དྲང་ངེས་ལེགས་བཤད་སྙིང་བོའི་ཚིག་འགྲེལ་ཟབ་དོན་དགོངས་པ་རབ་གསལ་འཇམ་དབྱངས་བླ་མའི་ཞལ་ལུང་།དང་བོ།
༄༅།།དྲང་ངེས་ལེགས་བཤད་སྙིང་བོའི་ས་བཅད་བསྡུས་པ་བཞུགས་སོ།།
༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་བའི་ཉིང་ཁུ།སྔོན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་དྲང་ངེས་རྣམ་འབྱེད་འཆད་པ་ལ་གསུམ།བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ཏེ་སྣོད་ལྡན་ཉན་པར་བསྐུལ་བ།བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ།བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་དགེ་བསྔོ་སྦྱར་བྱང་དང་བཅས་པའོ།།གཉིས་པ་ལ་གསུམ།གསུང་རབ་ཀྱི་དྲང་ངེས་འབྱེད་པ་གལ་ཆེ་བར་བསྟན་པ།རྒྱལ་བའི་གསུང་རབ་ལ་དྲང་ངེས་རྒྱས་པར་ཕྱེ་བ།རང་ཉིད་གང་གི་རྗེས་སུ་འབྲང་བ་བསྟན་ཅིང་མཇུག་བསྡུ་བའོ།།དང་བོ་ལ་གསུམ།ཐར་བ་ཐོབ་པ་ལ་ཡུལ་རྣམ་ཐར་སྒོ་གསུམ་གྱིས་བསྡུས་པའི་སྟོང་ཉིད་རྟོགས་དགོས་པ་དང་།དེ་ལྟ་བུའི་སྟོང་ཉིད་རྟོགས་པ་ལ་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་དགོས་པ་དང་།དེ་ཉིད་ཀྱི་ཤེས་བྱེད་མདོ་དང་སྦྱར་བའོ།།གཉིས་པ་རྒྱལ་བའི་གསུང་རབ་ལ་དྲང་ངེས་རྒྱས་པར་ཕྱེ་བ་ལ་གཉིས།མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང་།བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་པའི་ཕྱོགས་སོ།།དང་བོ་ལ་གཉིས།མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་དང་།དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ།།དང་བོ་ལ་བཞི།མདོ་སྡེ་ལ་འགལ་སྤོང་གི་དྲི་བ།འགལ་བ་དེ་སྤོང་གི་ལན།ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ།དེ་དག་གིས་གྲུབ་པའི་དོན་ཞུས་པའོ།།གཉིས་པ་ལ་གཉིས།ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ་དང་།གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པའོ།།དང་བོ་ལ་གསུམ།མདོར་བསྟན་པ་དང་།རྒྱས་པར་བཤད་པ་དང་།དེ་དག་གི་དཔེ་བསྟན་པའོ།།གཉིས་པ་ལ་གསུམ།མཚན་ཉིད་ངོ་བོ་ཉིད་མེད་པ་བཤད་པ།སྐྱེས་པ་ངོ་བོ་ཉིད་མེད་པ་བཤད་པ།དོན་དམ་པ་ངོ་བོ་ཉིད་མེད་པ་བཤད་པའོ།།བཞི་བ་དེ་དག་གིས་གྲུབ་པའི་དོན་ཞུས་པ་ལ་གཉིས།མདོ་དགོད་པ་དང་།དེའི་དོན་ཅུང་ཟད་བཤད་པའོ།།གཉིས་པ་ལ་གཉིས།མདོའི་ཚིག་དོན་ཅུང་ཟད་བཤད་པ་དང་།དྲང་ངེས་ཀྱི་ཚུལ་ཅུང་ཟད་བཤད་པའོ།།གཉིས་པ་དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལ་གཉིས།སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་དང་།དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ཚུལ་ལོ།།གཉིས་པ་ལ་གསུམ།མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པ།སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ།དེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་ལོ།།དང་བོ་ལ་གསུམ།བྱང་ས་ནས་བཤད་པའི་ཚུལ་དང་།བསྡུ་བ་ནས་བཤད་པའི་ཚུལ་དང་།དེ་དག་ལས་གཞན་པའི་གཞུང་ནས་བཤད་ཚུལ་ལོ།།དང་བོ་ལ་གཉིས།སྒྲོ་སྐུར་དུ་ལྟ་བའི་ཚུལ་དང་།དེ་གཉིས་འགོག་པའི་ཚུལ་ལོ།།གཉིས་པ་བསྡུ་བ་ནས་བཤད་པའི་ཚུལ་ལ་གཉིས།ཕྱོགས་སྔ་མ་དགོད་ཅིང་དེའི་དོན་ལ་དྲིས་ལན་བྱ་བ་དང་།ལན་བཏབ་པའི་ཕྱོགས་དགག་པའོ།།གཉིས་པ་ལ་གཉིས།གཞན་གྱི་གྲུབ་མཐའ་ལ་འགལ་བ་བསྟན་པ་དང་།རང་གི་གྲུབ་མཐའ་ལ་འགལ་བ་སྤང་བའོ།།གསུམ་པ་དེ་དག་ལས་གཞན་པའི་གཞུང་ནས་བཤད་ཚུལ་ལ་གཉིས།མདོ་སྡེ་རྒྱན་ལས་བཤད་པའི་ཚུལ་དང་།དབུས་མཐའ་ལས་བཤད་པའི་ཚུལ་ལོ།།གཉིས་པ་སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ་ལ་གཉིས།དགག་བྱ་སྒྲོ་འདོགས་ངོས་བཟུང་བ་དང་།དེ་ཇི་ལྟར་འགོག་པའི་ཚུལ་ལོ།།གཉིས་པ་ལ་གཉིས།དགག་པ་དངོས་དང་།དེ་ལ་རྩོད་པ་སྤང་བའོ།།
༈གཉིས་པ་བློ་གྲོས་མི་ཟད་པས་བསྟན་པ་ལ་བརྟེན་ནས་དྲང་ངེས་འབྱེད་པའི་ཕྱོགས་ལ་གཉིས།མདོ་ནས་ཇི་ལྟར་གསུངས་པ་དགོད་པ་དང་།དེའི་དོན་ཇི་ལྟར་བཀྲལ་བའོ།།གཉིས་པ་ལ་གཉིས།མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དོན་ཇི་ལྟར་བཀྲལ་བ་དང་།དེའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ལོ།།དང་བོ་ལ་གཉིས།རྟེན་འབྱུང་གི་དོན་རང་བཞིན་མེད་པའི་དོན་དུ་བཀྲལ་ཚུལ་དང་།དེ་ཉིད་གསུང་རབ་ཀྱི་དོན་གྱི་སྙིང་བོར་བསྔགས་པའི་ཚུལ་ལོ།།གཉིས་པ་ལ་གཉིས།དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བ་དང་།དབུ་མ་ཐལ་འགྱུར་བས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བའོ།དགེ་བས་ཟབ་མོའི་གཞུང་ལ་བག་ཆགས་རྣམ་པར་དག་པ་ཞོག་གྱུར་ཅིག།
༄༅། །བསྟན་བཅོས་ཆེན་པོ་དྲང་ངེས་ལེགས་བཤད་སྙིང་བོའི་ཚིག་འགྲེལ་ཟབ་དོན་དགོངས་པ་རབ་གསལ་འཇམ་དབྱངས་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
༄༅། །སྲིད་ཞིའི་དྲེགས་ལྡན་ཡན་ལག་མཆོག་ལྡན་མར། །ཞབས་མཐིལ་མེ་ཏོག་མཛེས་པར་ཉེར་བཀོད་པས། །ཟབ་དོན་ལེགས་བཤད་ང་རོ་སྒྲོག་མཁས་པ། །མཉམ་མེད་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །མཁྱེན་རབ་དྷཱིཿཡིག་དམར་སེར་ཞུན་མའི་ཁམས། །མཛེས་སྡུག་མཚན་དཔེའི་ལང་ཚོར་སྨིན་པ་ཡི། །གུར་ཀུམ་གཞོན་ནུའི་མེ་ཏོག་འཛུམ་པའི་ལྷས། །ཡིད་ལ་ཤེས་རབ་མངོན་དགའི་དཔལ་སྟེར་མཛོད། །རྒྱལ་ཀུན་ཡེ་ཤེས་ཐིག་ལེར་ཆགས་པ་ངུར་སྨྲིག་རོལ་བའི་ཟློས་གར་གྱིས། །བརྒྱད་ཁྲི་བཞི་སྟོང་གཟུགས་བརྙན་མ་ལུས་གླེགས་བམ་མེ་ལོང་གཅིག་གི་ངོར། །བཀོད་པའི་རེ་ཁཱ་བཅུད་དུ་རྫོགས་པ་ལེགས་བཤད་གཏམ་གྱི་སྙིང་བོ་གང་། །དགེ་ལྡན་རིང་ལུགས་མཐའ་བྲལ་ལྟ་བ་སྲོལ་གཏོད་འཇམ་མགོན་བླ་མར་འདུད། །དགེ༷་ལ་འ༷དུན་པའི་ཐུགས་བསྐྱེད་མཐུ་ལྡན་པས། །བློ་བཟང་བ༷སྟན་པའི་བཤད་སྒྲུབ་དབྱིག་གི་གདུགས། །འ༷ཛིན་ཅིང་རྒྱ༷་མ༷ཚོའི་གོས་ཅན་ཕྱོགས་ཀྱི་མཐར། །སྤེལ་མཛད་སྐུ་ཕྲེང་རིམ་བྱོན་ཞིང་འདིའི་དཔལ། །གང་གི་མཛད་འཕྲིན་ལུགས་བཟང་དམ་པའི་སྲོལ། །བློ༷་གྲོས་མཁྱེན་པའི་ཆ་ཤས་སྐད་ཅིག་གིས། །གླིང་བཞི་མ་ལུས་ཅིག་ཆར་གས༷ལ་མཛད་པའི། །དཀྱིལ་འཁོར་རྒྱ༷་མ༷ཚོའི་བྱེད་པོ་གཏན་གྱི་སྐྱབས། །སྲིད་ཞིའི་ཕུན༷་ཚོགས༷་འདོད་དགུ་འབྱུང་བའི་གཞིར། །ལུང་རྟོགས་ཡོན་ཏན་ཁུར་གྱིས་རབ་དུད་པས། །འཕྲིན་ལས་བསུང་ཞིམ་དར༷་ཞིང་རྒྱས༷་མཛད་པ། །བཤེས་གཉེན་དཔག་བསམ་ལྗོན་པ་གཙུག་ན་མཛེས། །ཡེ༷་ཤེས༷་ལུས་ཅན་འཇམ་དཔལ་སྨྲ་བའི་ལྷ། །གར་དུ་རྩེན་པའི་ཁྱབ་བདག་དང་བོའི་མགོན། །མདོ་སྔགས་གཞུང་ལུགས་རྒྱ༷་མ༷ཚོ་སྤེལ་བ་ལ། །ཟླ་མེད་དཔལ་ལྡན་བླ་མས་དུས་ཀུན་སྐྱོངས། །བློ༷་བཟ༷ང་སྙན་བརྒྱུད་མན་ངག་མཛོད་འཛིན་པ། །དྲི་མེད་ལུང་དང་རིགས་པའི་རྣམ་དཔྱོད་ཀྱིས། །བྱང་རྒྱུད་བ༷སྟན་པའི་དར༷་ཆེན་བསྒྲེངས་པའི་གཉེན། །འགྲོ་བའི་རྩ་ལག་མཆོག་ལ་སྙིང་ནས་གུས། །བློ་བཟང་མཁྱེན་པའི་རིག་རྩལ་གྱིས། །ལེགས་བཤད་ལྕགས་མདའ་ལྕགས་གཞུ་ཞེས། །འཇིག་རྟེན་རྒུད་ཚོགས་རྩ་བ་དེ། །རྨང་ནས་གཞོམ་པའི་ཐབས་སུ་བསྐྲུན། །དེ་སླད་ཐུབ་གསུང་ལེགས༷་བ༷ཤད་པདྨའི་འཛུམ། །དྲང་ངེས་འོད་སྟོང་ཟེར་གྱིས་ཁ་ཕྱེ་བས། །ངེས་དོན་ཟབ་མོའི་སྦྲང་རྩི་སྙིང༷་བོ༷འི་བཅུད། །བློ་གསལ་བུང་བའི་ཚོགས་རྣམས་དགྱེས་དགུར་རོལ། །ཆེར་སྙིགས་རྒུད་པ་བདོ་བའི་དུས་སུ་སྦྱངས་སྟོབས་ལེགས་བྱས་མཐུ་བྲི་བས། །བློ་གསལ་གཞན་གྱི་ཆེད་དུ་མ་བྱས་མཁས་གྲགས་ཕྱོགས་སུ་གཉེར་བའང་མིན། །རྒྱལ་ཡུམ་ཤེར་གཞུང་མཚན་ཙམ་གྱིས་ཀྱང་བསྐལ་བའི་བར་དུ་ཐོས་དཀའ་བའི། །ཚུལ་འདི་བསམ་ནས་ཟབ་མོའི་གཞུང་ལ་བདག་ཡིད་གོམས་ཕྱིར་བྲི་ལ་སྤྲོ། །
དེ་ལ་འདིར་ལེགས་བཤད་ཐམས་ཅད་ཀྱི་སྙིང་བོ་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་མ་ལུས་པ་རྣམ་པར་འབྱེད་པ། ཤིང་རྟ་ཆེན་པོ་མཐའ་དག་གི་བཞེད་པ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསལ་བར་ཕྱེ་བ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་གི་གསང་བས་ཉེ་བར་འཁྱུད་པ། ཚད་མར་གྱུར་པའི་པཎ་གྲུབ་རྣམས་ཀྱི་ལེགས་བཤད་ཀྱིས་རྣམ་པར་བརྒྱན་པ། བློ་གྲོས་དང་ལྡན་པ་དག་ལ་གསུང་རབ་མཐའ་དག་གི་དགོངས་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་སྟེར་བ། བསྟན་བཅོས་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བའི་ཆོས་ཀྱི་གཏམ་ཆེན་པོ་སྔོན་མ་བྱུང་ཞིང་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲོན་མེ་འཇིག་རྟེན་དུ་སྣང་བར་མཛད་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་མིག་གཅིག་པུར་གྱུར་པ། བདག་ཅག་གི་རྣམ་འདྲེན་བླ་མ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་གཡོ་བ་དེ་ཉིད་ཀྱིས་བསྟན་པ་འདི་ལ་བསྟན་པའི་བདག་པོ་ལས་ཀྱང་ལྷག་པའི་མཛད་པ་དང་། བཀའ་དྲིན་གྱི་ཁུར་ལྕི་བ་གང་གིས་མཛད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་དྲང་ངེས་རྣམ་འབྱེད་ཀྱི་དོན་འཆད་པ་ལ་གསུམ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ཏེ་སྣོད་ལྡན་ཉན་པར་བསྐུལ་བ། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་དགེ་བསྔོ་སྦྱར་བྱང་དང་བཅས་པའོ། །
དང་བོ་ལ་གསུམ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བའོ། །དང་བོ་ལ་གཉིས། བསྟན་བཅོས་གཞན་གྱི་འགྱུར་ཕྱག་དང་མཐུན་པའི་མཆོད་བརྗོད་དང་། བསྟན་བཅོས་ལུས་ཀྱི་མཆོད་བརྗོད་བཤད་པའོ། །
