དོགས་དཔྱོད་ཐོར་བུ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2020-07-13 11:31:12     རྩོམ་པ་པོ།   བྲག་དཀར་རང་བྱུང་རྒྱ་མཚོ།    ཀློག་ཐེངས།  

  微信图片_20200707190752.jpg

                                                        

           རྒྱལ་དང་རྒྱལ་སྲས་སྤྱི་དང་ཁྱད་པར་དུ། །                           

           ཀུན་མཁྱེན་ཡབ་སྲས་དད་པས་ཕྱག་བྱས་ཏེ། །

           མདོ་རྒྱུད་ཟབ་ལམ་མ་ནོར་མ་འདྲེས་པར། །

           འཆད་རྩོད་རྩོམ་ལ་བློ་གྲོས་ཐོགས་མེད་ཤོག །

    མདོ་སྡེ་རྒྱན་ལས། དབང་བོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང། །ཞེས་པའི་དོན། དེའི་འགྲེལ་བ་ལས། དབང་བོ་ལྔ་གཞན་དུ་གྱུར་ན་དབང་བོ་ལྔ་བོ་ཐམས་ཅད་དོན་ལྔ་བོ་ཐམས་ཅད་ལ་འཇུག་པ་དང་། ཞེས་དང་། ཕར་ཕྱིན་མཐའ་དཔྱོད་ལས། སངས་འཕགས་ཀྱི་རྒྱུད་ཀྱི་དབང་བོ་ལྔ་གནས་གྱུར་བའམ་རྣམ་པར་དག་པས་ཡུལ་ཐམས་ཅད་ལ་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། ཞེས་གསུངས། འོ་ན་དེའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི།

