དྲང་ངེས་ལེགས་བཤད་སྙིང་བོའི་ཚིག་འགྲེལ་ཟབ་དོན་དགོངས་པ་རབ་གསལ་འཇམ་དབྱངས་བླ་མའི་ཞལ་ལུང་།གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-06-28 17:34:53     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

སྤྱིར་རྣམ་ཐར་སྒོ་གསུམ་གྱི་འཇོག་ཚུལ་ལ་གྲུབ་མཐའ་སོ་སོའི་འདོད་པ་དུ་མ་ཡོད་དེ། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་རང་རྒྱུད་པ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རྣམ་ཐར་སྒོ་གསུམ་འཇོག་ཚུལ་སོགས་མདོར་བསྡུས་ཏེ་བཤད་པ་ལ། དང་བོ་ནི། མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །ཞེས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དང་སྦྱར་ནས། སྡུག་བདེན་སྟོང་བ་བདག་མེད་དུ་རྟོགས་པའི་ཏིང་ངེ་འཛིན་དེ་སྟོང་ཉིད་རྣམ་ཐར་དང་། སྡུག་བདེན་གྱི་ཁྱད་ཆོས་མི་རྟག་སྡུག་བསྔལ་གཉིས་དང་། ཀུན་འབྱུང་གི་ཁྱད་ཆོས་བཞི། ལམ་བདེན་གྱི་ཁྱད་ཆོས་བཞི་སྟེ་བཅུ་བོ་རྟོགས་པའི་ཏིང་ངེ་འཛིན་དེ་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ཁྱད་ཆོས་བཞི་རྟོགས་པའི་ཏིང་ངེ་འཛིན་མཚན་མེད་རྣམ་ཐར་ལ་སྦྱར་ནས་གསུངས། སེམས་ཙམ་པའི་ལུགས་ལ། ཀུན་བཏུས་ལས། རྣམ་པ་བཅུ་དྲུག་གི་ནང་ནས། སྟོང་བ་ཉིད་ཀྱི་རྣམ་པ་དུ་ཞེ་ན། གཉིས་སོ། །སྨོན་པ་མེད་པའི་རྣམ་པ་དུ་ཞེ་ན། དྲུག་གོ། མཚན་མ་མེད་པའི་རྣམ་པ་དུ་ཞེ་ན། བརྒྱད་དོ། །ཞེས་སྟོང་བདག་མེད་རྟོགས་པའི་སྟོང་ཉིད་དང་། འགོག་ལམ་གྱི་བརྒྱད་རྟོགས་པའི་མཚན་མེད་དང་། མི་རྟག་སྡུག་བསྔལ་དང་ཀུན་འབྱུང་གི་བཞི་སྟེ་དྲུག་རྟོགས་པའི་སྨོན་མེད་ཀྱི་རྣམ་ཐར་གསུངས་སོ། །བསྡུ་བ་ལས། རྣམ་པར་ཐར་བའི་སྒོ་གསུམ་པོ་འདི་དག་ནི་ངོ་བོ་ཉིད་གསུམ་ལ་བརྟེན་ནས་རྣམ་པར་བཞག་སྟེ། ཀུན་བཏགས་ཀྱི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་རྣམ་པར་བཞག་གོ །གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པ་རྣམ་པར་བཞག་གོ །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་བརྟེན་ནས་ནི་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་རྣམ་པར་བཞག་གོ། ཞེས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་རྟོགས་པའི་ཏིང་ངེ་འཛིན་དེ་སྟོང་ཉིད་རྣམ་ཐར་དང་། མ་དག་པའི་གཞན་དབང་ལ་རྒྱབ་ཀྱིས་ཕྱོགས་པའི་ཏིང་ངེ་འཛིན་དེ་སྨོན་མེད་རྣམ་ཐར། མ་དག་པའི་གཞན་དབང་འཁོར་བ་རྒྱུ་དང་བཅས་པ་ལས་གྲོལ་བའི་འགོག་བདེན་ལ་ཞི་བར་བལྟ་བའི་ཏིང་ངེ་འཛིན་དེ་མཚན་མེད་རྣམ་ཐར་དང་སྦྱར་ནས་གསུངས། མདོ་སྡེ་རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང་། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེར་ཞི་ཡིན་ཞེས་བྱ། །ཞེས་བདག་མེད་གཉིས་རྟོགས་པ་སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན་དང་། བདག་ཏུ་འཛིན་པའི་རྟེན་ཉེ་བར་ལེན་པའི་ཕུང་བོ་ལྔ་ལ་ཉེས་དམིགས་སུ་ལྟ་བ་སྨོན་མེད་ཀྱི་ཏིང་ངེ་འཛིན་དང་། རྟེན་དེ་གཏན་དུ་ཉེ་བར་ཞི་བའི་མྱང་འདས་ལ་ཕན་ཡོན་དུ་ལྟ་བ་མཚན་མེད་ཀྱི་ཏིང་ངེ་འཛིན་དུ་གསུངས་སོ། །

ཏིང་ངེ་འཛིན་གསུམ་པོ་འདི་ཆོས་ཀྱི་སྡོམ་བཞིས་འགྲུབ་ཚུལ་ཡང་རྒྱན་ལས། ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །ཞེས་དང་། དབྱིག་འགྲེལ་ལས། དེ་ལ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བསྟན་ཏོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་སྟོང་བ་ཉིད་ཀྱིའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིའོ། །ཞེས་གསུངས་པ་ལྟར་རོ། །