དང་བོ་ནི། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཞེས་བྱུང་། དོན་ནི་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ཡང་ན་མོ་ནི་ཕྱག་འཚལ་ལོ་ཞེས་པ་སྟེ་མཆོག་ཏུ་འདུད་པའོ། །གུ་རུ་ནི་བླ་མ་སྟེ། རྒྱུད་ལུང་རྟོགས་ཀྱི་ཡོན་ཏན་གྱིས་ལྕི་བ་དང་། ཡོན་ཏན་དང་སློབ་མ་རྗེས་སུ་འཛིན་པའི་སྒོ་ནས་སྐྱེ་དགུའི་གོང་མར་གྱུར་པས་ན་བླ་མ་འམ་གོང་མའོ། །མཉྫུ་ནི་འཇམ་སྟེ་སྒྲིབ་གཉིས་ཀྱི་རྩུབ་རེག་དང་བྲལ་བས་ན་འཇམ་ཞེས་པ་དང་། གྷོ་ཥཱ་ནི་དབྱངས་ཏེ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དབྱངས་ཞེས་པའོ། །ཡ་ཞེས་པ་ནི་ལ་དོན་གྱི་ཕྲད་ན་མ་དང་འབྲེལ་བས་བཞི་བ་དགོས་ཆེད་གྲུབ་པ་ཡིན། ཐོག་མར་དེ་ལྟ་བུའི་བླ་མ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་མཆོད་པར་བརྗོད་པ་ལ་དགོས་པ་གསུམ་ཡོད་དེ། སྔོན་ཆོས་རྒྱལ་རྣམས་ཀྱི་བཀས་བཅད་ལྟར་འདུལ་བའི་བཅས་མཚམས་ཕྲ་མོ་ཚུན་ཆད་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ལ་དབང་བས་འདུལ་བའི་སྡེ་སྣོད་དགོངས་འགྲེལ་དང་བཅས་པའི་འགྱུར་ཕྱག་ཐམས་ཅད་མཁྱེན་པ་ལ་མཛད་པ་དང་། མདོ་སྡེའི་སྡེ་སྣོད་ལས་སངས་རྒྱས་དང་བྱང་སེམས་ཀྱི་རྣམ་ཐར་སྟོན་པས་དེའི་དགོངས་འགྲེལ་དང་བཅས་པའི་འགྱུར་ཕྱག་སངས་རྒྱས་བྱང་སེམས་ལ་མཛད་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་མངའ་བདག་རྗེ་བཙུན་འཇམ་པའི་དབྱངས་ཡིན་པའི་རྒྱུ་མཚན་གྱིས་མངོན་པའི་སྡེ་སྣོད་དང་དེའི་དགོངས་འགྲེལ་དང་བཅས་པའི་འགྱུར་ཕྱག་འཇམ་པའི་དབྱངས་ལ་མཛད་པ་དེ་དང་མཐུན་པར་བསྟན་བཅོས་འདི་ཡང་མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་སུ་ཤེས་པའི་ཆེད་དང་། བསྟན་བཅོས་འདིའི་བརྗོད་བྱའི་གཙོ་བོ་ཟབ་མོ་སྟོང་བ་ཉིད་ཀྱི་དོན་མཐར་ཐུག་པ་རྗེ་བཙུན་འཇམ་པའི་དབྱངས་ལས་རྙེད་པའི་བཀའ་དྲིན་ཆེ་བའི་སྒོ་ནས་སྒེར་གྱི་ཕྱག་མཛད་པ་དང་། ཕྱིས་འབྱུང་གི་གདུལ་བྱ་རྣམས་ཀྱིས་ཀྱང་དབུ་མའི་ལྟ་བ་འཚོལ་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ལྷག་ལྷར་ངེས་པར་བསྟེན་དགོས་པ་གོ་བའི་ཆེད་དུ་དེ་ལ་མཆོད་པར་བརྗོད་པ་ལ་དེ་ལྟ་བུའི་དགོས་པ་གསུམ་ཡོད་པར་གསུངས་པ་ཡིན་ནོ། །
གཉིས་པ་ལ་བཞི། བསྟན་པའི་བདག་པོ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པར་བརྗོད་པ། སྲས་ཀྱི་ཐུ་བོ་བྱམས་འཇམ་དབྱངས་གཉིས་ལ་མཆོད་པར་བརྗོད་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་གཉིས་ལ་མཆོད་པར་བརྗོད་པ། ཤིང་རྟའི་སྲོལ་འཛིན་རྣམས་ལ་མཆོད་པར་བརྗོད་པའོ།།
