས་འཇལ་མངོན་སུམ་ནི། །དབང་དོན་ཕྲད་འབྲེལ་དྲུག་བེམ་བྱེ་བྲག་པ། །དེ་ཕྲད་ཁྱད་པར་འཛིན་རྟོག་རིག་པ་ཅན། །རྗེས་དཔག་གསུམ་གསུམ་ལྷག་ལྡན་ཡང་དག་སོགས། །ལྔ་ལྡན་གཞན་དོན་ཉེར་འཇལ་འདྲ་བས་སྒྲུབ། །སྒྲ་བྱུང་ཞི་རྒྱུད་འཇིག་རྟེན་མིག་མདོ་ལུང༌། །རྫས་དང་ཡོན་ཏན་ལས་དང་སྤྱི་བྱེ་བྲག །འདུ་བ་ཚིག་གི་དོན་དྲུག་བདེན་དངོས་གཞི། །འབྱུང་བཞི་ཡིད་མཁའ་ཕྱོགས་བདག་དུས་དགུ་རྫས། །ལྔ་བཞི་མ་ཁྱབ་ཁྱབ་རྫས་བཞི་སོགས་བཞི། །གཞན་རྟག་ཡོན་ཏན་ཆ་གཉིས་ལས་མི་རྟག །ཟ་བོ་བྱེད་པོ་མ་བྱས་རྟག་ཤེས་མིན། །ཁྱབ་དང་བྱ་མེད་བདག་འདོད་ཁྱབ་ཕྲ་རིམ། །ཡིད་ནི་རྟག་དངོས་རྟོག་བཅས་ཡུལ་ཅན་བློ། །བཞི་ལྡན་ཡོན་ཏན་ཉེར་བཞི་ཉེར་ལྔ་ཡང༌། །ལས་ལྔའོ་ཆ་དང་ཆ་ཅན་སོགས་གཞན་རྫས། །གསུམ་ལས་དོན་གཞན་སྤྱི་ཡིན་ཁྱད་པར་བརྒྱད། །ཁྱད་ཞུགས་བྱེ་བྲག་འདུ་བ་འབྲེལ་བ་གཉིས། །སྣོད་བཅུད་ཕྲ་རབ་རྡུལ་དང་དབང་ཕྱུག་གིས། །ཁྲུས་སོགས་ཆོས་ཡིན་འཁོར་བ་ཡོན་ཏན་འདུ། །ཐར་པ་བརྗོད་མེད་ཡོན་ཏན་འདུ་འབྲལ་བདག །དེ་ཉིད་རྟོགས་པ་ཐར་རྒྱུ་ཐར་བར་འཁྲུལ། །དབང་ཕྱུག་དགའ་སྡུག་རྒྱུ་དང་སྡིག་སྤྱོད་འགྱུར། །འདོད་ལྟོས་ནུས་མེད་ཀུན་ཁྱབ་ཆ་མེད་འགལ། །རྟག་ཕྱིར་རྟག་ཏུ་སྐྱེ་འམ་གཏན་མི་སྐྱེ། །ཞེས་དབང་ཕྱུག་པ་དང་བྱེ་རིག་གཉིས་དང་གསུམ་གྱིས་འདོད་པའི་རྟག་མཐའ་བསལ་བའི་སྐབས་ཏེ་དྲུག་པའོ།། །།

༈ རྒྱལ་བ་དམ་པ་ཁྱུ་མཆོག་ལྡོང་རིས་སྟོན། །ཟ་བྱེད་མཆོད་འོས་གཅེར་བུ་ཀུན་ཏུ་རྒྱུ། །སྲོག་ནི་ལུས་ཚད་རྟག་བདག་སྐྱེས་བུ་འགྲོ། །མངོན་སུམ་རྟོག་བཅས་རྟོག་མེད་སྤྱི་གསལ་འཇལ། །ཚུལ་གསུམ་མི་འཐད་རྗེས་དཔག་ཚུལ་གཅིག་པ། །རྒྱས་བྱེད་སྐར་མའི་བསྟན་བཅོས་ལ་སོགས་ལུང༌། །སྲོག་དང་སྲོག་མིན་ཟག་པ་སྤངས་པ་སྡོམ། །བཅིང་ཐར་འགྲོ་འོང་དགུ་འམ་སྲོག་ཟག་སྡོམ། །ངེས་རྒ་འཆིང་ལས་སྡིག་བསོད་ཐར་པ་དགུ། །ཀུན་ཀྱང་རྫས་དང་རྣམ་གྲངས་རྟག་མི་རྟག །དུས་གསུམ་རྫས་དྲུག་སྲོག་ཅན་དྲུག་གམ་དགུ། །སྡོམ་ལྔ་བརྟུལ་ཞུགས་ལྔ་དང་ཡེ་ཤེས་ལྔ། །སྤྱོད་པ་བཅུ་གསུམ་ལམ་འདོད་ཐར་པ་གཟུགས། །འགྲོ་ལྔ་ལུས་ལྔ་དབང་པོ་གཅིག་ལྡན་སོགས། །འཆིང་བ་སུམ་བརྒྱ་དྲུག་ཅུ་ལས་ཚེ་སོགས། །མ་བརྩམས་ལུང་མ་བསྟན་དང་ཉལ་སོགས་ཕྱིར། །ཀུན་མཁྱེན་མེད་དང་ཤིང་སོགས་སེམས་ལྡན་སྒྲུབ། །ལྟར་སྣང་མང་ཡང་གནད་ཆུང་འདིར་མི་སྤྲོ། །རྫས་དང་རྣམ་གྲངས་ཕན་ཚུན་གཅིག་མེད་འཇིག །ཐར་པ་གཟུགས་ཕྱིར་ལས་ཟད་དོན་མེད་འགྱུར། །ཆེ་ཆུང་འགྱུར་ན་མི་རྟག་ཚུལ་གཅིགའང་འགལ། །ཞེས་ཀུན་ཏུ་རྒྱུ་དག་གིས་སྒྲོ་བཏགས་པའི་རྟག་མཐའ་ཚད་བསལ་གྱི་སྐབས་ཏེ་བདུན་པའོ།། །།

༈ རང་སྡེ་བྱེ་སྨྲ་མདོ་སེམས་དབུ་མ་པ། །བཞིར་ངེས་འདིར་ནི་གྲུབ་མཐའ་ལྔར་མིན་གསུངས། །འདི་བཞི་ཐེག་དམན་ཐེག་ཆེན་སྡེ་ཚུལ་གཉིསའང༌། །ཐེག་གསུམ་ལ་སྡུད་གསུམ་འདོད་ལྔར་དབྱེ་འཁྲུལ། །ཉན་ཐོས་སྡེ་གཉིས་ཀུན་གཞི་ཉོན་ཡིད་དང༌། །ཆོས་ཀྱི་བདག་མེད་ས་བཅུ་སྐུ་གསུམ་སོགས། །ཐེག་ཆེན་སྔོན་བཀར་མི་འདོད་ཕྱིས་འདོད་གྲགས། །བྱེ་བྲག་བཤད་མཚོ་གཙོ་བོར་སྨྲ་ཕྱིར་དང༌། །རྫས་ཀྱི་བྱེ་བྲག་སྨྲ་བས་བྱེ་སྨྲ་བ། །གྱེས་ཚུལ་གཉིས་སོགས་ཡོད་སྨྲ་ཕལ་ཆེན་དང༌། །གནས་བརྟན་མང་བཀུར་སྡེ་བདུན་ལྔ་གསུམ་གསུམ། །ཡང་ན་ཕལ་ཆེན་སྡེ་བརྒྱད་གནས་བརྟན་བཅུ། །དེ་ཀུན་བྱེ་སྨྲའི་སྡེ་དང་སྡེ་གཉིས་འགལ། །འདུས་ཙམ་ལ་ཆུང་ཐེག་ཆེན་བཤད་ཕྱིར་ཡང༌། །མང་བཀུར་སྡེ་ལྔས་བརྗོད་མེད་བདག་སྨྲ་ཡང༌། །གསུམ་ལྡན་བདག་མེད་ཀུན་མཚུངས་དེ་གཞན་མིན། །བདེན་གཉིས་ཕུང་ཁམས་སྐྱེ་མཆེད་འགྲོ་ལྔ་ཟས། །ཟག་བཅས་ཟག་མེད་འདུས་བྱས་མ་བྱས་གསུམ། །ནམ་མཁའ་སྣང་མུན་ཕྲ་རྡུལ་ཆ་རེག་མིན། །མངོན་རྗེས་ཚད་མ་ལམ་ལྔ་བྱང་ཆུབ་སོགས། །ཕྱིན་དྲུག་དགེ་འདུན་ཉི་ཤུ་ཞུགས་འབྲས་བརྒྱད། །བཅུ་གཉིས་མཛད་པ་ཆ་གཉིས་རྫོགས་སངས་རྒྱས། །ལྷག་མེད་གསུམ་གར་བེམ་རིག་རྒྱུན་ཆད་འབྲས། །བཅོམ་དང་གཞིག་པས་བློ་འདོར་མི་འདོར་ཆོས། །རིམ་བཞིན་ཀུན་རྫོབ་བདེན་དང་དོན་དམ་བདེན། །གསུམ་ཕྱིར་སྡེ་བདུན་བཀའ་དང་ལུང་འདུ་བྱེད། །མངོན་སུམ་དབང་ཡིད་རྣམ་འབྱོརའང་རང་རིག་མེད། །རྒྱུ་འབྲས་དུས་མཉམ་རྣམ་པར་རིག་མིན་གཟུགས། །དབང་ཤེས་རྣམ་མེད་གཞི་ལྔ་དངོས་པོ་རྫས། །གཟུགས་ཕུང་དེ་མིན་སངས་རྒྱས་མི་སློབ་ཆོས། །ཐུན་མོང་མིན་མང་ལེགས་ལྡན་གཞུང་སོགས་ལྟོས། །ཞེས་རྟག་པའི་མཐའ་བཀག་ནས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའི་སྐབས་ཏེ་བརྒྱད་པའོ།། །།