དབུ་མ་རང་རྒྱུད་པའི་ལུགས་ལ། འགྲེལ་བ་དོན་གསལ་ལས། སྟོང་བ་དང་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་བའི་སྒོ་དང་བོའོ། །འགོག་པ་དང་ལམ་གྱི་བདེན་པའི་ངོ་བོ་ཉིད་ནི་གཉིས་པའོ། །མི་རྟག་པ་དང་སྡུག་བསྔལ་བ་དང་ཀུན་འབྱུང་བའི་བདེན་པའི་རྣམ་པའི་ངོ་བོ་ཉིད་ནི་གསུམ་པ་སྟེ། དེ་ལྟར་ན་རྣམ་པར་ཐར་བའི་སྒོ་གསུམ་གྱི་རྣམ་པ་གསུམ་མོ་ཞེས་གསུངས་པ་ལྟར། བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་ནང་གི་སྟོང་བདག་མེད་གཉིས་རྟོགས་པའི་རྣམ་ཐར་འདི་སྟོང་ཉིད་རྣམ་ཐར་དུ་བཞག་པ་བྱེ་སྨྲ་དང་འདྲ། སྡུག་བདེན་གྱི་མི་རྟག་སྡུག་བསྔལ་དང་། ཀུན་འབྱུང་གི་ཁྱད་ཆོས་བཞི་སྟེ་དྲུག་རྟོགས་པའི་རྣམ་ཐར་འདི་སྨོན་མེད་རྣམ་ཐར་དང་། འགོག་བདེན་གྱི་ཁྱད་ཆོས་བཞི་དང་། ལམ་བདེན་གྱི་ཁྱད་ཆོས་བཞི་སྟེ་བརྒྱད་རྟོགས་པའི་རྣམ་ཐར་མཚན་མེད་རྣམ་ཐར་ལ་བཞག་པས། བྱེ་སྨྲ་དང་རང་རྒྱུད་པ་གཉིས་ཀས་རྣམ་ཐར་སྒོ་གསུམ་སྦྱར་སའི་གཞི་མི་རྟག་སོགས་བཅུ་དྲུག་ལ་སྦྱར་ནས་གསུངས་ཀྱང་། སྦྱོར་ཚུལ་མི་འདྲ་སྟེ། བྱེ་སྨྲས་ལམ་བདེན་གྱི་བཞི་སྨོན་མེད་རྣམ་ཐར་ལ་སྦྱར་བ་མ་གཏོགས་མཚན་མེད་རྣམ་ཐར་ལ་སྦྱར་བ་མིན། འདི་བས་ལམ་བདེན་གྱི་བཞི་མཚན་མེད་ལ་སྦྱར་བས་མི་འདྲ་བའི་ཁྱད་པར་དེ་ལྟར་བཞག་པའི་རྒྱུ་མཚན་ནི། གཉིས་ཀས་མཚན་མེད་རྣམ་ཐར་དུ་བཞག་པའི་མཚན་མ་མེད་ཅེས་པའི་མཚན་མ་མེད་ཚུལ་མི་འདྲ་བའི་དབང་གིས་ཡིན་ཏེ། བྱེ་སྨྲས་མཚན་མེད་ཀྱི་དམིགས་པ་ལ་གཟུགས་སོགས་ཡུལ་ལྔ་དང་། ཕོ་མོ་གཉིས་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་གནས་གསུམ་སྟེ་བཅུ་ཆར་གྱི་མཚན་མ་དང་བྲལ་བ་ཞིག་དགོས་ཞེས་གསུངས་པ་ཡིན་ན། ལམ་བདེན་གྱི་བཞི་བོ་མཚན་མ་བཅུ་དང་བྲལ་བ་མིན་ཏེ། འདུས་བྱས་ཡིན་ན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་གནས་པ་མི་རྟག་པའི་བདག་ཉིད་ཅན་ཡིན་དགོས་པས་མཚན་མ་བཅུ་དང་མ་བྲལ་བའི་དབང་གིས་ལམ་གྱི་དེ་བཞི་མཚན་མེད་ལ་མ་སྦྱར་བར་མྱ་ངན་ལས་འདའ་བའི་ཚེ་ལམ་སུན་འབྱིན་པའི་ལམ་གསུམ་གྱི་སྒོ་ནས་རྒྱུན་བཅད་དེ་ངེས་པར་འབྱུང་བའི་གནས་ཡིན་པའི་ཕྱིར་སྨོན་མེད་ལ་སྦྱར་བ་ཡིན། དབུ་མ་རང་རྒྱུད་པས། ལམ་བདེན་གྱི་ཁྱད་ཆོས་བཞི་བོ་མཚན་མེད་ལ་འཇོག་པའི་རྒྱུན་མཚན་ནི། ཡུལ་ཅན་བདག་ཏུ་འཛིན་པའི་མཚན་མ་ཞི་བྱེད་ཀྱི་ལམ་ཡིན་པས་མཚན་མེད་ལ་བཞག འགོག་བདེན་གྱི་བཞི་འདི་ཡུལ་ཅན་བདག་ཏུ་འཛིན་པ་ཞི་བའི་ཆ་ཡིན་པས་མཚན་མེད་ལ་བཞག་ནས་མི་འདྲ་བའི་ཁྱད་པར་དེ་ལྟར་འབྱེད་དེ། གསེར་ཕྲེང་ལས། ལམ་གྱི་བཞི་དེར་མ་བཤད་པ་ནི་གཟུགས་ལ་སོགས་པའི་དངོས་པོའམ་ཡུལ་གྱི་མཚན་མ་བཅུ་ལ་མཚན་མར་བྱས་ནས་དེ་འགོག་པའི་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་པས། འདིར་ཡུལ་ཅན་མཚན་མའི་རྣམ་རྟོག་བྲལ་བྱེད་དང་བྲལ་བའི་དབང་དུ་བྱས་པས་མི་འགལ་ལོ། །ཞེས་གསུངས་པ་ལྟར་རོ། །

ཐེག་ཆེན་ཐུན་མོང་མ་ཡིན་པ་ཐལ་འགྱུར་བའི་རྣམ་ཐར་སྒོ་གསུམ་ལ་རྒྱུ་འབྲས་ངོ་བོ་གསུམ་ལ་སྦྱར་བ་དང་། བྱ་བྱེད་ལས་གསུམ་ལ་སྦྱར་བ་སོགས་ལས། དང་བོ་ནི། རྣམ་སྣང་མངོན་བྱང་ལས། སེམས་ནི་རང་དངོས་མེད་ཕྱིར་དང་། །རྒྱུ་དང་འབྲས་བུ་སྤངས་པའི་ཕྱིར། །ཞེས་དང་། སྒྲུབ་ཐབས་ཀུན་བཟང་ལས། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་བ་སྟེ། །དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཞེས་རྒྱུ་འབྲས་ངོ་བོ་གསུམ་གྱིས་རྣམ་ཐར་སྒོ་གསུམ་འཇོག་ཚུལ་གསུངས་ཏེ། ཆོས་རང་རང་གི་ངོ་བོ་བདེན་པས་སྟོང་བ་ཡུལ་སྟོང་ཉིད་རྣམ་ཐར་དང་། རྒྱུ་བདེན་པས་སྟོང་བ་མཚན་མེད་རྣམ་ཐར་དང་། འབྲས་བུ་བདེན་པས་སྟོང་བ་སྨོན་མེད་རྣམ་ཐར་ལ་སྦྱར་ནས་དེ་གསུམ་ཡུལ་རྣམ་ཐར་སྒོ་གསུམ་དང་། དེ་དག་ཡུལ་དུ་བྱེད་པའི་ཏིང་ངེ་འཛིན་གསུམ་ལ་ཡུལ་ཅན་རྣམ་ཐར་སྒོ་གསུམ་དུ་བཞག་པ་ཡིན་ནོ། །

གཉིས་པ་བྱ་བྱེད་ལས་གསུམ་ལ་སྦྱར་བ་ནི། སྤྱིར་འཁོར་གསུམ་མི་དམིགས་པར་བཤད་པ་ཐམས་ཅད་འདི་ཡིན་ལ། ཁྱད་པར་དུ་གསང་འདུས་རྩ་རྒྱུད་ལེའུ་གཉིས་པ་ལས། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམས་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པ་འོ། །ཞེས་རྐང་བ་དང་བོས་མེད་མཐའ་སེལ་ཚུལ་དང་། གཉིས་པས་ཡོད་མཐའ་སེལ་ཚུལ་དང་། གསུམ་པས་གཉིས་ཡིན་པའི་ཕུང་སུམ་དངོས་སུ་བཀག་ནས་གཉིས་མིན་གྱི་ཕུང་སུམ་ཤུགས་ལ་སེལ་ཚུལ་ལོ། །ཆོས་རྣམས་མཐའ་བཞི་དང་བྲལ་བ་དེ་བས་ན། གང་བསྒོམ་པར་བྱ་བ་དང་། གང་གིས་སྒོམ་པ་པོ་དང་། ཇི་ལྟར་བསྒོམ་པ་གསུམ་རང་བཞིན་གྱིས་དམིགས་སུ་མེད་པ་སྟེ་བྱ་བྱེད་ལས་གསུམ་ལ་སྦྱར་བ་ནི། བསྒོམ་པའི་བྱ་བ་དོན་དམ་པར་མི་དམིགས་པར་རྟོགས་པའི་སྟོང་ཉིད་དང་། བསྒོམ་པར་བྱ་བའི་ལས་དོན་དམ་པར་མི་དམིགས་པར་རྟོགས་པའི་མཚན་མེད་དང་། སྒོམ་པ་པོ་དོན་དམ་པར་མི་དམིགས་པར་རྟོགས་པའི་སྨོན་མེད་དུ་བཞག་པར་གསུངས་པ་ནི་ཚུལ་བཞིའི་ཡིག་དོན་གྱི་དབང་དུ་བྱས་པའོ། །སྤྱི་དོན་གྱི་སྐབས་སུ་རྒྱུ་འབྲས་ངོ་བོ་གསུམ་གྱི་སྒོ་ནས་གསུངས་པ་ཡུལ་འཁོར་སྐྱོང་ཞུས་ཀྱི་དོན་བཤད་ཟིན་དང་མཐུན། བྱ་བྱེད་ལས་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་ལ་ཡུལ་ཡུལ་ཅན་གྱི་རྣམ་ཐར་སྒོ་གསུམ་རེ་ཡོད་པ་ཤེས་སླའོ། །མདོར་ན་འཁོར་གསུམ་མི་དམིགས་པར་སྟོན་པ་མཐའ་དག་ཀྱང་རྣམ་ཐར་སྒོ་གསུམ་སྟོན་པ་ཡིན་པས། མདོ་སྔགས་གཉིས་ཀའི་ལམ་གྱི་སྲོག་ཏུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །

 གཉིས་པ་ནི། དེའི་ཕྱིར་རྣམ་དཔྱོད། ཅེས་སོགས་བྱུང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་སྔར་བཤད་ཟིན་པ་དེའི་ཕྱིར་ཐར་བ་དོན་གཉེར་གྱི་རྣམ་དཔྱོད་དང་ལྡན་པ་དག་གིས་དེ་ཁོ་ན་ཉིད་ཇི་ལྟར་ཡིན་ཁོང་དུ་ཆུད་པའི་ཐབས་ལ་འབད་དགོས་ལ སྟོང་ཉིད་ཀྱི་ལྟ་བ་རྙེད་པ་དེ་ཡང་ཐོག་མར་རྒྱལ་བའི་གསུང་རབ་ཀྱི་རྗོད་བྱེད་ཚིག་གི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེད་པ་ལ་རག་ལས་ཤིང་། རྗོད་བྱེད་ཚིག་གི་དྲང་ངེས་དེ་གཉིས་རྣམ་པར་འབྱེད་པ་ཡང་། གསུང་རབ་ལས་འདི་ནི་དྲང་བའི་དོན་ཡིན་ནོ་འདི་ནི་ངེས་པའི་དོན་ཡིན་ནོ་ཞེས་གསུངས་པའི་ལུང་ཙམ་གྱིས་དྲང་དོན་དང་ངེས་དོན་དུ་འབྱེད་ནུས་པ་མ་ཡིན་ཏེ། དེ་ལས་གཞན་དུ་ལུང་ཙམ་གྱིས་དྲང་ངེས་འབྱེད་ནུས་ན་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་འབྱེད་པའི་དགོངས་འགྲེལ་བརྩམས་པ་དོན་མེད་པར་འགྱུར་བའི་ཕྱིར་ཏེ། དེ་དག་གིས་དགོངས་འགྲེལ་མ་བརྩམས་གོང་དུ་ཡང་བཅོམ་ལྡན་འདས་ཀྱི་ལུང་ལ་ལ་ན་འདི་དྲང་དོན་ཡིན་འདི་ངེས་དོན་ཡིན་ཞེས་སྔར་ནས་གསུངས་ཟིན་པའི་ཕྱིར། དེ་ཙམ་གྱིས་དྲང་ངེས་འབྱེད་ནུས་ན་དེའི་རྗེས་སུ་དགོངས་འགྲེལ་བརྩམས་པ་ལ་དགོས་པ་མེད་པའི་ཕྱིར་དང་། གསུང་རབ་ལས་དྲང་ངེས་ཀྱི་འཇོག་ཚུལ་མི་མཐུན་པ་དུ་མ་གསུངས་པའི་ཚུལ་ནི། མདོ་སྡེ་དགོངས་འགྲེལ་ལྟ་བུའི་སྐབས་ན་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་དྲང་དོན་དང་། མདོ་སྡེ་དགོངས་འགྲེལ་ངེས་དོན་ཡིན་པར་གསུངས་པ་དང་། ཡང་བློ་གྲོས་མི་ཟད་པའི་མདོ་ལ་སོགས་པའི་སྐབས་ན་ཤེར་ཕྱིན་གྱི་མདོ་ལ་སོགས་པའི་ཆོས་ཐམས་ཅད་བདེན་མེད་སྟོན་པ་ནི་ངེས་དོན་དང་། དེ་ལས་གཞན་ཀུན་རྫོབ་སྟོན་པ་ནི་དྲང་དོན་ཡིན་པར་གསུངས་ནས་དྲང་དོན་ངེས་དོན་གྱི་འཇོག་ཚུལ་མི་མཐུན་པ་དུ་མར་གསུངས་པའི་ཕྱིར་དང་། སྤྱིར་ན་ལུང་ལས། འདི་ནིདྲང་དོན་གྱི་མདོའདིའོ་འདི་ནི་ངེས་དོན་གྱི་མདོ་ཡིན་ནོ་ཞེས་གསུངས་ཡོད་པ་ཙམ་གྱི་ལུང་གིས་དྲང་ངེས་ཀྱི་དོན་དེ་དེ་ལྟར་བཞག་པར་མི་ནུས་ལ། དེའི་ཚེ་ཡིན་མིན་གྱི་རྣམ་བཞག་སྤྱི་ལ་གསུང་རབ་ལས་དེ་ལྟར་ཡིན་མིན་གསུངས་པ་ཙམ་གྱིས་དྲང་ངེས་ཀྱི་དོན་འཇོག་པ་ལ་མ་ཁྱབ་པ་ན་བྱེ་བྲག་དྲང་ངེས་ལ་སྦྱར་ན་ཡང་འདི་དྲང་དོན་གྱི་མདོ་དང་འདིངེས་དོན་གྱི་མདོའོ་ཞེས་གསུངས་པ་ཙམ་གྱིས་ཀྱང་རིགས་པརསྒྲུབ་པར་མི་ནུས་པའི་ཕྱིར་རོ། །འདི་དྲང་དོན་ནོ་འདི་ངེས་དོན་ནོ་ཞེས་གསུངས་པའི་ལུང་ཙམ་གྱིས་དྲང་ངེས་འབྱེད་མི་ནུས་པ་དེའི་ཕྱིར་དྲང་ངེས་འབྱེད་ན་གསུང་རབ་ཀྱི་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོཀླུ་སྒྲུབ་ཐོགས་མེད་དག་གིས་དྲང་ངེས་ཀྱི་མདོའི་དགོངས་པ་བཀྲལ་ཞིང་། དེ་ཡང་རིགས་པའི་སྒོ་ནས་ངེས་དོན་གྱི་གསུང་རབ་འགའ་ཞིག་དྲང་དོན་ཡིན་ཞེས་ལུང་ལས་གསུངས་ཡོད་ཀྱང་། དེ་སྒྲ་ཇི་བཞིན་དུ་ཁས་བླངས་ན་རིགས་པས་གནོད་པས་དེ་རིགས་པའི་གནོད་བྱེད་བསྟན་ནས་ངེས་དོན་གྱི་ལུང་གི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། དེ་ལ་གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་དྲང་ངེས་ཀྱི་དགོངས་པ་ལེགས་པར་གཏན་ལ་ཕབ་པ་ཞིག་ཡོད་པ་དེ་དག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་བའི་སྒོ་ནས་ཤེས་དགོས་པས་ན། དེ་ཡང་སྒྲུབ་བྱེད་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཁོ་ནས་སམ་ཉིད་ཀྱིས་དྲང་ངེས་ཀྱི་ཁྱད་པར་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་དེ་འདྲའི་གྲུབ་མཐའ་སྨྲ་བ་བོ་དེ་ཚད་མའི་སྐྱེས་བུར་ཁས་ལེན་མི་རུང་བའི་ཕྱིར་དང་། ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་དངོས་པོའི་རང་རང་གི་དེ་ཁོ་ན་ཉིད་ཀྱང་གནས་ལུགས་མཐར་ཐུག་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །

གསུམ་པ་ནི། དོན་གྱི་དབང་ཞེས་སོགས་བྱུང་། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལུང་ཙམ་གྱིས་དྲང་ངེས་འབྱེད་མི་ནུས་པར་རིགས་པ་ཁོ་ནས་དྲང་ངེས་འབྱེད་དགོས་པའི་དོན་གྱི་དབང་འདི་གཟིགས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྗེས་སུ་འབྲངས་པའི་དགེ་སློང་དག་གམ་དེ་ལས་གཞན་པའིམཁས་པ་རྣམས་ཀྱིས་གསུང་རབ་ཀྱི་དོན་དཔྱོད་པའི་སྐབས་སུ། དཔེར་ན། གསེར་ལ་བཟང་ངན་བརྟག་པའི་སྐྱོན་མངོན་གྱུར་རུང་བ་ལ་བརྟག་པའི་སྐབས་སུ་མེ་ལ་བསྲེགས་ཏེ་ཁ་དོག་གི་སྒོ་ནས་བརྟགས་པ་དང་། ལྐོག་གྱུར་ནང་གི་སྐྱོན་ལ་བརྟག་པའི་སྐབས་སུ་བཅད་ཅིང་གཏུབ་པའི་སྒོ་ནས་བརྟག་པ་དང་། སྐྱོན་ཤིན་ཏུ་ལྐོག་གྱུར་ལྷད་དང་འདྲེས་པ་ལ་བརྟག་པའི་སྐབས་སུ་རྡོ་ལ་བརྡར་བའི་སྒོ་ནས་བརྟག་པར་བྱས་ཏེ། སྐྱོན་དེ་དག་མེད་པར་ཤེས་པ་ན་གསེར་སྐྱོན་མེད་དུ་ཁས་ལེན་དགོས་པ་དེ་བཞིན་དུ་གསུང་རབ་གང་དང་གང་ལ་འཇུག་ནའང་ཐོག་མར་གཞལ་བྱ་མངོན་གྱུར་སྟོན་པ་རྣམས་ལ་མངོན་སུམ་ཚད་མ་དང་། གཞལ་བྱ་ལྐོག་གྱུར་སྟོན་པ་རྣམས་ལ་དངོས་སྟོབས་རྗེས་དཔག་དང་། གཞལ་བྱ་ཤིན་ལྐོག་སྟོན་པ་རྣམས་ལ་ཡིད་ཆེས་རྗེས་དཔག་གིས་གནོད་པ་ཡོད་མེད་ལེགས་པར་བརྟགས་ལ་གནོད་པ་མེད་པར་མཐོང་བ་ན་ང་ཡི་བཀའཚད་མར་བླང་བར་བྱ་ཡི ང་གུས་པ་ཙམ་གྱི་ཕྱིར་དང་། ང་ལ་དད་པ་ཙམ་གྱི་ཕྱིར་ངས་གང་གསུང་ངེས་དོན་དུ་ཁས་བླང་བར་བྱ་བ་མིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ།  །དྲང་ངེས་འཇུག་ངོགས་ལས། ཚིགས་བཅད་འདི་དྲི་མེད་འོད་དུ་དྲངས་པ་མ་གཏོགས་། ལུང་ཁུངས་རྩར་མི་ཆོད་པས་མ་གསུངས་པ་ཡིན་ནམ་བརྟག་ལ་ཞེས་གསུངས།

གཞུང་འདིས་རྟོན་བཞི་བསྟན་ཚུལ་ནི། ང་ཞེས་དང་གུས་ཕྱིར་མིན་ཞེས་སངས་རྒྱས་བཅོམ་ལྡན་འདས་གང་ཟག་ཁྱད་པར་ཅན་དུ་གྲགས་པས་གུས་པ་ཙམ་རྒྱུ་མཚན་དུ་མི་བྱེད་པ་གང་ཟག་ལ་མི་རྟོན་པའི་དོན་དང་། བཀའ་བླང་བར་བྱ་ཞེས་བཀའ་ཚད་མར་བྱས་ཏེ་ཆོས་ལ་རྟོན་པ། བཀའ་གུས་ཕྱིར་མིན་ཞེས་པ་བཀའ་ལས་གསུངས་པ་རྒྱུ་མཚན་དུ་བྱས་ཏེ་བཤད་ཚད་སྒྲས་ཟིན་ལྟར་མི་འཛིན་པ་ཚིག་ལ་མི་རྟོན་པ། བརྟག་ལ་བླང་བར་བྱ་ཞེས་དགོངས་དོན་བརྟགས་ཏེ་འཛིན་པ་དོན་ལ་རྟོན་པ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ཞེས་གསེར་སྐྱོན་བཞིན་བསྟན་དོན་རགས་པ་ཤེས་སླ་ཡང་དེས་མི་ངོམས་པ་དྲང་དོན་ལ་མི་རྟོན་པ། དགོངས་དོན་ཤིན་ཏུ་ཟབ་པའི་གནས་ལུགས་ཀྱི་དོན་འཚོལ་བ་ངེས་དོན་ལ་རྟོན་པ། གནས་ལུགས་ཟབ་མོ་འཇལ་བྱེད་ཐོས་བསམ་སྒོམ་གསུམ་དང་། སྒོམ་བྱུང་ལའང་འཇིག་རྟེན་ལས་འདས་མ་འདས་སོགས་ཡོད་པ་སྔ་མ་སྔ་མས་མི་ཆོག་ཕྱི་མ་ཕྱི་མ་དང་མཐར་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་དབྱིངས་དང་རོ་གཅིག་པའི་བར་སློབ་དགོས་པས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ཡིན་ནོ། །སྤྱིར་རྟོན་བཞིའི་དོན་ནི། དང་བོ། གང་ཟག་དེ་གྲགས་པ་ཅན་དང་གོ་ས་མཐོ་བ་སོགས་རྒྱུ་མཚན་དུ་བྱས་ནས་དེས་བཤད་པ་མི་བསླུ་བ་དང་བདེན་པར་མ་བརྟགས་པར་ཁས་མི་ལེན་ཞིང་། ཁོས་བཤད་པ་དེ་དག་ལ་རིགས་པ་ཡང་དག་གིས་གནོད་པ་ཡོད་མེད་དཔྱད་ནས་གནོད་པ་མེད་ན་དེ་ལྟར་ཁས་ལེན་པ་ནི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་དོན་ནོ། །གང་ཟག་ལ་མི་རྟོན་ཞེས་པའི་སྐབས་ཀྱི་གང་ཟག་ནི་སྨྲ་ཤེས་པའི་གང་ཟག་དང་། ཆོས་ལ་རྟོན་ཞེས་པའི་སྐབས་ཀྱི་ཆོས་ནི་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་རྣམས་འཇོག་གོ །ཕྱི་རོལ་བའི་བསྟན་བཅོས་རྣམས་ནག་པོ་བསྟན་པ་དང་། ནང་བའི་མདོ་བསྟན་བཅོས་རྣམས་ཆེན་པོ་བསྟན་པ་ཡིན་ནོ། །གཉིས་པ་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཞེས་པའི་ཚིག་ལ་བཀའ་བསྟན་བཅོས་གཉིས་དང་། སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཡོད་ཅིང་། དོན་ལ་ཡང་དྲང་ངེས་ཀྱི་དོན་གཉིས་ཡོད་པ་ལས། གསུང་རབ་དེ་དག་གི་ཚིག་གི་ངོས་ཟིན་ལྟར་དུ་ཡུལ་གྱི་གནས་ལུགས་སོགས་ལ་མི་བསླུ་བའི་ངེས་པ་མེད་པས་མཐའ་གཅིག་ཏུ་ཡིད་མི་རྟོན་ཞིང་། ཚིག་ལེགས་ཉེས་ཇི་ལྟར་ཡང་བསམ་དོན་གྱི་བརྗོད་བྱའི་དོན་དེ་དང་དེ་ལ་སྒྲུབ་བྱེད་རྣམ་དག་ཡོད་ན་དེ་ལྟར་ཁས་ལེན་པ་ནི། ཚིག་ལ་མི་རྟོན་དོན་ལ་རྟོན་པའི་དོན་ནོ། །གསུམ་པ་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཞེས་པའི་དྲང་ངེས་ཀྱི་དོན་ལ། རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་ངེས་གཉིས་དང་། བརྗོད་བྱའི་དབང་དུ་བྱས་པའི་དྲང་ངེས་གཉིས་ཡོད་པ་ལས། དང་བོ་དྲང་དོན་ཀུན་རྫོབ་སྟོན་པའི་མདོའི་གསུང་ཚུལ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་ཞིང་། ངེས་དོན་སྟོང་ཉིད་སྟོན་པའི་མདོའི་གསུང་ཚུལ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་ལེན་པ་ནི། རྗོད་བྱེད་ཀྱི་དབང་དུ་བྱས་པའི་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་པའི་དོན་དང་། དྲང་དོན་ལ་མི་རྟོན་ཞེས་པའི་སྐབས་ཀྱི་དྲང་དོན་ནི། དྲང་དོན་གྱི་མདོ་དང་། ངེས་དོན་ལ་རྟོན་ཞེས་པའི་སྐབས་ཀྱི་ངེས་དོན་ནི། ངེས་དོན་གྱི་མདོ་ལྟ་བུའོ། །གཉིས་པ་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་པར་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་ལྟར་བདེན་པས་སྟོང་བ་དེ་ཡུལ་གྱི་གནས་ལུགས་སུ་ཁས་ལེན་པ་ནི། བརྗོད་བྱའི་དབང་དུ་བྱས་པའི་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པའི་དོན་ནོ། །དྲང་དོན་ལ་མི་རྟོན་ཞེས་པའི་སྐབས་ཀྱི་དྲང་དོན་ནི། ཀུན་རྫོབ་བདེན་པ་དང་། ངེས་དོན་ལ་རྟོན་ཞེས་པའི་སྐབས་ཀྱི་ངེས་དོན་ནི། དོན་དམ་བདེན་པ་ལྟ་བུའོ། །བཞི་བ། སྟོང་ཉིད་མ་རྟོགས་པ་རྣམས་ཀྱི་རྣམ་ཤེས་ལ་སྣང་བ་ལྟར་ཡུལ་གྱི་གནས་ལུགས་སུ་ཁས་མི་ལེན་ཞིང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་སྣང་བ་ལྟར་ཁས་ལེན་པ་ནི། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་དོན་ནོ། །རྣམ་ཤེས་ལ་མི་རྟོན་ཞེས་པའི་སྐབས་ཀྱི་རྣམ་ཤེས་ལ་གཙོ་བོར་སྟོང་ཉིད་མ་རྟོགས་པའི་རྒྱུད་ཀྱི་རྣམ་ཤེས་དང་། ཡེ་ཤེས་ལ་རྟོན་ཞེས་པའི་སྐབས་ཀྱི་ཡེ་ཤེས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འཇོག་པར་གསུངས་སོ། །འདིར་རྟོན་མི་རྟོན་ཞེས་པ་ཡིད་ཆེས་མི་ཆེས་ལ་བཤད་དགོས་པ་ཡིན་ནོ། །