༡ སྤྱིར་ཤར་ལྷོ་ནུབ་བྱང་བཞི་དང་སྟེང་འོག་གཉིས་ཏེ་ཕྱོགས་དྲུག་པོ་རེ་རེ་ལའང་ཕྱོགས་བཅུ་བཅུ་ཕྱེ་ན་ཕྱོགས་དྲུག་ཅུ་ཡོད་ལ། དེ་དག་རེ་རེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་རེ་བྱས་པས་ཡུལ་སུམ་བརྒྱ་ཡོད། མིག་གིས་དེའི་ནང་གི་གཟུགས་དྲུག་ཅུ་མཐོང་བ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་མིན་པས་དོར་ནས། མིག་གིས་ཡུལ་ལྷག་མ་ཉིས་བརྒྱ་བཞི་བཅུ་མཐོང་བའི་ཡོན་ཏན་ཉིས་བརྒྱ་བཞི་བཅུ་དང་། དེ་བཞིན་དུ་རྣ་དབང་གིས་སྒྲ་དྲུག་ཅུ་མ་གཏོགས་པའི་གཟུགས་དྲུག་ཅུ་དྲི་དྲུག་ཅུ་རོ་དྲུག་ཅུ་རེག་བྱ་དྲུག་ཅུ་སྟེ་ཉིས་བརྒྱ་བཞི་བཅུ་མཐོང་པའི་ཡོན་ཏན་ཉིས་བརྒྱ་བཞི་བཅུ་དང་། དེ་བཞིན་དུ་སྣ་ལྕེ་ལུས་གསུམ་པོ་རེ་རེ་ལ་ཡོན་ཏན་ཉིས་བརྒྱ་བཞི་བཅུ་རེ་ཕྱེ་ནས་ཁྱོན་ཡོན་ཏན་སྟོང་དང་ཉིས་བརྒྱ་ཡིན་པར།  འཇམ་དབྱངས་དགའ་བློའི་མདོ་སྡེ་རྒྱན་གྱི་འགྲེལ་བ་ལས།  འགྲེལ་བཤད་བྱེད་པ་དག་སྤྱིར་ཕྱོགས་བཞི་སྟེང་འོག་དང་དྲུག་ལ། ཤར་ཕྱོགས་ལྟ་བུ་རེ་རེ་ལའང་ཕྱོག་བཅུར་ཕྱེ་སྟེ། ཞེས་སོགས་ཀྱིས་གསུངས་ཡང་དེ་བཞིན་ཡིན་ཟེར་བ་དཀའ་སྟེ། ཕར་ཕྱིན་མཐའ་དཔྱོད་ལས། མིག་སོགས་རེ་རེ་ལ་ཡོན་ཏན་སྟོང་ཉིས་བརྒྱ་འམ་བརྒྱ་ཕྲག་བཅུ་གཉིས་མངའ་འབྱོར་པ་ཐོབ་པའི་ཕྱིར། ཞེས་དང་། མདོ་སྡེ་པད་དཀར་ལས། རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པའི་ཕྱིར། འོ་ན་གང་ཞེ་ན། གཟུགས་དྲུག་ཅུ་ལས་གཞན་པའི་ཡུལ་ཉིས་བརྒྱ་བཞི་བཅུ་མཐོང་པའི་མིག་གི་ཡོན་ཏན་ཉིས་བརྒྱ་བཞི་བཅུ་དང་།  རྣ་བའི་ཡོན་ཏན་ཉིས་བརྒྱ་བཞི་བཅུ། སྣའི་ཡོན་ཏན་ཉིས་བརྒྱ་བཞི་བཅུ། ལྕེའི་ཡོན་ཏན་ཉིས་བརྒྱ་བཞི་བཅུ། ལུས་ཀྱི་ཡོན་ཏན་ཉིས་བརྒྱ་བཞི་བཅུ་སྟེ་ཡོན་ཏན་སྟོང་དང་ཉིས་བརྒྱ་བོ་མིག་སོགས་དབང་པོ་ལྔ་པོ་རེ་རེ་ལ་ལྡན་པའི་དོན་ཏེ། མདོར་ན་མིག་དབང་ལ་སྣ་དབང་གི་ཡོན་ཏན་ལྡན་པའི་དོན་ནོ། །འདི་ལ་མདོ་སྡེ་པད་དཀར་ལས། རིགས་ཀྱི་བུ་དེས་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཞེས་དང་། སྣའི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཞེས་དང་། ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཞེས་མིག་སྣ་ལུས་གསུམ་ལ་བརྒྱད་བརྒྱ་རེ་ལས་མ་གསུངས་པས་དཔྱད་དགོས་སུ་གསུངས་ལ།  དེ་ནི་རྩ་བའི་ཕྱོགས་བཞི་པོ་རེ་རེ་ལ་ཕྱོགས་བཅུ་རེ་སྟེ་ཕྱོགས་བཞི་བཅུ་ཡོད་ལ། དེ་རེ་རེ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ཕྱེ་བས་ཡུལ་ཉིས་བརྒྱ་ཡོད་པ་ལས། མིག་གིས་དེའི་ནང་གི་གཟུགས་བཞི་བཅུ་མ་གཏོགས་པའི་ཡུལ་བརྒྱ་དྲུག་ཅུ་མཐོང་པའི་ཡོན་ཏན་བརྒྱ་དྲུག་ཅུ་དང་། རྣ་བའི་དབང་པོས་སྒྲ་བཞི་བཅུ་མ་གཏོགས་པའི་ཡུལ་བརྒྱ་དྲུག་ཅུ་མཐོང་པའི་ཡོན་ཏན་བརྒྱ་དྲུག་ཅུ་སོགས་དབང་པོ་ལྔ་པོ་རེ་རེའི་ཡོན་ཏན་སྡོམ་པའི་བརྒྱད་བརྒྱ་མིག་དབང་ལ་ལྡན་པའི་དོན་ཏེ། ཡོན་ཏན་བརྒྱད་བརྒྱ་འམ་སྟོང་ཉིས་བརྒྱ་གང་བྱས་ཀྱང་དོན་འདྲ་བར་མ་ཟད་ཕན་ཚུན་མཚོན་ནས་མདོ་སྡེ་པད་དཀར་ལས་བསྟན་པ་ཡིན་ནོ། །