༈ མདོ་སྡེ་ཚད་མར་སྨྲ་བས་མདོ་སྡེ་པ། །དབྱེ་ངོ་ལུང་རིགས་རྗེས་འབྲང་རྣམ་པའི་གསུམ། །བདེན་གཉིས་བདེན་པར་དོན་བྱེད་ནུས་མི་ནུས། །ཕུང་ཁམས་སྐྱེ་མཆེད་འདུས་བྱས་མ་བྱས་གཞི། །བྱང་ཕྱོགས་རྣམ་ཐར་མཐར་གནས་བརྩེ་སོགས་ལམ། །ཞུགས་གནས་རང་རྒྱལ་གཉིས་དང་རྫོགས་སངས་རྒྱས། །དངོས་རྣམས་སྐད་ཅིག་སྡེ་བདུན་བཀའ་མིན་བྱས། །མངོན་པ་མདོ་འདུལ་ནང་གནས་རང་སྤྱི་འཆད། །ལུང་ནི་ཚིག་གཟུགས་ཕྲ་རྡུལ་ཆ་ཡོད་མེད། །རིག་མིན་གཟུགས་མེད་གཟུགས་ཅན་ཚད་མར་མིན། །མ་བྱས་དངོས་མེད་འདུ་བྱེད་བེམ་མེད་བཏགས། །དབང་ཤེས་རྣམ་ལྡན་ལུགས་གསུམ་གཟུང་རྣམ་མཉམ། །གྲངས་མཉམ་རིམ་འཛིན་སྣ་ཚོགས་གཅིག་རྣམས་འདོད། །ལུང་རིགས་སྡེའི་ལུགས་རྒྱུ་འབྲས་དུས་མི་མཉམ། །སྤངས་རྟོགས་མི་ཉམས་ལུས་ཤེས་ཡན་ལག་རུང༌། །མངོན་སུམ་དབང་ཡིད་རྣལ་འབྱོར་རང་རིགས་བཞི། །མངོན་སུམ་སྣང་ཡུལ་མི་རྟག་བདག་མེད་ཤུགས། །བྱང་འཕགས་མཉམ་བཞག་ཆོས་གཟུགས་གཉིས་སངས་རྒྱས། །ཞེས་རྟག་པའི་བདག་དང་རྫས་བཀག་ནས་མདོ་སྡེ་ཚད་མར་སྨྲ་བའི་སྐབས་ཏེ་དགུ་བའོ།། །།

༈ འཁོར་ལོ་དང་པོའི་དོན་བཞིན་དོན་སྨྲ་དང༌། །བར་མཐའི་ལུགས་བཞིན་དབུ་སེམས་གཉིས་བཞག་ཕྱིར། །གྲུབ་མཐའ་བཞི་ཡང་ཐུབ་དགོངས་མཆོག་དམནའང་བཞེད། །ཁྱད་པར་ཐེག་ཆེན་མདོ་དང་སྔགས་ཀྱིས་བསྡུས། །རེ་རེའང་མཁས་རྣམས་དབུ་སེམས་ལུགས་སུ་བཀྲལ། །རྒྱལ་བས་ལུང་བསྟན་ཤིང་རྟ་ཆེ་གཉིས་ཀྱིས། །བྱམས་མགོན་འཇམ་དབྱངས་དྲིན་གྱིས་དགོངས་འགྲེལ་དང༌། །བློ་གྲོས་མི་ཟད་མདོ་བཞིན་དབུ་སེམས་སྲོལ། །གསར་ཕྱེ་བཞིར་གྲགས་མི་འཐད་གསུམ་རུང་བཞེད། །ཕལ་ཆེར་རྒྱ་ཆེའི་ལམ་མཐུན་ཟབ་ལ་མིན། །ཁམས་གསུམ་རྣམ་རིག་ཉིད་དང་སེམས་ཙམ་དུ། །སྨྲ་བས་རྣམ་རིག་པ་དང་སེམས་ཙམ་པ། །དབྱེ་བ་ལུང་རིགས་རྗེས་འབྲང་རྣམ་བདེན་རྫུན། །ལེགས་ཕྱེ་ངེས་དོན་གཞན་གཉིས་དྲང་བའི་དོན། །དྲང་ངེས་རྟོན་རིགས་དགོངས་ལྡེམ་བཞི་བཞིས་འབྱེད། །དང་པོ་དྲང་དོན་ལུང་དང་ཕྱི་རོལ་དོན། །མེད་ཕྱིར་དོན་སྣང་ལ་དགོངས་དེ་གཞུག་ཆེད། །བར་བ་ཐེག་ཆེན་ཟབ་མདོ་སྒྲ་བཞིན་མིན། །མཚན་ཉིད་གསུམ་གྱི་ངོ་བོ་ཉིད་མེད་པར། །དགོངས་ཕྱིར་སྒྲ་བཞིན་མི་རུང་སྐུར་འདེབས་འགྱུར། །དེ་ལྟར་མ་སྐྱེས་སོགས་ཕྱིར་མ་སྐྱེས་སོགས། །སྐྱེ་མེད་ཆོས་བཟོད་རང་གཞན་སོགས་བརྒྱད་ཀྱི། །གཟུང་འཛིན་རང་མཚན་རྒྱུ་འབྲས་མཚན་མཚོན་སོགས། །བྱ་བྱེད་ལ་དགོངས་དེ་བཤད་ཆོས་གྲགས་ཀྱང༌། །སྔ་མས་ཁམས་ནི་ནུས་ངེས་བདེན་གྲུབ་ཕྱིར། །ཐེག་གསུམ་རིགས་ངེས་རིགས་ཆད་ཐོས་སོགས་ཀྱིས། །ཞུགས་ཀྱང་སྐྱོ་སོགས་ངེས་འབྱུང་གཏན་མི་སྐྱེ། །ཕྱི་མས་མི་རྟག་ཐབས་ཡོད་དེ་ཤེས་ཡོད། །སྟོན་དང་དོན་གཉེར་སྲིད་ཕྱིར་ཐེག་གཅིགའང་འགྲུབ། །ཀུན་བཏགས་བདེན་གྲུབ་སྒྲོ་འདོགས་གཞན་གཉིས་པོ། །བདེན་མེད་སྐུར་འདེབས་ཟློག་པ་དབུ་མའི་ལམ། །དངོས་ཀུན་བདེན་ན་བྱེད་པོའང་ཀུན་རྫོབ་ཏུ། །ཡོད་ཅེས་བཤད་ཅི་བདེན་གཉིས་ཡོད་ཚུལ་གཉིས། །དང་པོ་དབུ་སེམས་ཡོད་མེད་རྩོད་ས་དང༌། །གཉིས་པ་ཀུན་ཉོན་སློང་རུང་ཐ་སྙད་གཞི། །ཡིན་མིན་ཀུན་རྫོབ་དོན་དམ་ཡོད་གསུངས་ཙམ། །རྫས་བཏགས་འང་གཉིས་ཕྱིར་དངོས་པོ་རྫུན་གྲུབ་འཁྲུལ། །བཏགས་ཆ་ཀུན་བཏགས་ཡོངས་ཆད་རྣམ་གྲངས་གཉིས། །མེད་དང་མ་སྐྱེས་ཀུན་རྫོབ་རིམ་བཞིན་འཇོག །འཁྲུལ་གཞི་འཁྲུལ་བ་གཞན་དབང་དག་མ་དག །རིམ་བཞིན་མི་རྟོག་ཡེ་ཤེས་ཉོན་མོངས་རྣམས། །བདག་གཉིས་བཏགས་པས་སྟོང་པ་ཡོངས་གྲུབ་སྟེ། །བདག་མེད་གཉིས་དང་རེ་རེའང་ཉི་ཤུ་སོགས། །སྒྲས་བརྗོད་དོན་ཐོབ་སྒྲུབ་པ་དོན་དམ་གསུམ། །སྣོད་བཅུད་ཆགས་འཇིག་གནས་སོགས་ཆ་འདྲ་ཡང༌། །འདོད་པ་སོ་དྲུག་གནས་རིགས་བཅོ་བརྒྱད་གཟུགས། །རི་དབྱིབས་སོགས་མིན་ངེས་པའི་ལས་འདག་སོགས། །ཕུང་སོགས་དབྱེ་ཚུལ་དགེ་སོགས་མི་འདྲ་ཡང༌། །ཤེས་བྱར་བདེན་གཉིས་ངོ་བོ་གཅིག་ལྡོག་དབྱེ། །ཀུན་ཉོན་སྐྱེ་རུང་དམིགས་པ་ཀུན་རྫོབ་བདེན། །རྣམ་གྲངས་ཐ་སྙད་བདེན་སོགས་དབྱེ་ན་གསུམ། །རྣམ་དག་ལམ་དམིགས་མཐར་ཐུག་དོན་དམ་བདེན། །རྣམ་གྲངས་ཆོས་ཉིད་དེ་ཉིད་སོགས་དབྱེ་ཟིན། །མངོན་ལྐོག་དབང་གིས་ཚད་མར་མངོན་རྗེས་གཉིས། །མངོན་སུམ་བཞི་དང་དབང་མངོན་འོག་མ་འཁྲུལ། །སྔ་རོལ་དེ་བློ་མེད་ཕྱིར་དེའི་བདག་འགལ། །དེ་མིང་མང་ཕྱིར་དོན་གཅིག་བདག་མང་འགལ། །མིང་དོན་གཅིག་འཇུག་མ་ངེས་བདག་འདྲེས་འགལ། །ཚོལ་བཞིས་བཙལ་བཞིན་མེད་ཕྱིར་དེར་དེ་མེད། །ལྷན་ཅིག་དམིགས་པ་ངེས་ཕྱིར་དེ་གཞན་མིན། །ཕྲ་རྡུལ་བསྐོར་ཚེ་ཤར་ངོས་ནུབ་ཕྱོགས་ལ། །མི་བལྟ་ཆ་བཅས་བལྟས་ན་རགས་མི་འགྱུར། །ཕྲ་རབ་ཡིན་ཀྱང་བྱེ་སྨྲའི་མིན་ཅི་འགལ། །མང་པོས་བཀག་ཕྱིར་དབུ་སེམས་དེ་འདོད་འཁྲུལ། །མཉམ་བཞག་ངོར་མེད་དངོས་གཅིག་ཡིད་མང་ཕྱིར། །དེ་ཡིད་འོང་དང་མི་འོང་སྦྱོར་སྣང་སོགས། །རྨི་སོགས་མཚུངས་ཕྱིར་དོན་མེད་སེམས་ཙམ་བདེན། །དོན་རྟོག་ཞེན་གཞི་མེད་པས་རྟོག་མེད་ལ། །དེར་སྣང་འཁྲུལ་བས་དེ་དང་རྫས་གཞན་ཁེགས། །རྟེན་ཕྱིར་འདི་བསལ་ཀུན་རྟོག་བརྒྱ་སོགས་ལྡོག །འཇུག་པའི་ཤེས་པར་རགས་སྣང་རྩོད་པའི་གཞི། །རྩོད་ཚུལ་བདེན་མི་བདེན་ནམ་ཡོད་མེད་དམ། །རྨོངས་པས་མ་བསླད་བསླད་པས་བདེན་རྫུན་རྩོད། །དབུ་སེམས་བདེན་རྫུན་ཡོད་དང་དངོས་སོགས་མིན། །རྣམ་བདེན་ལ་གསུམ་སྒོ་ང་ཕྱེད་ཚལ་དང༌། །གཟུང་འཛིན་གྲངས་མཉམ་སྣ་ཚོགས་གཉིས་མེད་རིམ། །ཤེས་པའི་གཟུང་འཛིན་ཐ་དད་བྲམ་ཟེ་འདོད། །གཟུང་པའི་གྲངས་སྙེད་རྣམ་འདོད་ཤཱཀྱ་བློ། །སྣ་ཚོགས་ཤེས་རྣམ་གཅིག་འདོད་ཆོས་གྲགས་ཞབས། །རྣམ་རྫུན་ལ་གཉིས་རྒྱལ་ལ་གཉིས་སྣང་དྲི། །ཡོད་དང་མེད་པས་དྲི་བཅས་དྲི་མེད་གྲགས། །རྣམ་རྫུན་ཕྱི་དོན་ཡུལ་བྱས་ཚད་འབྲས་ལོ། །མི་འཐད་ཕྱི་དོན་གྲུབ་ན་སེམས་ཙམ་ཅི། །རྟོག་ངོར་ཟེར་ན་རྣམ་བདེན་ལ་མཚུངས་འཁྲུལ། །ཆོས་ཀུན་སེམས་ཡིན་ཟེར་བའང་མི་འཐད་རྩིང༌། །སྐྱོན་ཡོན་འཁོར་འདས་གཅིག་འགྱུར་སྐྱོན་སོགས་མང༌། །སེམས་ཙམ་དོན་ཅི་རྨི་ལམ་མིར་སྣང་བ། །སེམས་ཡིན་མི་སྨྲ་དེ་མིན་གཞན་མིན་བཞིན། །སྣང་གྲགས་སེམས་མིན་སེམས་ལས་རྫས་གཞན་མིན། །ཀུན་གཞི་མ་བསྒྲིབ་ལུང་མ་བསྟན་པའི་སེམས། །ཕྲ་བ་ལྐོག་གྱུར་ས་བོན་ཐམས་ཅད་པ། །ཉོན་ཡིད་དེར་དམིགས་ངར་སེམས་ཁྱད་པར་ཅན། །རྣམ་ཤེས་ཚོགས་བརྒྱད་སྐུ་མཆེད་རྗེས་འབྲང་འདོད། །མ་བཤད་རྟོག་གཉིས་ཅིག་ཅར་མིན་སོགས་ཕྱིར། །བརྒྱད་མིན་ཚོགས་དྲུག་སྡེ་བདུན་རྗེས་འབྲང་ལུགས། །སྒོམ་ཐབས་ཡིད་བྱེད་དམིགས་པར་མཁས་དགོས་ཕྱིར། །ཡིད་བྱེད་དངོས་གཞི་བདུན་དང་གཞན་བཞི་བཅུ། །དམིགས་པ་མཚན་མའོ་བཞི་དང་སུམ་ཅུ་གཉིས། །བསྡུས་ན་གཉིས་སམ་སེམས་དགུའང་ལྔ་སྤོང་སོགས། །བཅུ་གཉིས་བཞི་སོགས་ས་དང་ཕར་ཕྱིན་ཁྱད། །བརྒྱ་ཕྲག་བཅུ་གཉིས་མིག་སོགས་གནས་གྱུར་དང༌། །སྐུ་བཞི་ལྔ་སོགས་བཅུ་གཉིས་འཕྲིན་ལས་སོགས། །འབྱེད་གཉིས་རྒྱན་དང་དགོངས་འགྲེལ་སོགས་ལས་བཤད། །ཕྱི་དོན་སོགས་ཆོས་བདག་རགས་པ་བཀག་ནས་ཆོས་ཀྱི་བདག་མེད་སྒྲུབ་པའི་རྣམ་རིག་པའི་སྐབས་ཏེ་བཅུ་བའོ།། །།