དེ་ལྟར་ན་གཉིས་པ་རྒྱལ་བའི་གསུང་རབ་ལ་དྲང་ངེས་རྒྱས་པར་བྱེད་པ་ལ་གཉིས། མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང་། བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་པའི་ཕྱོགས་སོ། །

དང་བོ་ལ་གཉིས། མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་དང་། དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ། །

དང་བོ་ལ་བཞི། མདོ་སྡེ་ལ་འགལ་སྤོང་གི་དྲི་བ། འགལ་བ་དེ་སྤོང་བའི་ལན། ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ། དེ་དག་གིས་གྲུབ་པའི་དོན་ཞུས་པའོ། །དང་བོ་ལ་གཉིས། བཤད་བྱའི་མདོ་དགོད་པ་དང་། མདོའི་དོན་བཤད་པའོ། །དང་བོ་ནི། དགོངས་འགྲེལ་ལས། ཞེས་སོགས་བྱུང་། འདིར་དགོངས་འགྲེལ་བོད་འགྱུར་དུ། དོན་ཟབ་དགོངས་པ་ངེས་འགྲེལ་གྱི་ལེའུ་སྟེ་དང་བོ། ཆོས་འཕགས་ཀྱི་གཉིས་པ། བློ་གྲོས་ཤིན་ཏུ་རྣམ་དག་གི་གསུམ་པ། རབ་འབྱོར་གྱི་བཞི་བ། བློ་གྲོས་ཡངས་པའི་ལྔ་བ། ཡོན་ཏན་འབྱུང་གནས་ཀྱི་དྲུག་པ། དོན་དམ་ཡང་དག་འཕགས་ཞུས་ཀྱི་བདུན་པ། བྱམས་པའི་བརྒྱད་པ། སྤྱན་རས་གཟིགས་དབང་ཕྱུག་གི་དགུ་བ། ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཚོགས་རྣམ་པར་ངེས་པའི་ལེའུ་བཅུ་བ་ཞེས་འབྱུང་སྟེ། ལེའུ་བཅུས་རིམ་པར་རྣམ་རིག་གི་དེ་ཁོ་ན་ཉིད་དང་། དོན་དམ་པ་རྟོག་གེའི་བློས་ཇི་ལྟ་བ་བཞིན་བསམ་གྱིས་མི་ཁྱབ་པའི་ཚུལ་དང་། བདེན་གཉིས་ངོ་བོ་གཅིག་དང་ལྡོག་པ་ཐ་དད་དུ་འཇོག་ཚུལ་དང་། ཆོས་དབྱིངས་དབྱེར་མེད་དང་། ཀུན་གཞིའི་རྣམ་བཞག་དང་། མཚན་ཉིད་གསུམ་གྱི་རྣམ་བཞག་དང་། གསུང་རབ་ཀྱི་དྲང་ངེས་དང་། ཞི་ལྷག་གི་རྣམ་བཞག་དང་། ས་བཅུའི་རྣམ་བཞག་དང་། འབྲས་བུ་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀྱི་སྐུའི་རྣམ་བཞག་སོགས་གཙོ་བོར་གཏན་ལ་འབེབས་སོ། །དེ་ལས་འདིར་སྐབས་སུ་བབ་པ་དགོངས་འགྲེལ་འཕགས་ཞུས་ཀྱི་ལེའུ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་དང་བོར་རྣམ་གྲངས་དུ་མར་ཕུང་བོ་རྣམས་ཀྱི་རང་གི་ངོ་བོ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་ཀྱང་མང་དུ་བཀའ་སྩལ། དེ་བཞིན་དུ་ཕུང་བོའི་ཁྱད་པར་སྐྱེ་བའི་མཚན་ཉིད་དང་། འཇིག་པའི་མཚན་ཉིད་དང་། ཟག་བཅས་ཀྱི་ཕུང་བོ་ལྔ་སྤང་བ་དང་། ཟག་མེད་ཀྱི་ཕུང་བོ་ལྔ་ཡོངས་སུ་ཤེས་པ་ལ་བརྩམས་ནས་རང་མཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་ཀྱང་མང་དུ་བཀའ་སྩལ། ཡང་སྤང་བ་དང་ཡོངས་སུ་ཤེས་པ་ལ་སྦྱོར་ཚུལ་གཞན་ནི། ཟག་བཅས་ཀྱི་ཕུང་བོ་ལྔའི་རྒྱུ་ལས་དང་ཉོན་མོངས་སྤོང་བ་དང་། ཟག་བཅས་ཀྱི་ཕུང་བོ་ལྔའི་རང་གི་ངོ་བོ་ནད་དང་འདྲ་བར་ཡོངས་སུ་ཤེས་པར་བྱ་བ་ལ་སྦྱོར་ཚུལ་གཅིག་དང་གཉིས་ཡོད། ཕུང་བོ་རྣམས་ཀྱི་ངོ་བོ་དང་ཁྱད་པར་ལ་བརྩམས་ནས་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་ཇི་ལྟ་བ་དེ་བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཟས་རྣམས་ཀྱི་བར་ཡང་བརྩམས་གཞིར་བཟུང་ནས་རང་རང་གི་ངོ་བོ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ། རང་རང་གི་ཁྱད་པར་སྐྱེ་འཇིག་སོགས་ལ་བརྩམས་ནས་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ། ཕུང་བོ་དེ་བཞིན་དུ་སྦྱར་ནས་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་དང་། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་གི་བདེན་པ་སྤང་བ་དང་། འགོག་པའི་བདེན་པ་མངོན་དུ་བགྱི་བ་དང་། ལམ་གྱི་བདེན་པ་བསྒོམ་པ་ལ་སྦྱར་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་དང་། དེ་བཞིན་དུ་ཁམས་རྣམས་ཀྱི་རང་རང་གི་ངོ་བོ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་དང་། ཁམས་སྣ་ཚོགས་པ་ཁམས་བཅོ་བརྒྱད་དང་། ཁམས་དུ་མ་སྐྱེས་བུའི་གདགས་གཞི་ཁམས་དྲུག་ལ་སྦྱར་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་དང་། ཟག་བཅས་ཀྱི་ཕུང་བོ་ལྔ་སྤང་བ་དང་། ཟག་མེད་ཀྱི་ཕུང་བོ་ལྔ་ཡོངས་སུ་ཤེས་པ་ལ་བརྩམས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་དང་། དེ་བཞིན་དུ་སྦྱར་ནས་བྱང་ཕྱོགས་སོ་བདུནཏེ་དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི། དབང་བོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་དེ་དེ་རྣམས་ཀྱི་རང་རང་གི་ངོ་བོ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་དང་། དེ་བཞིན་དུ་བྱང་ཕྱོགས་སོ་བདུན་གྱི་རང་རང་གི་མི་མཐུན་པའི་ཕྱོགས་དང་། དེ་དག་གི་གཉེན་པོ་བྱེད་ཚུལ་དང་། གཉེན་པོ་དེ་དག་སྔར་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་ཟིན་པ་མི་ཉམས་པར་གནས་པ་དང་། དེ་ཡང་མི་བསྐྱུད་པ་སྟེ་མི་བརྗེད་པ་དང་། ཡང་ཡང་མངོན་དུ་བྱས་ཏེ་གོམས་པར་བྱེད་པའི་སླར་ཞིང་འབྱུང་བ་དང་། གོང་ནས་གོང་དུ་འཕེལ་ཞིང་ཡངས་པསྟེ་མཐའ་མེད་དུ་རྒྱས་པ་ཉིད་ཀྱང་བཀའ་སྩལ། ཅེས་དེ་ཐམས་ཅད་བརྩམས་ནས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་བ་འདིས་མདོ་ཚན་དང་བོའི་དྲི་བའི་གཞི་བཀོད་པ་ཡིན། འཁོར་ལོ་དང་བོའི་བཀའ་སྩལ་བདུན་གྱི་མཚན་གཞི་ནི། ཕུང་བོ་ལ་བརྩམས་པ་ནི། རྒྱལ་བོ་གཟུགས་ཅན་སྙིང་བོ་ལ་གདམས་པ་ལས། རྒྱལ་བོ་ཆེན་པོ་གཟུགས་ལ་སྐྱེ་བ་ཡང་ཡོད། འཇིག་པ་ཡང་ཡོད། དེའི་སྐྱེ་བ་དང་འཇིག་པ་ཡང་ཤེས་པར་བྱའོ། །ཞེས་སོགས་ལྟ་བུ་དང་། སྐྱེ་མཆེད་དང་རྟེན་འབྲེལ་དང་། ཟས་ལ་བརྩམས་པ་གསུམ་ནི། མངོན་འབྱུང་གི་མདོར་རལ་བ་ཅན་ལྔ་བརྒྱ་དང་འོད་སྲུངས་ཆེན་པོ་སོགས་ལ་གདམས་པ་ལྟ་བུ་དང་། བདེན་པ་ལ་བརྩམས་པ་ནི། བདེན་བཞིའི་ཆོས་འཁོར་གྱི་མདོ་ལྟ་བུ་དང་། ཁམས་ལ་བརྩམས་པ་ནི། ཁམས་མང་བོའི་མདོ་ལྟ་བུ་དང་། བྱང་ཕྱོགས་ལ་བརྩམས་པ་ནི། དྲན་པ་ཉེར་བཞག་གི་མདོ་ལྟ་བུ་ཡིན་ནོ། །