༢ ཡང་ན་རྩ་བའི་ཕྱོགས་བཅུ་བོ་རེ་རེ་ལ་བཅུ་བཅུ་བྱས་ཏེ་ཕྱོགས་བརྒྱ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་རེ་ཕྱེ་ན་ཡུལ་ལྔ་བརྒྱ་ཡོད་ལ། མིག་ལ་དེའི་ནང་གི་གཟུགས་བརྒྱ་དོར་བས་ལྷག་མ་ཡུལ་བཞི་བརྒྱ་བོ་རེ་རེ་ལ་འདས་མ་འོང་ད་ལྟ་བ་གསུམ་དུ་ཕྱེ་བའི་ཡུལ་སྟོང་ཉིས་བརྒྱ་མཐོང་པའི་ཡོན་ཏན་སྟོང་ཉིས་བརྒྱ་དང་། ཡུལ་བཞི་བརྒྱ་ལ་འདས་མ་འོངས་གཉིས་རེ་བྱས་ན་ཡུལ་བརྒྱད་བརྒྱ་ཡིན་ཞིང་། དེ་དག་མཐོང་པའི་མིག་གི་ཡོན་ཏན་བརྒྱད་བརྒྱ་ཡིན་ནོ། །བརྒྱད་བརྒྱ་དབྱེ་བའི་སྐབས་ད་ལྟ་བ་དོར་བ་ནི། སྤྱིར་དབང་བོ་ལྔ་ད་ལྟ་བའི་དོན་ཅན་ཡིན་པ་དང་། ད་ལྟ་བ་འདས་བ་དང་མ་འོངས་གཉིས་ལས་རྟོགས་སླ་བ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ།  

༣ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྐབས་བརྒྱད་པའི་སྤྱི་དོན་ལས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ནི། སྣ་མཆན་ལས་བཤད་པ་ནི་མིག་གི་དབང་ཤེས་ལ་ཡང་ཕྱོགས་བཞི་སྟེང་འོག་གི་ཡུལ་དྲུག་ལ་འཇུག་པའི་དབང་ཤེས་དྲུག་ཏུ་ཕྱེ་ནས་དྲུག་པོ་རེ་རེས་ཀྱང་ཕྱོགས་བཅུ་བཅུའི་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་བཞི་པོ་དེ་ལ་བཅུ་བཅུ་སྟེ། མིག་ཤེས་ཀྱིས་གཟུགས་མཐོང་བ་མི་འདྲེན་པའི་རྒྱུ་མཚན་ཡོད་དེ། དེ་སངས་རྒྱས་ཁོ་ནའི་ཡོན་ཏན་མ་ཡིན་པའི་ཕྱིར། ཞེས་སོགས་དང་། དེ་ཉིད་ཀྱི་ཆོས་སྐུའི་སྤྱི་དོན་ལས་ཀྱང་དེ་བཞིན་དུ་གསུངས་ལ། མཁས་བའི་དབང་པོ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས། རྗེ་བཙུན་པའི་སྤྱི་དོན་དུ་གསལ། ཞེས་ཞལ་འཕང་མཛད་དོ། །

༤ བརྒྱ་ཕྲག་བཅུ་གཉིས་ནི། ཡོན་ཏན་བརྒྱ་དང་བཅུ་གཉིས་ལ་འདོད་མཁན་ནི་རྗེ་བཙུན་པའི་སྤྱི་དོན་ལས། གླང་ཐང་པ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་འདོད་ལ་ཞེས་དང་། ཆ་བའི་ཕར་ཕྱིན་ལས། ཡང་ན་བརྒྱ་ཕྲག་དང་། བཅུ་གཉིས་ཕྱེ་ནས་མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཞེས་ཀྱང་བཤད་རུང་བས། དེ་ལྟར་ན་གོ་སླ་བ་ཉིད་དོ། །ཞེས་གསུངས་སོ། །དེ་ནི་མི་འཐད་དེ་ཕར་ཕྱིན་མཆན་ལས། ཐུན་མོང་དུ་སྦྱར་བ་དང་། གྲངས་བསྡུས་པ་མི་འཐད་པར་སེམས་སོ། །ཞེས་གསུངས་པ་དང་།  རྗེ་བཙུན་པས་ཀྱང་། འོན་གྱང་སྣ་མཆན་གྱི་བཤད་པ་མདོ་དང་ཅུང་ཟད་མཐུན་སྣང་ངོ་། །ཞེས་གསུངས་པས་གླང་ཐང་པའི་འདོད་པ་དང་། འགའ་ཞིག་གིས་ས་དང་པོར་ཐོབ་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་འདོད་པ་གཉིས་རང་ལུགས་སུ་མ་བྱས་པའི་ཕྱིར། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས། ཤའི་སྤྱན་དང་། ལྷའི་སྤྱན་གཉིས་རེ་རེ་ནས་ཆོས་ཅན། དབང་ཤེས་ཡིན་པར་ཐལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་དངོས་སུ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཞེས་པ་ནས་འདོད་མོ་ནུས་ཏེ། ཡིད་ཤེས་ཡིན་པའི་ཕྱིར། དེར་ཐལ། ལམ་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་དེ་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། ཞེས་གསུངས་པས། དབང་ཤེས་སུ་གྱུར་པའི་ཤའི་སྤྱན་དང་། ཡེ་ཤེས་ཆོས་སྐུ་མེད་པར་གསུངས་ཡང་།  སྐབས་བརྒྱད་པའི་མཐའ་དཔྱོད་ནོར་བུའི་འཕྲེང་མཛེས་ལས། རྩ་བར་འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར་ན། རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། སངས་རྒྱས་ཀྱི་སར་བེམ་པོ་མེད་པས་དབང་ཤེས་ཡིད་ཤེས་ངོ་བོ་གཅིག་ཏུ་གྱུར་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། འདིས་ནི་སངས་རྒྱས་ཀྱིས་དབང་ཤེས་ཀྱིས་ཀྱང་སྙོམས་འཇུག་བྱེད་པ་བསྟན་ཏོ། །ཞེས་དང་། སྐབས་བརྒྱད་པའི་མཐའ་དཔྱོད་གངྒཱའི་ཆུ་རྒྱུན་ལས། ཡིད་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར། འདི་ཐུན་མོང་བའི་དབང་དུ་བྱས་ལ། ཐུན་མོང་མ་ཡིན་པ་ལྟར་ན། ཞེས་པ་ནས། མི་ནུས་ན་སློབ་བ་དང་ཁྱད་མེད་དུ་ཐལ་བ་སོགས་འགོག་དཀའ་འམ་སྙམ་པས་དཔྱོད། ཞེས་སོགས་གསུངས་པས་དཔྱད་དགོས་ལ།  དེ་ཙམ་དུ་མ་ཟད་ཡང་སངས་རྒྱས་ཀྱི་སར་དབང་ཤེས་ཡིད་ཤེས་ངོ་བོ་གཅིག་ཚུལ་དང་། སངས་རྒྱས་ཀྱིས་དབང་ཤེས་ཀྱིས་སྙོམས་འཇུག་བྱེད་ཚུལ་གང་ཡིན། གཞན་ཡང་། སྐབས་བརྒྱད་པའི་མཐའ་དཔྱོད་ནོར་བུའི་འཕྲེང་མཛེས་ལས།  