༈ མཐའ་བྲལ་དབུས་སྨྲ་ངོ་བོ་ཉིད་མེད་པས། །དབུ་མ་པ་དང་ངོ་བོ་ཉིད་མེད་པ། །དབྱེ་བ་ཐལ་རང་གཉིས་དང་གཞན་མིང་ཙམ། །ཐ་སྙད་དུ་ཡང་ཡོད་མིན་མེད་མཐའ་དང༌། །བདེན་དངོས་རྟག་མཐའ་བཀག་ནས་རྟེན་འབྱུང་ཆོས། །དབུ་མར་འདོད་མཚུངས་གཉིས་ཀ་དབུ་མ་བ། །ཕྲ་མོའི་མཐའ་ཀུན་བྲལ་དེ་ཐལ་འགྱུར་ལུགས། །བྱུང་རིམ་ཐུབ་རྗེས་བཞི་བརྒྱའི་དུས་ན་ཀླུས། །ཐེག་ཆེན་སྤྱན་དྲངས་དབུ་མར་བཀྲལ་སྲོལ་ཕྱེ། །དགུ་བརྒྱར་སེམས་ཙམ་སྲོལ་ཕྱེ་ཐོགས་མེད་ཀྱིས། །རྩ་བ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བཀྲལ། །བྷ་བྱས་སྐྱོན་བཟུང་དབུ་མ་རང་རྒྱུད་ཕྱེ། །ཟླ་བས་ལེགས་བཀག་ཐུན་མོང་མིན་པར་བསྒྲུབས། །དེ་རྗེས་ཞི་འཚོས་རང་རྒྱུད་གཉིས་པ་བྱས། །ཅི་ཡང་མེད་དང་གཞན་སྟོང་རྟག་བདག་སྨྲ། །བདེན་གཉིས་མི་འདོད་ལུགས་མེད་ཚད་གྲུབ་མེད། །ལ་སོགས་མཐར་ལྷུང་དབུ་མར་རློམ་ཀྱང་མིན། །ཁྱད་པར་ཟླ་བའི་ལུགས་རློམ་ཀུན་མཁྱེན་ལ། །ཀུན་ཏུ་དགྲར་འཛིན་ཁྱོད་ལ་འགལ་འཁྲུལ་མང༌། །ཐམས་ཅད་མཁྱེན་ཡང་ཇི་སྙེད་མི་མཁྱེན་འགལ། །དེ་མེད་ཟད་སྤྱོད་ལུགས་ངན་དབུ་མར་འཁྲུལ། །དོན་དམ་རྟེན་འབྱུང་ཚུགས་ཐུབ་གྲུབ་ཆེས་འགལ། །ལས་འབྲས་འདོད་དང་རྣམ་སྨིན་གཏན་མེད་འགལ། །མ་ཞིག་ལས་ཀྱིས་འབྲས་བསྐྱེད་དུས་མཉམ་འཁྲུལ། །བསྐལ་བར་མི་འཇིག་ལས་དང་དབུ་མ་འགལ། །རང་ལུགས་ཟབ་རྒྱས་མི་འདོད་དབུ་མ་འགལ། །མ་དཔྱད་དབྱེ་གཞིར་དཔྱད་དོན་དབྱེ་བ་འགལ། །སྟོང་མིན་ཐར་ལམ་ཞི་སྒོ་གཉིས་མེད་འགལ། །ཅི་ཡང་མ་བསྒོམ་སྟོང་ཉིད་བསྒོམ་པ་འགལ། །དེ་གཞན་ཙམ་གྱིས་གཞན་སྐྱེ་ཁས་ལེན་དང༌། །བདག་འདོད་ཙམ་གྱིས་བདག་སྐྱེ་མི་འདོད་འགལ། །བསྐལ་མང་གནས་ཀུན་བསླབ་ཀྱང་འབྲས་དུས་ན། །ཇི་སྙེད་གཅིག་ཀྱང་མི་ཤེས་ལམ་རིམ་འཁྲུལ། །ལྷག་མེད་གཟུགས་རིག་གཏན་མེད་སྐུ་བཞི་འགལ། །མངོན་རྗེས་གཉིས་འདོད་ཚད་མ་མི་འདོད་འགལ། །སྒྲུབ་བྱེད་ཡོད་དང་ཚད་གྲུབ་དངོས་མེད་འགལ། །མ་འདྲེས་སྟོབས་ཐོབ་འཁོར་བའི་རྫོགས་སངས་འགལ། །འཇིག་ལྟའི་ཞེན་ཡུལ་སྒྲུབ་དང་འགོག་པ་འགལ། །བདག་མེད་ཕྲ་རགས་ལྟ་གཉིས་ཡུལ་གཅིག་འགལ། །ཀུན་གཞི་ཡོད་དང་ཕྱི་དོན་འདོད་པ་འགལ། །དོན་དམ་རིགས་གྲུབ་མཉམ་བཞག་ཡུལ་མེད་འགལ། །རྣལ་འབྱོར་མངོན་མིན་བདག་མེད་མངོན་གྱུར་འགལ། །འཁོར་རྩ་གསུམ་དང་ཞི་སྒོ་གཅིག་པ་འགལ། །དེ་འགོག་བསྟན་བཅོས་གང་དེའི་ལུགས་ཡིན་འགལ། །འཐད་པ་བྲལ་ཡང་རུང་དང་རིགས་པ་འགལ། །གཞི་ཀུན་མེད་དང་ཁྱད་གཞི་གདགས་གཞི་འགལ། །རྫོགས་སངས་རྒྱས་དང་ཚོགས་ལམ་སླར་འཇུག་འགལ། །ཤེས་སྒྲིབ་ཀུན་ཟད་འཕོ་འགྱུར་བག་ཆགས་འགལ། །བརྗོད་བྲལ་ཁ་བྱང་སྒོམ་ངན་ཁྱོད་འཁྲུལ་རྒྱུ། །རང་རྒྱུད་རྟགས་སམ་རང་དབང་རྟགས་གཅིག་ཕྱིར། །ཚུལ་གསུམ་ཆོས་ཅན་མཐུན་སྣང་རང་དབང་གིས། །བསྒྲུབ་བྱ་སྒྲུབ་བྱེད་རྟགས་འགོད་རང་རྒྱུད་པ། །མདོ་སྡེ་རྣལ་འབྱོར་དབུ་མ་རང་རྒྱུད་གཉིས། །སྔ་མས་ཕྱི་རོལ་དོན་སྒྲུབ་ཕྱི་མས་འགོག །རང་མཚན་གྱིས་གྲུབ་མཚན་ཉིད་གསུམ་བཞེད་ཀྱང༌། །བདེན་མེད་ལ་དགོངས་དེ་དང་དེ་མེད་གསུངས། །སྟོང་གཞི་བདེན་བཏགས་ཆ་དང་དེས་སྟོང་པ། །རིམ་བཞིན་གཞན་དབང་ཀུན་བཏགས་ཡོངས་གྲུབ་སྟེ། །རང་དབང་མིན་ཕྱིར་བཏགས་ཕྱིར་གནས་ལུགས་ཕྱིར། །སྡུད་པོ་མི་གཅིག་མི་རྟོགས་ཐེག་ཆེན་དོན། །ཡོད་ཕྱིར་དམན་མདོར་ཆོས་ཀྱི་བདག་མེད་མིན། །ཐག་འཁྱིལ་སྦྲུལ་འཇིགས་ལྕུགས་འཛིན་བློས་བསལ་བཞིན། །བདག་མེད་རྟོགས་པས་རྨོངས་འཇོམས་གནས་ལུགས་མིན། །དོན་དམ་ཕྱི་རོལ་མེད་གསུངས་སེམས་གཅིག་པུ། །གནས་ལུས་སོགས་གསུངས་རྣམ་པའོ་སེམས་ཙམ་སྒྲས། །བྱེད་པོ་འགོག་ཕྱིར་གཟུང་མེད་མདོ་དོན་མིན། །དབང་ཤེས་རྣམ་ལྡན་གཟུང་འཛིན་རྒྱུ་འབྲས་རིམ། །དམག་སོགས་གཞན་འདུས་བཏགས་ཡོད་རིགས་མཐུན་རྡུལ། །བསགས་པའང་རྫས་ཡོད་རེ་རེའང་དམིགས་རྐྱེན་རུང༌། །ཟླ་བ་གཅིག་བརྟེན་ཟླ་གཉིས་སྣང་བ་སོགས། །ཕྱི་རོལ་མེད་ན་མི་སྐྱེ་སྐུར་འདེབས་འགྱུར། །ཡུལ་སྣང་མེད་ཕྱིར་ཡུལ་ཅན་རང་རིག་མིན། །བདེན་ན་རིགས་ངོར་ཡོད་དགོས་བདེན་གྲུབ་ཕྱིར། །དེར་ཡོད་བདེན་གྲུབ་མི་དགོས་ཆོས་ཉིད་བཞིན། །རིགས་ཤེས་རྙེད་དོན་ཡོད་ཀྱང་དེས་དཔྱད་བཟོད། །བདེན་པར་བཟོད་དགོས་བདེན་གྲུབ་ལ་དཔྱད་ཕྱིར། །རིགས་ཤེས་དཔྱད་བཟོད་བདེན་གྲུབ་འདིར་དགག་བྱ། །རྟགས་དང་བསྒྲུབ་བྱའི་ཆོས་མཐུན་དཔེ་སླ་ཕྱིར། །ཕལ་ཆེར་དགག་རྟགས་འགལ་ཟླ་དམིགས་འགོད་དཔེར། །དབང་པོ་ཡིན་ཕྱིར་མིག་ནི་དོན་དམ་པར། །གཟུགས་ལ་མི་བལྟ་རྣ་དབང་བཞིན་སོགས་འགོད། །ཤེས་བྱར་