མདོར་ན་བཅོམ་ལྡན་འདས་ཀྱིས་དུས་དང་བོར་ཕུང་ཁམས་སྐྱེ་མཆེད་སོགས་ཆོས་མང་བོ་ལ་རང་མཚན་གྱིས་གྲུབ་གྲུབ་ཅེས་པའི་མདོ་ཚིག་མང་དུ་བཀའ་སྩལ་ཡོད་པ་དང་། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དུས་གཉིས་པར་ཆོས་ཐམས་ཅད་ཆ་མ་ཕྱེ་བར་རང་མཚན་གྱི་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་རང་མཚན་གྱིས་མ་སྐྱེས་པ། ཆོས་ཐམས་ཅད་རང་མཚན་གྱིསམ་འགགས་པ།  ཆོས་ཐམས་ཅད་རང་མཚན་གྱིསགཟོད་མ་ནས་ཞི་བ་སྟེ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་པའི་མདོ་ཚིག་ཀྱངམང་དུ་བཀའ་སྩལ་ལགས་ན། ཞེས་པས་མདོ་ཚན་གཉིས་པའི་དྲི་བའི་གཞི་བཀོད་ནས། དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཞུ་བ་ནི། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་སྒྲས་ཟིན་མི་མཐུན་པ་གཉིས་གསུངས་པཅི་ལ་དགོངས་ནས་དུས་བར་བར་ཆོས་ཐམས་ཅད་རང་མཚན་གྱིས་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་རང་མཚན་གྱིས་མ་སྐྱེས་པ། ཆོས་ཐམས་ཅད་རང་མཚན་གྱིས་མ་འགགས་པ། ཆོས་ཐམས་ཅད་རང་མཚན་གྱིསགཟོད་མ་ནས་ཞི་བ་སྟེ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་སྩལ་བ་འདི་དགོངས་གཞི་གང་ལ་དགོངས་ནས་གསུངས་པ་ཡིན་ནམ། བཅོམ་ལྡན་འདས་ལ་འདྲི་དགོས་སོ་སྙམ་དུ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱི་ཐུགས་ལ་དགོངས་པ་བགྱིད་ལགས་ཏེདངོས་སུ་དྲི་བ་ནི། བཅོམ་ལྡན་འདས་ཀྱིས་དགོངས་གཞི་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ཆ་མ་ཕྱེ་བར་རང་མཚན་གྱིས་ངོ་བོ་ཉིད་མ་མཆིས་པ་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་གསུངས་པ་ལགས་ལ། དེའི་བཀའ་སྩལ་བའི་དགོངས་གཞིའི་དོན་དེ་ཉིད་བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ་ཞེས་གསུངས་སོཞེས་པ་བར་བའི་དྲི་བ་དངོས་སུ་ཞུས་ནས་དང་བོའི་དྲི་བ་ཤུགས་ལ་བསྟན་པ་ཡིན་ནོ། །གཉིས་པ་ནི། འདིས་ནི་མདོ་སྡེ་ཞེས་སོགས་བྱུང་། དྲིས་ཞུས་ཀྱི་ཚིག་འདིས་ནི་མདོ་སྡེ་ཁ་ཅིག་ཏུ་དུས་བར་བར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་དང་། ཡང་མདོ་སྡེ་ཁ་ཅིག་ཏུ་ཕུང་བོ་ལ་སོགས་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་སྐྱེ་འཇིག་གི་མཚན་ཉིད་ལ་སོགས་པ་རང་མཚན་གྱི་ཡོད་པར་གསུངས་པ་གཉིས་སྒྲ་སོར་བཞག་ན་འགལ་བ་ཡིན་ནའང་སངས་རྒྱས་བཅོམ་ལྡན་འདས་ལ་འགལ་བ་མེད་དགོས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་མཉམ་དུ་གསུངས་པའི་དགོངས་གཞི་ཅི་ལ་དགོངས་ནས་གསུངས་པ་ཡིན་ཞེས་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་ཞེས་པའམ་འཁོར་ལོ་བར་བའི་དགོངས་གཞི་དངོས་སུ་དྲིས་ཏེ། དྲི་བ་དེས་ནི་དུས་དང་བོར་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་ཡང་དགོངས་གཞི་ཅི་ལ་དགོངས་ནས་གསུངས་པ་ཞེས་འཁོར་ལོ་དང་བོའི་དགོངས་གཞི་དོན་གྱིས་ཞུས་པའམ་ཤུགས་ཀྱིས་ཞུས་སོ། །