དང་བོ་ནི། བདེ་འབྱུང་སྤྲིན་ལ་ཞེས་སོགས་བྱུང་། དེ་ཡང་གཞན་ལ་བདེ་བ་སྟེར་བའི་མཆོག་ཏུ་དགའ་བའི་གཟུགས་འཆང་བས་གཞན་གྱིས་ཁོ་རང་གི་གཟུགས་མཐོང་ན་གཞན་རྒྱུད་ལ་བདེ་བ་འབྱུང་བས་བདེ་འབྱུང་སྟེ་དབང་ཕྱུག་དང་། སྤྲིན་གྱི་ཕུང་བོ་སྤུངས་པ་ལྟ་བུའི་འགྲོས་དལ་ཞིང་བརྗིད་པའི་གླང་པོ་ཆེ་རབ་བརྟན་ལ་ཞོན་པས་སྤྲིན་ལ་ཞོན་ཏེ་བརྒྱ་བྱིན་དང་། གསེར་གྱི་མདོག་ཅན་གྱི་སྒོ་ང་དང་འདྲ་བའི་པདྨའི་སྦུབས་ནས་རྫུས་ཏེ་སྐྱེས་པས་གསེར་གྱི་མངལ་ཏེ་ཚངས་པ་དང་། དབང་ཕྱུག་ཏེ་སེར་དཀའ་ཐུབ་ལ་གནས་པ་ན་ལྷའི་བུ་དགའ་རབ་དབང་ཕྱུག་གིས་མདའ་ལྔ་འཕངས་པའི་ཚེ་དང་བོ་གཉིས་ལ་རྟོག་པ་ཙམ་ཡང་མ་བྱུང་། བར་བ་གཉིས་ལ་རྟོག་པ་ཙམ་བྱུང་། ཐ་མས་དཀའ་ཐུབ་ལས་ཉམས་པར་བྱས་པས་ན། དེས་འཇིག་རྟེན་པའི་མངོན་ཤེས་ཀྱིས་དགའ་རབ་དབང་ཕྱུག་གི་བྱེད་པར་ཤེས་ནས་ལྷ་དབང་ཕྱུག་ཆེན་པོ་ཁྲོས་ཏེ། ཉི་མའི་མིག ཟླ་བའི་མིག མེའི་མིག་སྟེ་མིག་གསུམ་ཡོད་པའི་དབུས་མ་མེའི་མིག་ལས་མེ་སྦར་ཏེ་དེའི་ལུས་བསྲེགས་ནས་མེད་པར་བཏང་བས་ན་ལུས་མེད་པར་འཇིག་རྟེན་ན་གྲགས་ཤིང་། འདོད་ཁམས་ཀྱི་བདག་པོ་ཡང་ཡིན་པས་ན་ལུས་མེད་བདག་པོ་སྟེ་བདུད་སྡིག་ཅན་དང་། བྱིས་པའི་དུས་མེ་ཏོག་བརྒྱུས་པའི་ཐི་གུའམ་ཐ་གུ་ལྟོ་བར་བཅིངས་པས་ན་ཐ་གུའི་ལྟོའམ་མེ་ཏོག་ལྟོར་གྲགས་པའི་ཁྱབ་འཇུག་དང་། ལ་སོགས་པ་ཚོགས་བདག གཞོན་ནུ་གདོང་དྲུག ཉི་མ། ཟླ་བ་རྣམས་སྲིད་པ་གསུམ་ན་ང་ལས་ལྷག་པའི་མཐུ་དང་རྫུ་འཕྲུལ་སོགས་ཡོན་ཏན་གྱིས་ཁེངས་ཤིང་དྲེགས་པའི་ང་རོ་ཆེས་ཆེར་སྒྲོགས་པའི་ང་རྒྱལ་གྱིས་རློམ་པས་འགྱིང་བག་ཅན་གྱི་ལྷ་རྣམས་ཀྱིས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་གང་གི་མཛེས་པའི་སྐུ་མཐོང་བའི་མོད་ལ་སྟེ་མཐོང་བ་ཙམ་གྱིས་ཉི་མའི་འོད་ཟེར་གྱིས་སྲིན་བུ་མེ་ཁྱེར་གྱི་གཟི་བརྗིད་བཅོམ་པ་བཞིན་དུ་ཟིལ་གྱིས་གནོན་པ་མཛད་པར་གྱུར་པའི་ཚེ་ལྷ་དེ་དག་རང་རང་གི་མཛེས་པའི་ཅོད་པན་གྱིས་བཅོམ་ལྡན་འདས་གང་གི་ཞབས་པད་ལ་གུས་པས་སྟེན་པར་བྱེད་པས་ན། ཐུབ་པའི་དབང་བོ་སངས་རྒྱས་བཅོམ་ལྡན་འདས་ནི་ལྷའི་གཙོ་བོ་དེ་རྣམས་ཀྱིས་ཀྱང་ལྷར་གྱུར་པས་ཐུབ་པའི་དབང་བོ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག། ཅེས་པ་ལྟར་ཟབ་མོ་སྟོང་བ་ཉིད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་དེ་སྨྲ་བ་ངན་པ་མཐའ་དག་ཟིལ་གྱིས་གནོན་པའི་སྒོ་ནས་བསྟོད་པ་ཞེས་པའོ། །
གཉིས་པ་ནི། མཁྱེན་བརྩེའི་གཏིང་མཐའ་ཞེས་སོགས་བྱུང་། ཟབ་རྒྱས་ཀྱི་བཀའ་བབ་བྱམས་འཇམ་དབྱངས་གཉིས་གཟུགས་སུ་གྲུབ་ན་ཁྱད་ཆོས་གསུམ་ལྡན་གྱི་རྒྱ་མཚོ་ཆེན་པོ་དང་འདྲ་ཚུལ་གཟུགས་ཅན་གྱི་རྒྱན་གྱི་སྒོ་ནས་བསྟོད་དེ། རྒྱ་མཚོ་ནི་གཏིང་དང་མཐའ་ཤིན་ཏུ་དཔག་པར་དཀའ་བ་དང་། ཕྱོགས་ཐམས་ཅད་དུ་རླབས་ཕྲེང་ཆེན་པོའི་ཆལ་ཆིལ་གཡོ་བ་དང་། བཻཌཱུཪྱ་སོགས་རིན་པོ་ཆེ་སྣ་ཚོགས་པའི་གཏེར་དུ་གྱུར་པའི་ཁྱད་ཆོས་གསུམ་དང་ལྡན་པ་བཞིན་དུ་བྱམས་འཇམ་དབྱངས་གཉིས་ཀྱང་ཟབ་དོན་འབྱེད་པའི་མཁྱེན་རབ་དང་། གཞན་ཕན་གྱི་བརྩེ་བའི་ཡོན་ཏན་གྱི་གཏིང་མཐའ་ཤིན་ཏུ་དཔག་པར་དཀའ་བ་དང་ལྡན་པ་ཁྱད་ཆོས་དང་བོ་དང་། ཕྱིན་དྲུག་གིས་བསྡུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁུར་དུ་འཁྱེར་པའི་རླབས་ཆེན་ཆལ་ཆིལ་གཡོ་བ་ཁྱད་ཆོས་གཉིས་པ་དང་། ཟབ་རྒྱས་ཀྱི་ལེགས་པར་བཤད་པའི་རིན་ཆེན་གྱི་གཏེར་དུ་གྱུར་པ་ཁྱད་ཆོས་གསུམ་པ་སྟེ། ཁྱད་པར་དེ་གསུམ་དང་ལྡན་པའི་འཇམ་པའི་དབྱངས་དང་རྒྱལ་ཚབ་བྱམས་པ་མགོན་པོ་གཉིས་རྒྱ་མཚོ་ཆེ་བ་སྟེ་ཆེན་པོའི་ཁྱད་ཆོས་དང་སྦྱར་ནས་དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་པའོ། །ཡང་ན། མཁྱེན་རབ་ཀྱི་གཏིང་མཐའ་དཔག་པར་དཀའ་བ་དང་། ཟབ་མོ་ལྟ་བའི་སྐོར་གྱི་ལེགས་བཤད་རིན་པོ་ཆེའི་གཏེར་དུ་གྱུར་པ་འཇམ་དབྱངས་དང་། བརྩེ་བའི་གཏིང་མཐའ་དཔག་པར་དཀའ་བ་དང་། རྒྱ་ཆེན་སྤྱོད་པའི་སྐོར་གྱི་ལེགས་བཤད་རིན་པོ་ཆེའི་གཏེར་དུ་གྱུར་པ་རྒྱལ་ཚབ་མི་ཕམ་པ་གཉིས་ལ་སོ་སོར་སྦྱར་ཀྱང་རུང་བར་གསུངས་སོ། །
གསུམ་པ་ནི། བདེ་གཤེགས་གསུང་རབ། ཅེས་སོགས་བྱུང་། ཤེར་མདོ་གཙོ་བོར་གྱུར་པའི་བདེ་བར་གཤེགས་པའི་གསུང་རབ་སྤྱི་ལ་དྲང་ངེས་སུ་འཇོག་པའི་ལམ་སྲོལ་མི་འདྲ་བ་འགྲེལ་ཚུལ་ལ་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་ཅིང་དོན་དམ་པར་མེད་པའི་སྲོལ་དང་། ཐོགས་མེད་ཀྱིས་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་ཀྱི་སྲོལ་ཏེ་དབུ་སེམས་ཀྱི་སྲོལ་གཉིས་སུ་བྱས་ནས་ཤིང་རྟའི་ལམ་སྲོལ་ལྟ་བུའི་ལུགས་སྲོལ་ཆེན་པོ་གཉིས་ལེགས་པར་ཕྱེ་བའི་སྒོ་ནས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་ཟབ་རྒྱས་ཟུང་དུ་འཇུག་པའི་ཐེག་པ་མཆོག་གི་ལམ་བཟང་ཐེག་ཆེན་གྱི་བསྟན་པ་དེ་ཡང་ས་གསུམ་གྱི་འགྲོ་བ་རྣམས་ཀྱི་ནང་ན་ཉི་མ་ལྟར་གསལ་བར་མཛད་པའི་ཤིང་རྟའི་སྲོལ་འབྱེད་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་ཀྱི་ཞབས་ལ་སྤྱི་བོས་འདུད་པར་མཛད་དོ། །
བཞི་བ་ནི། ཤིང་རྟ་ཆེན་པོའི། ཞེས་སོགས་བྱུང་། ཤིང་རྟ་ཆེན་པོའི་དབུ་སེམས་ཀྱི་སྲོལ་གཉིས་ལེགས་པར་བཟུང་བའི་སྒོ་ནས། འཛམ་གླིང་གི་བློ་གསལ་བྱེ་བ་སྟེ་གྲངས་མེད་པའི་རྒྱུད་ལ་གསུང་རབ་ཀྱི་དོན་ཤིང་རྟ་ཆེན་པོ་གཉིས་ཀྱིས་སོ་སོར་བཀྲལ་བ་ལྟར་རྟོགས་པའི་ཤེས་རབ་ཀྱི་བློ་མིག་གསལ་བར་འབྱེད་པའི་ཤིང་རྟའི་སྲོལ་འཛིན་གྱི་པཎྜི་ཏ་འཕགས་པ་ལྷ་དང་། སློབ་དཔོན་དཔའ་བོ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད་དང་དཔལ་ལྡན་ཟླ་བ་གྲགས་པའི་ཞབས་སོགས་ཀླུ་སྒྲུབ་ཀྱི་རྗེས་འབྲངས་དང་། དབྱིག་གཉེན་ཞབས་དང་སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་ཕྱོགས་གླང་དང་ཆོས་ཀྱི་གྲགས་པའི་ཞབས་སོགས་ཞེས་ཐོགས་མེད་ཀྱི་རྗེས་འབྲངས་མཚན་དངོས་སུ་ཐོན་པ་དང་། མ་ཐོན་པ་ཞི་བ་ལྷས་མཚོན་པའི་དབུ་མ་བ་དང་། ཤཱནྟི་བས་མཚོན་པའི་སེམས་ཙམ་པའི་སྲོལ་འཛིན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་ཚན་དུ་གཏོགས་པ་དེ་དང་། ཐུབ་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ནུབ་པའི་རྒྱལ་མཚན་འཛིན་པའི་མཆོག་ཏུ་གྱུར་པའི་མཁས་པའི་དབང་བོ་རྣམས་ལ་སྒོ་གསུམ་གུས་པས་འདུད་པའོ། །
གཉིས་པ་རྩོམ་པར་དམ་བཅའ་བ་ནི། གཞུང་ལུགས་མང་ཐོས་ཞེས་སོགས་བྱུང་། གཞུང་ལུགས་མང་དུ་ཐོས་པ་རྔོག་ལོ། ས་པཎ། བུ་སྟོན་སོགས་དང་། རིགས་པའི་ལམ་ལ་མང་དུ་བསྟེན་པ་ཆ་བ་ཆོས་སེང་སོགས་སེང་ཆེན་བརྒྱད་དུ་གྲགས་པ་དང་། མངོན་པར་རྟོགས་པའི་ཡོན་ཏན་གྱིས་མི་དམན་པ་ཀུན་མཁྱེན་དོལ་བུ་བ་སོགས་སུ་མཁས་པ་འགའ་ཞིག་གིས་གསུངས་པ་ལྟར་སོ་སོར་སྦྱར་བའམ། མདོ་སྔགས་རིག་གནས་སོགས་ཀྱི་གཞུང་ལུགས་ལ་མང་དུ་ཐོས་ཤིང་ལྟ་བའི་གནད་དོན་འཚོལ་བར་འདོད་ནས་རིགས་པའི་ལམ་དུ་ཡང་སྐྱོ་ངལ་གྱི་འདུ་ཤེས་མེད་པར་འབད་པ་མང་དུ་བསྟེན་ནས་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་ཀྱིས་མི་དམན་པའི་སྔོན་གྱི་མཁས་པ་དུ་མས་ཀྱང་དབུ་མའི་ལྟ་བ་འདི་རྙེད་པའི་ཐབས་ལ་འབད་ཀྱང་རྟོགས་པར་མ་གྱུར་པའམ་མ་རྙེད་པའི་ཟབ་མོའི་གནས་དེ་ནི། འཇམ་མགོན་བླ་མ་སྟེ་རྗེ་བཙུན་འཇམ་པའི་དབྱངས་བཤེས་གཉེན་དུ་བཟུང་ཞིང་གསུང་གི་བདུད་རྩི་ངོམས་མེད་དུ་བཞེས་པའི་དྲིན་གྱིས་ལེགས་པར་ཏེ་ཕྱིན་ཅི་མ་ལོག་པར་མཐོང་བ་ལྟར་དབུ་མའི་ལྟ་བ་རང་གིས་རྙེད་པ་འདི་ཉིད་གཞན་ལ་ཡང་ཕྱིན་ཅི་མ་ལོག་པར་བཤད་ནས་གཞན་གྱིས་ཀྱང་དེ་ལྟ་བུའི་ལྟ་བ་རྙེད་ན་ཅི་མ་རུང་དགོངས་ནས་ཤིན་ཏུ་བརྩེ་བའི་བསམ་པས་དབུ་མའི་ལྟ་བ་གཏན་ལ་འབེབས་པའི་ཐབས་བདག་གིས་བཤད་པར་བྱའོ། །ཞེས་དམ་བཅའ་མཛད་པ་སྟེ། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་པར་མཐོང་བའི་ཚུལ་ནི། འཇམ་མགོན་བླ་མ་མཆོག་སྐྱིད་ཤོད་དགའ་བ་གདོང་དུ་རྗེ་བཙུན་འཇམ་པའི་དབྱངས་ལ་ལྟ་བའི་ཟབ་གནད་མང་དུ་ཞུས་པའི་ཚེ། རྗེ་བཙུན་གྱིས། ཐལ་རང་གི་ཁྱད་པར་ལྷན་སྐྱེས་དང་ཀུན་བཏགས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག རྟགས་ཀྱི་དགག་བྱའི་ཕྲ་རགས། ལྟ་བ་རྙེད་པའི་ཚད། ཐལ་འགྱུར་བའི་ལྟ་བ་འཁྲུལ་མེད་ཀྱི་དོན། ལུགས་དེའི་ཀུན་རྫོབ་འཇོག་ཚུལ་རྣམས་གསུངས་པ་ལ། ཇི་བཞིན་མ་དགོངས་པའི་ཚུལ་གྱིས་མི་གོ་བར་འདུག་ལགས་ཞུས་པས། འདི་རྣམས་མ་བརྗེད་པར་གྱིས་ལ་ཟིན་བྲིས་སུ་ཐོབས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང་། བསགས་སྦྱངས་གཉིས་ལ་ལེགས་པར་འབད་པ་དང་། གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ་ཚིམ་མ་སླ་བར་རྒྱུན་བསྲིངས་ཏེ་ལེགས་པར་དཔྱོད་ཅིག་དང་། སྐབས་སུ་བབ་ན་ངས་ད་ལྟ་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག ཅེས་གསུངས་པ་ལྟར་གང་གསུང་རྣམས་ཟིན་བྲིས་ཀྱི་ས་བོན་རེ་མཛད་ཅིང་། དགུང་གྲངས་སོ་དྲུག་གི་སྟེང་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་དང་འབྲེལ་བའི་བརྒྱ་ཕྱག་དང་མང་བོ་དང་། མཎྜལ་འབུལ་བ་སོགས་རྒྱུན་མི་འཆད་དུ་མཛད་པས་ཕྱག་སོར་གྱི་རྩེ་རྣམས་སེར་གར་སོང་ཞིང་ཕྱག་ངར་ཡང་བརྡོལ་བ་སོགས་བྱུང་རུང་དཔག་པར་དཀའ་བའི་བརྩོན་འགྲུས་དྲག་པོ་མཛད་ཅིང་སྐབས་ཤིག་ཏུ་བཤད་བཀའི་གསོལ་བ་འདེབས་པ་ཁ་ཤས་བྱུང་བར་བཤད་པ་ཞིག་མཛད་དམ་དགོངས་པ་ལ། རྗེ་བཙུན་གྱི་ཞལ་ནས། དམུ་རྒོད་འདུལ་དཀའི་སེམས་ཅན་འདི་དག་ལ། །བཤད་པས་ཕན་ཐོགས་ཆེན་པོར་ག་ལ་འགྱུར། །དེ་བས་དབེན་པ་བསྟེན་ནས་སྒྲུབ་པར་རེམས། །རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་འགྱུར། །ཞེས་གདམས་ཤིང་སྒྲུབ་པ་ལ་བསྐུལ་བར་མཛད་དོ། །