སངས་རྒྱས་ཀྱི་ཏིང་ངེ་འཛིན་གཅིག་སྙོམས་འཇུག་དགུ་ལ་འཇུག་ཀྱང་སྙོམས་འཇུག་དགུ་དང་མ་འདྲེས་པར་གནས་པའི་ཕྱིར། ཞེས་གསུངས་པས། སངས་རྒྱས་ཀྱི་ཏིང་ངེ་འཛིན་གཅིག་ཏིང་ངེ་འཛིན་དགུ་ལ་འཇུག་ཚུལ་དང་། དེ་དགུ་ལ་འཇུག་ཀྱང་དེ་དགུ་ག་ཡིན་མི་དགོས་ཚུལ་དང་བཅས་པ་དཔྱད་དགོས་མང་ལ། ཡང་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་སེམས་ཙམ་པའི་ལུགས་ཀྱི་རིགས་བཤད་སྐབས་སུ། དབང་ཤེས་ལྔ་གནས་གྱུར་བྱ་གྲུབ་ཡེ་ཤེས་དང་སྤྲུལ་སྐུར་བཞེད། ཞེས་སོགས་དང་། ཙནྡྲ་གོ་མིས། དབང་བོ་ལྔ་ཡི་རྣམ་ཤེས་གང་། ཞེས་སོགས་གསུངས་པ་རྫས་རྒྱུན་གནས་གྱུར་ཡིན་ན། དབང་ཤེས་གང་ཟག་དང་། ཡེ་ཤེས་ཆོས་སྐུར་འགྱུར་དགོས་པའི་ཕྱིར་ཟེར་བ་དང་། དེ་མིན་ན་དེ་དག་གནས་གྱུར་ཚད་གང་ཡིན་དཔྱད་ལ་། སེམས་ཙམ་ལུགས་ལ། ཉོན་ཡིད་གནས་གྱུར་མཉམ་ཉིད་ཡེ་ཤེས་སུ་བཤད་པ་རྫས་རྒྱུན་གནས་གྱུར་ཡིན་པ། ཀུན་གཞིའི་དཀའ་འགྲེལ་ལས། གནས་གྱུར་གྱི་དོན་གློ་བུར་གྱི་ཉེས་པ་རྣམས་ལམ་གྱི་མཐུས་ཟད་པར་བྱས་ནས་རང་གི་རང་གི་བཞིན་གསལ་བར་འགྱུར་བར་འདོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་ན་ལུང་དེ་དང་། བསམ་གཟུགས་ལེགས་བཤད་བུམ་བཟང་ལས་། རང་གི་ཉེར་ལེན་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་དག་པ་བའི་རྫས་རྒྱུན་གང་ཞིག  ལུང་མ་བསྟན་གྱི་སྲེད་ལྟ་ང་རྒྱལ་མ་རིག་པ་ཅི་རིགས་དང་མཚུངས་ལྡན་དུ་སོང་བ་དེ། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཉོན་མོངས་ཅན་གྱི་མཚན་ཉིད། ཞེས་གསུངས་པས། ཉོན་ཡིད་ཀྱི་རྫས་རྒྱུན་དུ་གྱུར་པའི་རྣམ་མཁྱེན་དང་། སྙོམ་འཇུག་དག་པ་པའི་རྫས་རྒྱུན་དུ་གྱུར་པའི་ཉོན་མོངས་ཅན་སེམས་གཉིས་དང་མཚུངས་ལྡན་གྱི་སེམས་བྱུང་རྣམས་ཀྱི་ཉེར་ལེན་སེམས་བྱུང་ལ་གང་འཇོག་སོགས་དང་། རྫས་རྒྱུ་སྔ་ཕྱིའི་ཉིན་མོངས་ཅན་དང་དགེ་སེམས་ཀྱི་འཁོར་གྱི་སེམས་བྱུང་རྣམས་ཀྱི་གྲངས་དང་། རྫས་ཀྱི་སྒོ་ནས་དཔྱད་དགོས་མང་སྙམ། དེ་སོགས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་དོགས་པ་འགའ་འཆར་འོང་ཡང་། དོན་མེད་པའི་ལོང་གཏམ་དུ་འགྱུར་ཨེ་འགྲོ་བསམ་ནས་རེ་ཞིག་དེ་ཙམ་མོ། །

དོགས་དཔྱོད་འདི་མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་གྲྭ་རིགས་སྐལ་བཟང་རྒྱ་མཚོ་འམ་བྲག་དཀར་རང་བྱུང་གིས་སྤྱི་ལོ་༢༠༡༩ལོའི་ཧོར་ཟླ་༡༢ཚེས་༤མཚན་མོར་བྲིས་པའོ།།

རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

 གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025

བརྒྱུད་འགོད།