བདེན་གཉིས་དམ་པ་ཟག་མེད་བློ། །དོན་ནི་དེས་རྙེད་མི་བསླུའི་ཕྱིར་བདེན་པའོ། །སྒྲིབ་ཕྱིར་ཀུན་རྫོབ་དེ་ངོར་བདེན་པས་གཞན། །སྣང་ལྟར་དོན་བྱེད་ནུས་དང་མི་ནུས་ཆོས། །ཐ་སྙད་བདེན་ཕྱིར་ཀུན་རྫོབ་ཡང་ལོག་དབྱེ། །དང་པོ་དངོས་རྣམས་གཉིས་པ་གཟུགས་བརྙན་སོགས། །མངོན་རྗེས་གཉིས་དང་མངོན་སུམ་གསུམ་བཞི་རིམ། །རིགས་ངེས་སྒྲིབ་གཉིས་ཟད་དང་རྫོགས་བྱང་མཉམ། །སྐུ་གསུམ་གསང་གསུམ་མ་འདྲེས་སུམ་བརྒྱ་སོགས། །དུག་གསུམ་ཉོན་སྒྲིབ་ཤེས་སྒྲིབ་བདེན་འཛིན་སྐོར། །ཉན་རང་ལམ་མཐུན་ཁྱད་པར་དུས་འབྲས་ཀྱིས། །རང་རྒྱུད་གཉིས་པར་རྣམ་བདེན་རྫུན་མཐུན་གཉིས། །དང་པོ་ཞི་འཚོ་ཡབ་སྲས་རྣམ་པ་དངོས། །གཉིས་པ་རྣམ་པ་དངོས་མེད་སེང་གེ་བཟང༌། །རྣམ་རྫུན་དྲི་བཅས་དང་མཐུན་ཛེ་ཏཱ་རི། །རྣམ་རྫུན་དྲི་མེད་དང་མཐུན་ཀམྤ་ལ། །འབུམ་སོགས་ངེས་དོན་དོན་དམ་མ་སྦྱར་མདོ། །གཉིས་པར་མཚུངས་ཀྱང་དྲང་དོན་དགོངས་འགྲེལ་ལུགས། །མཚན་ཉིད་གསུམ་གྱི་ཚུལ་འདྲ་ཕྱི་དོན་མེད། །རྒྱན་སྟུག་དགོངས་འགྲེལ་ལང་གཤེགས་མདོ་སོགས་དོན། །གཙོ་ཕལ་ཆ་གཉིས་རིམ་བཞིན་དབུ་སེམས་ལུགས། །གནོད་མེད་བློའི་སྣང་བཞག་མིན་དགག་བྱར་མཐུན། །ལང་གཤེགས་ཡབ་སྲས་མཇལ་བ་ལས་གསུངས་ཕྱིར། །ཕལ་ཆེར་འབྲེལ་ཟླ་མ་དམིགས་རྟགས་འགོད་དཔེ། །བདེན་པའི་གཅིག་དང་དུ་མ་དང་བྲལ་ཕྱིར། །གཟུགས་སོགས་བདེན་མེད་གཟུགས་བརྙན་བཞིན་བདེན་ན། །གཉིས་པོ་དེར་ངེས་ཁྱབ་གྲུབ་ཕྱོགས་ཆོས་དེའི། །གཅིག་མིན་ཆ་བཅས་དུ་མིན་གཅིག་མེད་ཕྱིར། །རྡོ་རྗེ་གཟེགས་མ་ཡོད་མེད་སྐྱེ་འགོག་དང༌། །མུ་བཞི་སྐྱེ་འགོག་རྟེན་འབྲེལ་རྟགས་རྣམས་གཙོ། །གང་ཟག་བདག་མེད་བདེན་གཉིས་རྣམ་བཞག་མཐུན། །ཤེས་སྒྲིབ་ཕྲ་རགས་བདེན་འཛིན་གཟུང་འཛིན་སོགས། །བདེན་རྣམ་བཅུ་དྲུག་གཉིས་སྟོང་བདེན་མེད་རྣམས། །ཉན་རང་ཐེག་ཆེན་ལམ་གྱི་རྟོགས་རིགས་ཁྱད། །མཐོང་སྒོམ་མཉམ་རྗེས་ཁྱད་པར་གཉིས་ཀ་མཐུན། །ཞེས་དངོས་པོ་བདེན་གྲུབ་ཀྱི་མཐའ་རྣམས་བསལ་ནས་དབུ་མར་སྒྲུབ་པ་རང་རྒྱུད་ཀྱི་སྐབས་ཏེ་བཅུ་གཅིག་པའོ།། །།

༈ རང་རྒྱུད་མི་བཞེད་ཕྱི་རྒོལ་ཁས་བླངས་ལ། །འགལ་བརྗོད་ཐལ་འགྱུར་གཙོ་ཕྱིར་ཐལ་འགྱུར་བ། །ཐལ་འགྱུར་སྣང་ཙམ་མི་གནས་དབུ་མར་གྲགས། །དབྱེ་བ་ཕྱི་མོ་ཕྱོགས་འཛིན་མི་འཛིན་གསུམ། །གཞུང་ནི་ཟབ་མདོ་རིགས་ཚོགས་བཞི་བརྒྱ་བ། །སྤྱོད་འཇུག་མདོ་བཏུས་གཉིས་དང་ལམ་སྒྲོན་སོགས། །བདེན་པ་གཉིས་སྟོན་མདོ་རིམ་དྲང་ངེས་ཏེ། །གཞན་དུ་དྲང་དགོས་གནས་ཚུལ་དེར་ངེས་ཕྱིར། །སྒྲས་ཟིནའང་མི་རུང་དྲང་དང་སྒྲས་ཟིན་དོན། །གྲུབ་ཀྱང་གནས་ལུགས་མིན་པས་དྲང་ཚུལ་གཉིས། །ཐོག་མཐའ་དྲང་དོན་བར་བ་ངེས་དོན་མདོ། །ལང་གཤེགས་དགོངས་འགྲེལ་རྒྱན་སྟུག་མདོ་ཚན་ལྔས། །བྱེད་པོ་གཞན་མེད་སྟོང་ཉིད་ལ་དགོངས་ནས། །སེམས་ཙམ་ཕྱི་དོན་མེད་དང་སྙིང་པོ་རྟག །ཀུན་གཞི་ཡོད་དང་གཞན་དབང་ཡོངས་གྲུབ་བདེན། །མཐར་ཐུག་ཐེག་གསུམ་སྟོན་ལྔ་དྲང་དོན་བསྒྲུབ། །འཁོར་འདས་སྣང་གྲགས་ཇི་ལྟ་ཇི་སྙེད་ཀུན། །མ་བརྟགས་ལྷན་སྐྱེས་འཇིག་རྟེན་ཐ་སྙད་དུ། །འཇོག་ཕྱིར་རྟོག་པས་ཕར་མིན་ཡུལ་སྟེང་ནས། །གྲུབ་དང་རྫས་ཡོད་རང་མཚན་རང་ངོས་གྲུབ། །བདེན་གྲུབ་ངོ་བོས་གྲུབ་སོགས་དགག་བྱར་གཅིག །རང་ངོས་མེད་དང་མིང་རྟོག་ཕར་བཏགས་འདིར། །བྱ་བྱེད་ཀུན་འཇོག་མཐའ་བྲལ་དབུ་མ་སྟེ། །འདི་ལས་རགས་ཕྲ་གང་བྱས་རྟག་ཆད་མཐའ། །གང་ཟག་ཆོས་སྟེང་བདག་གཉིས་དེར་མེད་གཉིས། །བདག་མེད་གཉིས་བཞེད་ཆོས་བདག་རྡོ་རྗེ་ཡི། །གཟེགས་མ་ལ་སོགས་བཞིས་འགོག་གང་ཟག་བདག །ལྔ་བདུན་གྱིས་འགོག་གཉིས་ཀའང་རྟེན་འབྲེལ་གྱིས། །བདག་དང་གཞན་དང་གཉིས་དང་རྒྱུ་མེད་ལས། །སྐྱེ་བ་མིན་ཕྱིར་རང་བཞིན་སྐྱེ་བ་མེད། །བདག་ལས་སྐྱེ་ན་དོན་མེད་ཐུག་མེད་འགྱུར། །གང་དེ་དེ་མིན་རྒྱུ་འབྲས་རྟག་མཐོང་འགྱུར། །འཇིག་རྟེན་མཐོང་འགལ་བྱ་བྱེད་ཀུན་གཅིག་འགྱུར། །གཞན་ལས་སྐྱེ་ན་མེ་ལས་མུན་འབྱུང་ཞིང༌། །རྒྱུ་དང་རྒྱུ་མིན་ཀུན་ལས་ཀུན་འབྱུང་འགྱུར། །གཞན་ཕྱིར་རྒྱུད་གཅིག་མི་རུང་གྲོ་ནས་བཞིན། །དུས་མཉམ་དེ་མེད་གཞན་ལས་གཞན་སྐྱེ་ཅི། །སྔ་ཕྱི་གཞན་འགོག་ལྡོག་ཕུང་གཅིག་སོགས་འཁྲུལ། །མཐའ་བཞི་མི་འདོད་གཞན་སྐྱེ་འཇིག་རྟེན་དུའང༌། །མེད་པར་བཤད་ཕྱིར་འདིར་འདོད་སྨྱོན་པའི་གར། །བདག་གཞན་རེ་རེའི་མིན་ཕྱིར་གཉིས་སྐྱེའང་ཁེགས། །རྒྱུ་མེད་སྐྱེ་ན་འབད་པ་དོན་མེད་ཅིང༌། །མཐོང་དང་འགལ་ལ་ཀུན་ལས་ཀུན་སྐྱེའང་འགྱུར། །གཞན་ལས་སྐྱེ་ན་ཡོད་མེད་གཉིས་མིན་གྲང༌། །ཡོད་ལ་ཅི་དགོས་མེད་ལ་བྱ་བྱེད་བྲལ། །གཉིས་ཡིན་དེས་བསལ་གཉིས་བྲལ་ལ་དེས་ཅི། །དངོས་པོ་བདེན་པར་རྒྱུ་ཡིས་བསྐྱེད་མིན་ཏེ། །གཅིག་གིས་གཅིག་མིན་དུ་མས་གཅིག་མི་སྐྱེད། །གཅིག་གིས་དུ་མིན་དུ་མས་དུ་མའང་མིན། །གཅིག་གིས་གཅིག་བསྐྱེད་བསྒྲུབ་ཕྱིར་གཞན་རུང་ཕྱིར། །འདིར་ནི་དགག་བྱའི་ཁྱད་པར་མི་སྦྱོར་འཁྲུལ། །རྟེན་འབྱུང་མིན་པའི་ཆོས་ནི་འདིར་མེད་ལ། །རྟེན་འབྱུང་ཕྲད་ལྟོས་བརྟེན་ནས་གྲུབ་ཙམ་ཕྱིར། །ཆོས་ཀུན་ཚུགས་ཐུབ་རང་ངོས་གྲུབ་རྣམས་མིན། །ཟབ་རྒྱས་མཐའ་གཉིས་སེལ་འདི་རིགས་པའི་རྒྱལ། །དེ་ཕྱིར་དོན་དམ་ཚུགས་ཐུབ་ནམ་མཁའ་ཟ། །སུས་ཀྱང་ཚད་གྲུབ་ཚུགས་ཐུབ་དོན་མ་བྱས། །རང་དབང་བདག་མེད་ཕུང་མིན་དེ་གཞན་མིན། །ཕུང་པོའི་རྟེན་མིན་ཕུང་པོར་བརྟེན་པའང་མིན། །ཕུང་དང་མི་ལྡན་དབྱིབས་མིན་ཚོགས་མིན་ཕྱིར། །ཤིང་རྟ་བཞིན་ཏེ་ཆོས་རྣམས་ཀུན་ལ་སྦྱར། །སྐབས་འགར་ཚུལ་གསུམ་མཐུན་སྣང་ཚད་གྲུབ་དང༌། །རྟགས་ཙམ་བཞེད་ཀྱང་རང་དབང་ཚད་མིན་ཕྱིར། །རང་རྒྱུད་མི་འདོད་ལུགས་འདིར་རང་རྒྱུད་འཁྲུལ། །དབྱེ་གཞི་ཤེས་བྱར་དབྱེ་ངོ་བདེན་པ་གཉིས། །མང་མིན་ཉུང་ན་མི་འདུ་དེར་གྲངས་ངེས། །གནས་ལུགས་མི་རུང་ཀུན་གྱིས་མངོན་སོགས་ཕྱིར། །བདེན་གཉིས་ངོ་བོ་དབྱེར་མེད་ལྡོག་པས་འབྱེད། །མཚན་ཉིད་རིགས་ཤེས་ཐ་སྙད་བློ་གང་ལ། །དོན་དམ་ཐ་སྙད་དཔྱོད་སོང་དེས་རྙེད་རིམ། །དོན་དང་དམ་པའང་བདེན་ཕྱིར་དོན་དམ་བདེན། །སྒྲིབ་ཕྱིར་ཀུན་རྫོབ་ངོར་བདེན་ཀུན་རྫོབ་བདེན། །དོན་དམ་དབྱེ་བ་གཉིས་བཞི་བཅུ་དྲུག་སོགས། །སྐྱེ་འཕགས་བློ་གཉིས་ཡུལ་བཅས་རྣམ་གྲངས་གཞན། །དབུ་མ་རང་ལུགས་ཀུན་རྫོབ་ཡང་ལོག་མིན། །འཇིག་རྟེན་ཤེས་ངོར་མི་དང་གཟུགས་བརྙན་སོགས། །བདེན་དང་མི་བདེན་ཡང་དག་ལོག་པ་ཙམ། །ཐ་སྙད་རིགས་ཤེས་སྔོན་གྲོགས་ཐབས་ཐབས་བྱུང༌། །དགོས་པ་ལྟ་ཀུན་བཟློག་དང་སྤང་བླང་ཕྱིར། །གནས་སྐབས་གསུམ་པར་སྟོང་མིན་སྤྲོས་བྲལ་འཁྲུལ། །དང་པོར་ལས་འབྲས་སོགས་ཀྱིས་བསོད་མིན་བཟློག །བར་དུ་མི་རྟག་སོགས་ཀྱིས་བདག་གཉིས་བཟློག །ཐ་མར་དེ་ཉིད་མངོན་དུ་གྱུར་རིམ་གྱིས། །ལྟ་ཀུན་དྲི་བཅས་འཇོམས་པར་མདོ་སྔགས་བཞེད། །སྒོམ་རིམ་ལྔ་ཡོད་མཁས་པའི་གསུང་ལ་ལྟོས། །སྟོང་ཉིད་ཇི་བཞིན་ཐ་སྙད་འཇོག་མཚམས་དཀའ། །བདེན་གཉིས་གང་ལས་ཉམས་ཕུང་མཐར་ལྷུང་ཕྱིར། །འདི་གཉིས་ཉེ་རིང་མི་རིགས་ཟུང་འབྲེལ་གཅེས། །མཚན་ཉིད་གསུམ་མཚུངས་རང་བཞིན་གཞན་དབང་ལ། །བྱིས་པར་ཀུན་བཏགས་རྒྱལ་ལ་ཡོངས་གྲུབ་བཞེད། །རང་མཚན་ཐ་སྙད་དུ་ཡང་མི་བཞེད་ཕྱིར། །ཁྱད་པར་ཐུན་མོང་མིན་པ་བརྒྱད་སོགས་མང༌། །ཐ་སྙད་དཔྱོད་བློས་མི་ཁེགས་མི་འགྲུབ་ཕྱིར། །ཕྱི་དོན་ཡོད་དང་ཀུན་གཞི་མེད་པར་བཞེད། །དངོས་འཛིན་ཐར་མིན་དེ་ཉོན་བདག་མེད་མཚུངས། །མ་བསླད་མེད་དང་གསར་རྟོགས་མི་རུང་ཕྱིར། །བྱིས་ཤེས་ཀུན་འཁྲུལ་བཅད་ཤེས་ཚད་མར་གྲུབ། །ཚོར་བ་ཡིད་མངོན་བཅུ་དྲུག་མངོན་གྱུར་ཀྱང༌། །འཕགས་པ་མིན་ཕྱིར་རྟོག་པའི་ཡིད་མངོན་དང༌། །བདེན་རྣམ་བཅུ་དྲུག་མངོན་གྱུར་སོ་སྐྱེ་བཞེད། །སྟོང་ལ་ལྷག་མཐོང་སྦྱོར་ལམ་དུས་མཉམ་དང༌། །ཞིག་པ་དངོས་ཕྱིར་བཅུ་དྲུག་མངོན་སུམ་གྱིས། །སྦྱོར་ལམའང་མི་སླེབ་དུས་གསུམ་དངོས་པོར་བཞེད། །བསྐྱེད་ཕྱིར་ཞིག་དངོས་ལས་འགག་མང་སོང་ཡང༌། །ཐོབ་རྒྱུན་ཆུད་མི་ཟ་མེདའང་འབྲས་བུ་འབྱིན། །ཞིག་དངོས་སྨྲས་ཙམ་དཔྱད་མིན་བུམ་དངོས་བཞིན། །དུས་སོང་ངག་རྩུབ་མ་ཞིག་ལྷན་སྐྱེས་ལ། །སྣང་ན་སྔོན་བྱས་མཐའ་དག་མི་དྲན་ཅི། །མ་དཔྱད་མིན་ཕྱིར་རང་རྒྱུད་རང་རིག་མིན། །ལྟོས་ཚེ་མངོན་སུམ་ཡུལ་ཡིན་ཡུལ་ཅན་མིན། །འགོག་བདེན་ཆོས་དབྱིངས་འཕགས་རྣམས་བདེན་མེད་གཟིགས། །ཕུང་ཟད་མི་རུང་ཚོར་འདུ་འཇིག་བཤད་ཕྱིར། །ལྷག་བཅས་ལྷག་མེད་འཁྲུལ་སྣང་ཟད་མ་ཟད། །བག་ཆགས་ཤེས་སྒྲིབ་ཉོན་མིན་མ་རིགའང་བཞེད། །ཉོན་མོངས་མ་ཟད་ཤེས་སྒྲིབ་སྤོང་མི་རྩོམ། །སྣང་བས་ཡོད་མཐའ་སྟོང་བས་མེད་མཐའ་སེལ། །དེ་སོགས་ཐུན་མོང་མིན་མང་དབུ་མར་ལྟོས། །མངོན་རྗེས་ཉེར་འཇལ་ལུང་གི་ཚད་མ་བཞིར། །བཤད་ཀྱང་གཞལ་བྱའི་དབང་གིས་མངོན་རྗེས་གཉིས། །རྟགས་མིན་འཛིན་སྟངས་ཡུལ་གྱུར་མངོན་སུམ་པར། །སླུ་མེད་ཤེས་པ་མངོན་སུམ་ཚད་མར་བཞེད། །དབྱེ་ངོ་དབང་མངོན་ཡིད་མངོན་རྣལ་འབྱོར་མངོན། །རྟགས་བརྟེན་ལྐོག་ཡུལ་སླུ་མེད་རྗེས་དཔག་སྟེ། །ལྐོག་གྱུར་དཔེ་དང་ཤིན་ཏུ་ལྐོག་འཇལ་བའི། །རྗེས་དཔག་ཉེར་འཇལ་ལུང་གི་ཚད་མར་བཞེད། །འཛིན་སྟངས་ཡུལ་ལ་ངེས་འདྲེན་དེར་ཚད་མ། །གཞན་གྱིས་གནོད་བྲལ་དེ་ལ་མི་སླུའི་ཕྱིར། །འཁྲུལ་ཡང་ཚད་མར་མི་འགལ་མི་སླུའི་དོན། །སྐབས་སྟོབས་མང་བཤད་ཀུན་རྫོབ་ལ་ཡང་བཤད། །དེ་ཕྱིར་རྫས་ཀྱི་སྒྲ་བཞིན་གཅིག་ལ་མིན། །མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས། །ཤེས་རབ་སྔོན་འགྲོ་དད་པས་སྣོད་རུང་བྱེད། །ཤེས་རབ་གྲོལ་རྒྱུ་མི་རྟོག་དོན་སྒྲུབ་ཕྱིར། །དམན་འབྲིང་མཆོག་གི་སྐྱེས་བུའི་ལམ་རིམ་དུ། །ཆོས་ཚུལ་ཀུན་འདུས་དོན་གཉིས་ལས་བརྩམས་ཕྱིར། །འབྲིང་ལས་ཉན་རང་གཉིས་དང་དེ་དག་ལམ། །ཆེན་པོར་ཐེག་ཆེན་ཐེག་པ་བཞི་མིན་འདིར། །ཉན་རང་རྟོགས་མཐུན་ས་བརྒྱད་དུས་འབྲས་དབྱེ། །རྩ་བརྟན་སེམས་བསྐྱེད་ཕར་ཕྱིན་ཡལ་ག་རྒྱས། །ཚོགས་སྦྱོར་ཡོན་ཏན་རྟགས་སྒོམ་ངོ་བོས་འབྱེད། །ས་བཅུ་མཉམ་བཞག་དབྱེར་མེད་སྦྱོར་རྗེས་ཀྱི། །ཡོན་ཏན་མཛད་སོགས་བཅུ་གཉིས་གོང་ནས་གོང༌། །རེ་རེའང་ངེས་ཚིག་དབྱེ་བ་ཡོན་ཏན་རྟེན། །རྣམ་སྨིན་ལྟས་གཉིས་སྤང་གཉེན་བརྒྱད་ཀྱིས་བཤད། །འབྲས་བུ་མཉམ་རྗེས་རེས་མིན་ངོ་བོ་གཅིག །སེམས་ཀྱི་རྒྱུ་བ་རྣམ་རྟོག་ཀུན་ཞི་བས། །གནས་བརྟན་བཞེངས་མིན་རྗེས་ཐོབ་བྱ་བའང་མཛད། །ཆོས་དབྱིངས་གཟིགས་ངོར་སྤྲོས་པ་ཀུན་ལོག་ཀྱང༌། །མ་བརྟགས་ཇི་སྙེད་སྐྱུ་རུ་ར་བཞིན་མཁྱེན། །སྐུ་གཅིག་སྐུ་གཉིས་གསུམ་བཞི་ལྔར་བཞེད་ཕྱིར། །ཐུབ་ལ་རྒྱ་ཆེ་མི་མངའ་གཞན་ངོར་འཁྲུལ། །གློ་བུར་རང་བཞིན་རྣམ་དག་ངོ་བོ་ཉིད། །ཡེ་ཤེས་ཆོས་སྐུ་སྡེ་ཚན་ཉེར་གཅིག་སོགས། །ལྔ་ལྡན་སྣང་བ་མི་སྡུད་ལོངས་སྤྱོད་རྫོགས། །བཟོ་དང་སྐྱེ་བ་བྱང་ཆུབ་སྤྲུལ་སྐུ་གསུམ། །སྙན་འཇེབས་དྲུག་ཅུའི་དབྱངས་ཀྱིས་མཁའ་ཀུན་འགེངས། །གསང་གསུམ་རོལ་བ་ཀུན་ཁྱབ་སྐལ་བས་མཐོང༌། །སྐད་ཅིག་བསྐལ་བར་བཟློག་དང་བ་སྤུ་རེར། །བརྟན་གཡོ་བཀོད་ཀྱང་མཁའ་བཞིན་ཆེ་ཆུང་མིན། །སྟོབས་བཅུ་གཞན་དང་མ་འདྲེས་བཅོ་བརྒྱད་སོགས། །རྨད་བྱུང་ཡོན་ཏན་མ་ལུས་རྒྱལ་རྣམས་ཀྱིས། །བརྗོད་ལ་ཞུགས་ཀྱང་མི་རྫོགས་མཁའི་མཐའ་བཞིན། །གང་འདུལ་ལྷུན་གྲུབ་འཕྲིན་ལས་རྟག་ཏུ་སྟོན། །ཞེས་མཐའ་ཀུན་བསལ་ཏེ་དབུ་མ་ཆེན་པོར་སྒྲུབ་པ་ཐལ་འགྱུར་བའི་སྐབས་ཏེ་བཅུ་གཉིས་པའོ།། །།

༈ མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་ཟད་ནུས། །ཡུལ་མཆོག་བསྟན་ཀྱང་ཡུལ་ཅན་མཆོག་སྦས་བཞིན། །དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར། །ཤེས་སྒྲིབ་ཆུང་ཕྲ་སྔགས་ལས་མདོས་མི་ནུས། །དེ་ཕྱིར་སྤང་གཉེན་སྦས་པ་མགོ་མཚུངས་འཁྲུལ། །ཐབས་ཟབ་མང་ཕྱིར་ལམ་ལའང་མྱུར་བུལ་ཆེ། །ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ། །སྦྱངས་ཕྱིར་ཐེག་དང་མདོ་རྒྱུད་གོང་ནས་གོང༌། །འོག་མར་གཞན་གཉིས་བཤད་ཀྱང་གསུམ་པ་ནི། །དགོངས་གཞིར་རུང་ཡང་མདོ་རྒྱུད་འོག་མར་མིན། །བླ་མེད་སྤྱི་དང་རྒྱུད་རྒྱལ་དག་ན་གསལ། །སྐལ་ལྡན་གྲུབ་དབང་བྱེ་བས་རྩེར་གཤེགས་ཤུལ། །དུས་གསུམ་རྒྱལ་བའི་གསང་ལམ་མཆོག་ཏུ་གྲུབ། །ཅེས་མདོ་སྔགས་ཀྱི་ཁྱད་པར་ཕྱེ་ནས་གསང་ཆེན་མཆོག་ཏུ་སྒྲུབ་པའི་སྐབས་ཏེ་བཅུ་གསུམ་པའོ།། །།

