ཀུན་མཁྱེན་ཡིག་ཆའི་ཁས་ལེན་འཛིན་མཚམས།
རྨད་དུ་བྱུང་བའི་ཐུགས་བསྐྱེད་ལ་བརྟེན་ནས་འཕྲིན་ལས་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་ཡིག་ཆའི་རྗེས་འབྲང་མང་བོ་ཞིག་གིས་གུང་ཐང་རིན་པོ་ཆེའི་གསུང་གི་སྒྲས་ཟིན་འགའ་ཞིག་ལ་བརྟེན་ནས་དགོངས་འགྲེལ་དངོས་བསྟན་གྱི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་ཟེར་བཞིན་ཡོད་ཚོད་རེད། འོན་ཀྱང་དགོངས་འགྲེལ་དངོས་བསྟན་གྱི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པ་དང་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན་པ་རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཆོས་ཀྱི་བདག་མེད་དུ་བཤད་པའི་ཤུགས་ཀྱིས་གཞན་དབང་ལ་ངོ་བོ་དང་ཁྱད་པར་དུ་བཏགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་བསྟན་ལ། ཞེས་སོགས་ལུང་སྔ་ཕྱི་ཚན་པ་ལྔས་གསལ་བོར་འགྲུབ། དྲང་ངེས་ཆེན་མོའི་ལུང་སྔ་ཕྱི་གསུམ་གྱིས་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པར་གསུངས། ཡིག་ཆ་རྙིང་བས་ཀྱང་དེ་ལྟར་གསུངས། དགེ་བའི་བཤེས་གཉེན་ཆེན་མོ་བདག་གི་དགེ་རྒན་དམ་པ་དགེན་༧བསྟན་འཛིན་ལགས་ཀྱིས་ཀྱང་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པ་ཡིག་ཆའི་དགོངས་པ་ཡིན་པར་ཡང་ཡང་གསུངས། དེར མ་ཟད་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་པར་བཤད་ན་དྲང་ངེས་ལེགས་བཤད་སྙིང་པོའི་གཞུང་གི་སྤྱི་ཁོག་འཁྲུགས་འགྲོ།
དེས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་ཡིན་པ་ནི། གུང་རུ་ཆོས་འབྱུང་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ནས་ང་ཡི་དགེ་རྒན་དམ་པ་ལ་ཐུག་གི་བར། སྒོ་མང་གྲྭ་ཚང་གི་ཁས་ལེན་གྱི་རྒྱུན་ཡིན་ལ་དོན་གྱི་གནས་ཚུལ་མཐར་གཏུགས་ཀྱང་འདི་ཁོ་ནར་ངེས་སོ། །འོ་ན་དཀའ་འགྲེལ་རྩོམ་འཕྲོ་དང་དྲང་ངེས་མཆན་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་གསུངས་པ་ཅི་ཡིན་ཞེ་ན། དེ་ནི་གུང་ཐང་རིན་པོ་ཆེ་རང་གི་ལྟ་བ་མིན་པར་བླ་མ་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་དྲང་ངེས་ཟིན་བྲིས་ལ་རྒྱབ་སྣོན་གྱི་ཚུལ་དུ་དོགས་པ་བཀོད་པ་ཡིན་པར། སྐབས་དེ་དག་གི་གསུང་ཚུལ་གྱིས་ཀྱང་ཤེས་པས་རང་ལུགས་མིན་པར་སེམས། འོ་ན་ཀུན་མཁྱེན་འཇིགས་མེད་དབང་བོས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་པར་གསུངས་པས་དེ་ཁས་ལེན་དགོས་སོ་ཞེ་ན། དེ་ལྟར་ཁས་ལེན་མི་དགོས་པར་ཀུན་མཁྱེན་འཇིགས་མེད་དབང་བོ་རང་ཉིད་ཀྱིས་མཛད་པའི་དྲང་ངེས་ཟིན་བྲིས་ལས། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། དེ་མེད་པའི་དོན་ཡང་ཡོངས་གྲུབ་ཏུ་གུང་རུ་ཆོས་འབྱུང་གི་ཡིག་ཆར་གསུངས་ཤིང་རང་རེའི་ཡིག་ཆར་ཡང་དེ་བསྟུན་མཛད་ལ། སྒོ་མང་གི་གསུང་རྒྱུན་ལ་ཡང་དེ་འདྲ་གསུངས་པ་ཡིན། པཎ་ཆེན་བསོད་གྲགས་དང་རྗེ་བཙུན་པ་སོགས་ཀྱིས་གསལ་ཁ་ཆེར་མ་བཏོད་ཀྱང་དོགས་པ་འདི་ལྟར་ཡོད་དེ། མདོར་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ན་དེ་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་དགོས། དེ་ལྟར་ན་མདོར་བསྟན་འདིར་དོན་དམ་པ་ངོ་བོ་ཉིད་མེད་པ་ལན་གཉིས་བཤད་ཅིང་མཚན་ཉིད་ངོ་བོ་ཉིད་མེད་པ་གཏན་མ་བཤད་པར་འགྱུར་རོ། །འདི་བློར་མི་བདེ་ཞིང་གོ་དཀའ་བས་དོགས་པ་སློང་བ་ཡིན་གྱི་ཡིག་ཆ་འགོག་པ་མིན། ཁོ་བོས་འདི་ལྟར་བཤད་པའི་རྐྱེན་གྱིས་ཁྱེད་ཚོས་ཡིག་ཆའི་དེ་མི་འཐད་ཟེར་ལས་ཆེ། ཞེས་གསུངས་པས་དོགས་པ་སློང་བ་ཡིན་གྱི་ཡིག་ཆ་ལས་གཞན་དུ་ཁས་ལེན་འཛིན་མི་རིགས་པར་གསལ་བོ་ཡིན་པས། ཡིག་ཆའི་རྗེས་འབྲང་དག་གིས་དོགས་སློང་དང་རང་ལུགས་སོ་སོར་ཤེས་པའི་སྟེང་ནས་ཁས་ལེན་འཛིན་མཚམས་ཤེས་པ་གལ་ཆེའོ། །
སྤྱི་ལོ་༢༠༡༨ཟླ་བ་༡༠ཚེས་པ་༢༣ ཉིན་འབྲས་སྒོ་ལི་ཐང་རབ་གསལ་གྱིས་བྲིས།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025