སྔར་ཕུང་བོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ་ཞེས་གསུངས་པའི་སྐབས་འདིར་རང་གི་མཚན་ཉིད་ཅེས་པ་རྒྱ་ནག་གི་དགོངས་འགྲེལ་འགྲེལ་ཆེན་སོགས་ལས་རང་གི་མཚན་ཉིད་ཀྱིས་བཀའ་སྩལ་ཞེས་པའི་རང་མཚན་དེ་རང་གི་ཐུན་མོང་མ་ཡིན་པའི་མཚན་ཉིད་ལ་བཤད་པ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་པའི་མི་འཐད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། མདོ་སྡེ་དགོངས་འགྲེལ་རང་ཉིད་ལས་ཀུན་བཏགས་རྒྱས་བཤད་ཀྱི་སྐབས་སུ་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པ་འདིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་པའི་ཕྱིར་དང་། ཀུན་བཏགས་ལའང་ཐུན་མོང་མ་ཡིན་པའི་མཚོན་བྱེད་ཡོད་པས་འགྲེལ་ཆེན་ལྟར་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཀུན་བཏགས་ལ་བཤད་དུ་མི་རུང་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་པའི་ཕྱིར་ཞེས་པའི་ཚིག་ཟུར་གྱི་རང་མཚན་དང་། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་ཚིག་ཟུར་གྱི་རང་མཚན་གཉིས་འཇོག་ཚུལ་མི་འདྲ་སྟེ། སྔ་མ་དགག་བྱའི་རང་མཚན་དང་། ཕྱི་མ་རང་མཚན་དངོས་ལ་བཤད་པས་དེ་གཉིས་འཇོག་ཚུལ་མི་འདྲ་ནའང་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པ་འདིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་གསལ་བར་གསུངས་པའི་ཚུལ་ནི་གོང་གི་ཁྱད་གཞི་དེ་དང་སྦྱར་ནས་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅི་ཕྱིར་ཞེ་ན། འདི་ལྟར། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་གྲུབ་པར་སྒྲོ་བཏགས་པའི་ཀུན་བཏགས་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཞེས་པས་ཁྱད་གཞི་ཁྱད་ཆོས་སྦྱར་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་ལྟར་མི་གནས་པ་ཞེས་པས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟེང་དུ་བབས་འདུག་པ་ཡིན་གསུངས། ཁམས་སྣ་ཚོགས་པ་དང་ཁམས་དུ་མ་ལ་རྒྱ་ནག་གི་འགྲེལ་ཆེན་སོགས་འགྲེལ་བ་རྣམས་ཀྱིས་ཁམས་བཅོ་བརྒྱད་གཅིག་པུ་ལ་མིང་འདོགས་ཚུལ་གྱི་སྒོ་ནས་ཁམས་སྣ་ཚོགས་པ་དང་། ཁམས་དུ་མ་ཞེས་བཤད་ནས་དེ་ལ་ཁམས་སྣ་ཚོགས་པ་ཞེས་པ་ཁམས་བཅོ་བརྒྱད་པོ་ནང་ཕན་ཚུན་རང་རང་གི་རང་བཞིན་མི་འདྲ་བ་སྣ་ཚོགས་པ་ཡོད་པས་ཁམས་སྣ་ཚོགས་པ་དང་། ཁམས་དུ་མ་ཞེས་པ་ཡང་དེ་དག་སེམས་ཅན་ཚད་མེད་པའི་རྟེན་གྱི་བྱེ་བྲག་ཏུ་གྱུར་པའི་ལྡོག་ཆ་ནས་ཁམས་དུ་མ་ཞེས་མིང་བཏགས་ནས་བཤད་ཚུལ་གཞན་དུ་བཤད་ཀྱང་དེ་རང་ལུགས་ལ་མི་འཐད་དེ། མདོ་སྡེ་དགོངས་འགྲེལ་གྱི་འོག་ནས་ཁམས་བཅོ་བརྒྱད་པོ་དག་གི་ཁམས་རེ་རེ་ལའང་དེ་བཞིན་ནོ། །ཁམས་དྲུག་པོ་དེ་དག་ནི་ཁམས་རེ་རེ་ལའང་དེ་བཞིན་ལགས་སོ་ཞེས་འབྱུང་བའི་མདོ་སྡེ་འདི་ལས་ཟས་རེ་རེ་ལ་ཡང་དེ་བཞིན་ལགས་སོ། །ཁམས་དྲུག་དང་། བཅོ་བརྒྱད་དག་གི་ཁམས་རེ་རེ་ལ་ཡང་དེ་བཞིན་ལགས་སོ་ཞེས་པ་དང་སོ་སོར་སྦྱར་ན་ཁམས་སྣ་ཚོགས་པ་ཁམས་བཅོ་བརྒྱད་དང་། ཁམས་དུ་མ་སྐྱེས་བུའི་གདགས་གཞིར་གྱུར་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་ཏེཁམས་དྲུག་ལ་བྱའོ། །མི་བསྐྱུད་པ་ཞེས་པ་ནི་མི་བརྗེད་པའི་བརྡ་རྙིང་ཡིན་ནོ་ཞེས་པའོ། །

གཉིས་པ་འགལ་བ་དེ་སྤོང་བའི་ལནལ་གཉིས། ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ་དང་། གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པའོ། །དང་བོ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དེ་དག་གི་དཔེ་བསྟན་པའོ། །དང་བོ་ལ་གཉིས། ལུང་དྲངས་ནས་དགོངས་གཞི་ངོས་བཟུང་བ། ཤེར་མདོ་ལས་ངོ་བོ་ཉིད་མེད་པར་གསུངས་པ་ཀུན་རྫོབ་ཀྱི་ཆོས་ཙམ་ལ་དགོངས་པར་འདོད་པའི་ལུགས་དགག་པའོ། །དང་བོ་ནི། དགོངས་འགྲེལ་ལས། ཞེས་སོགས་བྱུང་། དགོངས་འགྲེལ་ལས། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་བཅོམ་ལྡན་འདས་ལ་འཁོར་ལོ་བར་བའི་དགོངས་གཞི་གང་ཡིན་དྲི་བ་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་དོན་དམ་ཡང་དག་འཕགས་ཞེས་མཚན་ནས་སྨོས་ཏེ། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིདཀྱིརྣམ་པ་གསུམ་གསུངས་པས་གསུམ་པོ་འདི་ལྟ་སྟེ། གང་ཡིན་ཞེ་ན། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེས་པ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་འདི་ཡིན། དེ་ལྟ་བུའི་ངོ་བོ་ཉིད་མེད་པ་གསུམ་པོ་འདི་ལ་དགོངས་ནས་འདིར་བསྟན་འཁོར་ལོ་བར་བའི་སྐབས་སུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གསུམ་པོ་འདི་ཡིན་ནོ་ཞེས་བསྟན་ཏོ། །ཞེས་ངོ་བོ་ཉིད་མེད་པ་གསུམ་ག་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་སོ་ཞེས་པའི་རྒྱུ་མཚན་ནི། ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་ཡུམ་བར་བར་ངོ་བོ་ཉིད་མེད་པར་གསུངས་པ་འདི་གང་ལ་དགོངས་ཤེ་ན། རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས། གཞན་དབང་གིས་བསྡུས་པའི་ཆོས་རྣམས་རང་དབང་གིས་སྐྱེས་པའི་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས། ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་རྣམས་ཆོས་བདག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་འདི་ངོ་བོ་ཉིད་མེད་པ་འདི་གསུམ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་དྲི་བའི་ལན་དུ་མདོར་བསྟན་གྱི་ཚུལ་དུ་གསུངས། ཀུན་བཏགས་དང་མཚན་ཉིད་ངོ་བོ་ཉིད་མེད་པ་དོན་གཅིག གཞན་དབང་དང་སྐྱེས་པ་ངོ་བོ་ཉིད་མེད་པ་དོན་གཅིག ཡོངས་གྲུབ་དང་དོན་དམ་པ་ངོ་བོ་ཉིད་མེད་པ་དོན་གཅིག་ཡིན། ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་བཏགས་ཞེས་མིང་འདོགས་པའི་རྒྱུ་མཚན་རྟོག་པས་བཏགས་ཙམ་ཡིན་པའི་ཆ་ནས་ཀུན་བཏགས་ཞེས་སྒྲུབ་ཕྱོགས་ནས་བཏགས། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་པའི་རྒྱུ་མཚན། རང་གི་མཚན་ཉིད་མེད་པས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་དགག་ཕྱོགས་ནས་བཏགས། འདུས་བྱས་རྣམས་གཞན་དབང་ཞེས་མིང་འདོགས་པའི་རྒྱུ་མཚན། རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བས་ན་གཞན་དབང་ཞེས་སྒྲུབ་ཕྱོགས་དང་། དེ་ལ་སྐྱེས་པ་ངོ་བོ་ཉིད་མེད་པ་ཞེས་པ་རང་དབང་གིས་སྐྱེས་པའི་ངོ་བོ་ཉིད་མེད་པས་སྐྱེས་པ་ངོ་བོ་ཉིད་མེད་པ་ཞེས་དགག་ཕྱོགས་ནས་བཏགས། ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་རྣམས་ཡོངས་གྲུབ་ཅེས་པ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྲུབ་པས་ཡོངས་གྲུབ་ཅེས་སྒྲུབ་ཕྱོགས་དང་། དེ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་པ་ཆོས་བདག་གི་ངོ་བོ་ཉིད་མེད་པས་ན་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་དགག་ཕྱོགས་ནས་བཏགས་པ་ཡིན་ནོ། །