འདིར་སྨྲས་པ།

འཇམ་མགོན་མཁྱེན་གཟི་ལས་འོངས་འཁྲུལ་མུན་བྲལ། 

དབྱངས་ཅན་ལྷ་མོས་སྨྲས་བཞིན་སྙན་འཇེབས་འགྲིགས། 

ཐུབ་དབང་གསུང་བཞིན་ཐོག་མཐའ་བར་དུའང་དགེ །

འཛམ་གླིང་རྒྱན་མཆོག་ལུགས་ཀུན་འདུས་བཞིན་བརླིང༌། 

འགའ་ཞིག་མ་བསླབ་ལོང་བས་མཐར་བགྲོད་འདོད། །ལ་ལ་བློ་དམན་བྱི་བས་གླང་ཁུར་ལེན། །ཕལ་ཆེར་སྦྱངས་ཙམ་རི་ཕྲན་བཏེགས་པས་སྙེམས། །ཐུབ་བསྟན་ནོར་འཛིན་ཀུན་འདེགས་ཀུརྨ་སུ། །མཁས་ལས་ཆེས་མཁས་འཕགས་བོད་མང་པོས་ཀྱང༌། །ཐུགས་ངོར་ཟབ་རྒྱས་ཐག་མཁན་རྐང་པ་བཞིན། །རེས་ཀྱིས་མ་བདེ་སྣང་སྟོང་ཟུང་འབྲེལ་ལམ། །མ་རྙེད་ལུང་རིགས་འཁར་བས་ཅི་ཡང་བཙལ། །རང་གཞན་མཁས་མང་ཀླུ་དབང་སྟོང་གིས་རོལ། །ཕན་དང་བདེ་བའི་རིན་ཆེན་འཕྱུར་བུས་གང༌། །དགག་སྒྲུབ་རླབས་འཁྲུག་གྲུབ་མཐའི་མཚོར་བགྲོད་སླད། །དེད་དཔོན་མཁས་རྣམས་གྲུ་རྫིངས་ཅི་ཡང་འཛུག །རིགས་པའི་གྲུ་རྫིངས་དམན་འཁྲུལ་དང་པོའི་རྒྱུད། །བརྡུངས་པས་ཚུལ་ཞིག་འགས་ཀྱང་གྲུབ་མཐའི་མཚོར། །ཕྱིན་སྙེམས་དྲེགས་སྐྱུངས་ལུགས་གཉིས་ཀུན་མཐོང་ཕྱིར། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཁོ་བོས་ཕྱིན། །བློ་བཟང་མེས་བྱིན་རང་ལུགས་ལམ་གསུམ་འབབས། །རྣམ་དཔྱོད་ལྷ་ཆེན་རལ་འོངས་རྟོག་གེ་ཡིས། །བཤུང་བསླད་ནོར་ལྷའི་རྐང་དྲི་བཀྲུས་ཆབ་ཀྱིས། །རྨོངས་འཁྲུལ་དུག་ཅན་རྒྱུ་ཚོགས་དག་གྱུར་ཅིག །རིན་ཆེན་ཁུར་ལྕི་མཚོ་ཆེན་སྐ་རགས་གཡོ། །ཉི་ཟླའི་སྒྲོན་འདེགས་ལྷུན་པོ་གནས་དེ་སྲིད། །འདིས་ཀྱང་གསར་བཤད་ཁུར་ལྕི་གྲགས་སྙན་གཡོ། །ལེགས་བཤད་སྒྲོན་མེས་ས་གསུམ་སྣང་བྱེད་ཤོག །ཆོས་དབྱིངས་གཤིས་དང་དཀོན་མཆོག་གསུམ་གྱི་མཐུས། །འགྲོ་རྣམས་རྫུ་འཕྲུལ་བཞིན་དུ་ས་རིམ་བགྲོད། །ཉ་རྒྱས་ཟླ་ལྟར་ཡོན་ཏན་ཀུན་རྫོགས་ནས། །ཉི་མ་བརྒྱས་གསལ་ཀུན་མཁྱེན་མྱུར་ཐོབ་ཤོག །

ཅེས་གྲུབ་པའི་མཐའ་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཐམས་ཅད་མཁྱེན་པའི་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི། སྔ་མོ་ནས་མང་ཐོས་གསེར་ཁང་ཆོས་རྗེ་གུ་ཎ་མ་ཏིས་སྙན་ཚིག་མེ་ཏོག་གསར་བས་བསྐུལ་ཞིང༌། དུས་ཕྱིས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་མཁས་མཆོག་ལྕང་རྭ་སློབ་དཔོན་པ་འཕགས་པ་རིན་ཆེན་གྱིས་ཁམས་ཆབ་མདོ་ནས་ཇ་གཡུ་ཁ་བཏགས་ཀྱི་རྟེན་བཅས་ཆབ་ཤོག་ཚིགས་སུ་བཅད་པའི་སྒོ་ནས། སྟག་ལོའི་དགག་ལན་འབྱམས་རྒྱས་དགོས་ཞེས་བསྐུལ་བའི་བཀའ་ངོ་དང༌། ཁྱད་པར་རང་བློ་གོམས་པའི་སླད་དུ་མཁན་ཆེན་རྒྱལ་བ་ཐམས་ཅད་ཀྱི་བདག་པོ་རིན་པོ་ཆེ་ལས་སྡོམ་གསུམ་སོགས་ཆོས་ཀྱི་བཀའ་དྲིན་ཐོབ་ཅིང༌། འཇམ་དབྱངས་བླ་མ་ཁྲི་རིན་པོ་ཆེ་ཡབ་སྲས་བཞི་དང༌། པཎ་ཆེན་བཀའ་འགྱུར་བ། རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། སྲད་རྡོ་རྗེ་འཆང༌། སེམས་དཔའ་ཆེན་པོ་ངག་དབང་བློ་གྲོས་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་ཅིང་རྗེ་བླ་མའི་མདོ་སྔགས་རྣམས་ལ་ངེས་ཤེས་རྙེད་ཅིང༌། འཕགས་བོད་ཀྱི་གྲུབ་མཐའི་གཞུང་དང༌། ཁྱད་པར་ཤེར་སྒྲོོན། ཚད་ཆེན་རྩ་འགྲེལ། དུས་འཁོར་སོགས་གཞུང་ལུགས་ཆེན་པོ་རྣམས་ལ་བརྟེན་གསུང་རབ་དང་གྲུབ་མཐའ་རབ་འབྱམས་སྨྲ་བ་༸འཇམ་དབྱངས་བཞད་པའི་རྡོ་རྗེས་ཚིག་ཉུང་དོན་གསལ་རྒྱས་འདྲིལ་དུ། དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན། གངས་ཅན་གྱི་བྱ་རྒོད་ཕུང་པོ་གཉིས་པ། དཔའ་བོ་མཁའ་འགྲོའི་འདུ་གནས་རི་བོ་དགེ་འཕེལ་གྱི་གར་འདུག་ཐེག་མཆོག་རོལ་མཚོ་གསང་སྔགས་བདེ་བ་ཆེན་པོའི་ཕོ་བྲང་ནས་སྦྱར་བ་ལ། སླར་ཡང་ཕྲི་སྣོན་ཅུང་ཟད་བྱས་པ་འདིས་རྒྱལ་བའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།མདྒ་ལཾ། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།