གཉིས་པ་ནི། བསྡུ་བ་ལས་ཀྱང་། ཞེས་སོགས་བྱུང་། གོང་གི་དོན་འདི་ཉིད་སྐུ་མཆེད་ཀྱི་གཞུང་གི་དགོངས་པའང་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱི་བསྡུ་བ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དགོངས་གཞི་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་ཤེ་ནཞེས་དྲིས་ནས། དེའི་ལན་སྨྲས་པ། གདུལ་བྱ་འདུལ་བའི་དབང་གིས་མཚན་ཉིད་གསུམ་པོ་དེ་དང་དེར་ངོ་བོ་ཉིད་མེད་ཚུལ་མི་འདྲ་བ་མེད་པ་ཉིད་རྣམ་པ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་ཏེ་ཞེས་གསུངས་ཤིང་། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་བ་ལས་ཀྱང་། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི། ཀུན་བཏགས་དང་གཞན་དབང་ཡོངས་གྲུབ་སྟེ་རྣམ་པ་གསུམ་གྱིདོན་ལ་དགག་ཕྱོགས་ནས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་སྐྱེས་པ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་དང་། ངོ་བོ་ཉིད་མེད་ཚུལ་ལ་དགོངས་ནས་ཤེར་ཕྱིན་གྱི་མདོར་ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པར་གསུངས་པར་བསྟན་པ་ཡིནནོ། །ཞེས་གསུངས་པསན། དེ་ལོ་བོད་སྔ་མའི་མཁས་པ་གང་དག་ཅེས་པ་དེ་ངེས་བཟུང་ཡོད་ཀྱང་མིང་བཟུང་མ་མཛད་པའི་རྒྱུ་མཚན་ནི། བོད་སྔ་མའི་མཁས་པ་དེ་དག་ལྟ་བའི་ཆ་ནས་ནོར་བ་འགའ་རེ་བྱུང་བ་ཡོད་ཀྱང་སྤྱོད་ཕྱོགས་ཀྱི་སངས་རྒྱས་ཀྱི་བསྟན་པ་མི་ནུབ་པར་བསྐྱངས་པའི་བསྟན་འཛིན་གྱི་སྐྱེས་བུ་ཡིན་པས་སྤྱོད་ཕྱོགས་ཀྱི་བསྟན་པ་འཛིན་པའི་བཀའ་དྲིན་གྱིས་ཡིན་གསུངས། དེ་ལ་ཇོ་ནང་དོལ་བོ་བ་ཤེས་རབ་རྒྱལ་མཚན་རྗེས་འབྲངས་དང་བཅས་པ་འགའ་ཞིག་གིས་ཤེར་ཕྱིན་ལ་སོགས་པའི་མདོ་རྣམས་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅདརང་བཞིན་མེད་པ་ལ་དགོངས་ནས་རང་བཞིན་གྱི་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་གྱི་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དགོངས་པ་མིན་ནོ། །ཞེས་འཆད་པ་འདི་ནི མདོ་སྡེ་དགོངས་འགྲེལ་དང་འགལ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་ཡང་འགལ་ཞིང་། འཕགས་པཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པའོ། །ཞེས་གསུངས་པའི་ཕྱི་རོལ་ཏུ་གྱུར་ཚུལ་དང་མི་མཐུན་པའི་རྒྱུ་མཚན་ནི་འདི་ལྟར། དགོངས་འགྲེལ་དྲི་ཞུས་ཀྱི་སྐབས་སུ་དགོངས་གཞི་ཅི་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ཞེས་དྲིས་པ་ནི། དགོངས་གཞི་ཅི་ལ་བསམས་ནས་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་གཞི་དྲིསཔ་དང་ངོ་བོ་ཉིད་མེད་ཚུལ་དྲིས་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་དེའི་ལན་མཛད་པའི་སྐབས་སུ་ལན་གྱིས་ཀྱང་དེ་གཉིས་རིམ་པ་བཞིན་སྟོན་པ་ལས། དང་བོ་འཆད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་གསལ་བའི་དབྱེ་བ་མཐའ་ཡས་པ་ལ་ཁྱད་གཞི་བཟུང་ནས་ངོ་བོ་ཉིད་དམ་རང་བཞིན་མེད་དོ་ཞེས་གསུངས་པའི་ཆོས་དེ་རྣམས་ཀྱང་ཚུར་བསྡུས་ན་ངོ་བོ་ཉིད་མེད་པ་གསུམ་དུ་འདུ་ཞིང་། དེ་ལྟར་བསྡུས་ནས་མཚན་ཉིད་གསུམ་པོ་དེའི་རང་རང་གི་ངོ་བོ་ཉིད་མེད་ཚུལ་བཤད་ན་ཤེར་མདོར་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པའི་དོན་གོ་སླ་བར་དགོངས་ནས་ཆོས་ཐམས་ཅདངོ་བོ་ཉིད་མེད་པ་གསུམ་དུ་བསྡུས་ཏེ་ཤེར་མདོའི་དགོངས་པ་བསྒྲུབས་པ་ཡིན་ཞིང་། དོན་དམ་པ་དང་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པ་དེ་གསུམ་གྱིས་བསྡུས་སོ། །དེ་ལྟར་མཛད་དགོས་པ་ཡང་ཡུམ་གྱི་མདོ་ལ་སོགས་པར་ཕུང་བོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ཀྱི་ཆོས་ཐམས་ཅད་འགྲེས་རྐང་བརྒྱ་རྩ་བརྒྱད་ལ་སོགས་པ་ཆོས་རེ་རེ་ནས་མིང་གི་སྨྲས་ནས་དངོས་པོ་མེད་པ་དང་རང་བཞིན་མེད་པ་དང་ངོ་བོ་ཉིད་མེད་པར་གསུངས་ཤིང་། ཁྱད་པར་དུ་ནང་སྟོང་བ་ཉིད་ནི་ནང་སྟོང་བ་ཉིད་ཀྱིས་སྟོང་ངོ་ཞེས་དང་ ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་ངོ་ཞེས་དང་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་དོན་དམ་པའི་རྣམ་གྲངས་ཐམས་ཅད་ལ་རང་མིང་གི་སྨོས་ནས་དེ་དག་ལ་ངོ་བོ་ཉིད་མེད་པར་གསུངས་པས་ན། ཡུམ་གྱི་མདོ་སྡེ་དེ་དག་ལས་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པའི་ཆོས་ཀྱི་ནང་ན་དོན་དམ་བདེན་པམེད་དོ་ཞེས་མངོན་སུམ་དུ་བསྙོན་གདེང་བའི་བཤད་པ་དེ་ལྟ་བུ་ཞིག་སེམས་དང་ལྡན་པ་སུ་ཞིག་གིས་སྨྲརིགས་ཏེ་སྨྲ་མི་རིགས་སོ་ཞེས་བཀག  འགོག་ཡུལ་གྱི་ཕྱོགས་སྔའི་འདོད་པ་ནི།  ཡུམ་གྱི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དགོངས་ནས་རང་བཞིན་མེད་པར་གསུངས་པ་ཡིན་གྱི། དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་ཡོད་པས་དེ་དག་རང་བཞིན་མེད་པ་ལ་དགོངས་པ་མིན་ནོ་ཞེས་ཟེར་བ་ལ། དེས་ན་ཡུམ་གྱི་མདོ་ན་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་མ་གསུངས་ཟེར་བ་མི་འཐད་དེ།  ཡུམ་གྱི་མདོ་ན་དོན་དམ་པ་ནི་དོན་དམ་པས་སྟོང་ངོ་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ངོ་ཞེས་རང་མིང་གི་སྨོས་ནས་རང་བཞིན་མེད་པར་གསུངས་ཡོད་བཞིན་དུ་ཡུམ་གྱི་མདོ་ལས་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པའི་ཆོས་ཀྱི་ནང་ན་དོན་དམ་མེད་དོ་ཞེས་མངོན་སུམ་དུ་བསྙོན་གདེངས་པའི་ཚིག་སེམས་དང་ལྡན་པ་སུ་ཞིག་གིས་སྨྲ་ཞེས་བཀག་པ་ཡིན་ནོ། །

                                                                             རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།