དགུང་ལོ་ཞེ་གཅིག་གི་དུས་སུ་འོལ་ཁར་ཕེབས་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་ལོ་གཅིག་བཞུགས་ཏེ་ཐུགས་དམ་ཉམས་བཞེས་ཀྱི་རྣལ་འབྱོར་དང་། འཁོར་རྣམས་ལའང་ཆོས་མང་དུ་གསུངས། ལྷག་པར་ཐལ་རང་གི་ལྟ་བའི་གནས་རྣམས་ལ་བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་ད་བར་དུ་དཔྱད་པ་ནར་མར་མཛད་ནའང་མཐར་ཐུག་པའི་གནས་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མི་ཐུབ། གནས་དེར་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ཐ་མི་དད་དུ་བྱས་ནས་གསོལ་བ་ཤུགས་དྲག་ལན་མང་དུ་བཏབ་ཅིང་རིགས་པས་དཔྱད་པ་ཞིབ་པར་མཛད་པས་ནུབ་གཅིག་ལ་མནལ་ལམ་དུ། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ལེགས་ལྡན་འབྱེད་རྣམས་རང་བཞིན་ཡོད་མེད་ཀྱི་གནས་ལ་འབེལ་གཏམ་གྱིས་བཀའ་བགྲོ་བ་མཛད་ཀྱིན་འདུག་པའི་ནང་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྜི་ཏ་སྔོ་སངས་སྐུ་བོངས་ཆེ་བ་ཞིག་གིས། དབུ་མའི་རྒྱ་དཔེ་ཞིག་ཕྱག་གིས་བཟུང་སྟེ་ཚུར་བྱོན་ནས་བྱིན་གྱིས་བརླབས་པའི་མཚན་མ་ཞིག་བྱུང་། དེའི་ཕྱི་ཉིན་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏར་གཟིགས་པས་འབད་པ་མེད་པར་ཐལ་འགྱུར་བའི་ལྟ་བའི་གནད་མཐར་ཐུག་པ་དང་། དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་སྟེ་གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་ཚུལ་བསྟན་ཏོ། །
དགུང་ལོ་ང་གཅིག་གི་དུས་སེ་ར་ཆོས་སྡིངས་སུ་དབུ་མའི་རིགས་པ་ཕྲ་མོ་འགའ་ཞིག་ལ་དོགས་པ་ཅུང་ཟད་དཔྱད་དཀའ་བ་བྱུང་ནས་བླ་མ་དང་རྗེ་བཙུན་འཇམ་དབྱངས་ལ་གསོལ་འདེབས་དྲག་ཏུ་མཛད་པ་ན། ཤེར་མདོའི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས་གསེར་བཙོ་མའི་ཡེ་གེར་བཀོད་པའི་རྣམ་པས་བར་སྣང་ཁྲིག་གིས་གང་བར་གཟིགས་པ་ལ་བརྟེན་ནས་དོགས་པ་ལྷག་མེད་དུ་ཆོད་དེ་སྔར་རྗེ་བཙུན་གྱི་ཞལ་ནས་གསུངས་པའི་ཟིན་བྲིས་ལ་གཞི་བྱས་ནས་ལེགས་བཤད་སྙིང་བོ་དང་རྩ་ཤེའི་རྣམ་བཤད་ཆེན་པོ་མཛད་པར་གསུངས་སོ། །འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཞེས་པས་མཁྱེན་པ་ཕུན་ཚོགས་དང་། ཤིན་ཏུ་བརྩེ་བའི་བསམ་པས་བདག་གིས་བཤད། །ཅེས་པས་བརྩེ་བ་ཕུན་ཚོགས་བསྟན་ལ། འདིས་རྩོམ་པར་དམ་བཅའ་བའང་བཤད། སྟོན་པ་ནས་སྲོལ་འཛིན་རྣམས་ཀྱི་བར་ལ་མཆོད་བརྗོད་མཛད་པས་སློབ་དཔོན་སྔ་མའི་མན་ངག་ལྡན་ཚུལ་དང་། འཇམ་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཞེས་པས་ནང་གི་དོན་རྟོགས་ཤེས་རབ་དང་ལྡན་པ་གཉིས་བསྟན་པས། དེས་ན་རྩོམ་རིགས་པའང་བསྟན་ཏོ། །
གསུམ་པ་སྣོད་ལྡན་ཉན་པར་བསྐུལ་བ་ནི། བསྟན་པའི་དེ་ཉིད་ཅེས་སོགས་བྱུང་། མདོ་སྔགས་ཀྱི་ལམ་གང་གིས་བླ་མེད་བྱང་ཆུབ་སྒྲུབ་ཀྱང་གང་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ལས་འདར་མི་རུང་བ་ནི། བསྟན་པའི་དེ་ཁོ་ན་ཉིད་རྟོགས་པའི་རྣམ་དཔྱོད་དེ་ཉིད་ཀྱིས་འབྲས་བུ་སྨྲ་བ་ཟླ་མེད་ཀྱི་གོ་འཕང་ཐོབ་པར་འདོད་པའི་སྐལ་བཟང་རྣམས་གུས་པས་ཉོན་ཅེས་བསྐུལ་བ་སྟེ། གོང་འོག་གཉིས་བསྡོམས་པས་དགོས་སོགས་ཆོས་བཞི་བསྟན་ཚུལ་ནི། འབད་ཀྱང་རྟོགས་པར་མ་གྱུར་གནས་དེ་ནི་ཡན་གྱིས་བརྗོད་བྱ་དང་། བསྟན་པའི་དེ་ཉིད་རྟོགས་པའི་རྣམ་དཔྱོད་ཀྱིས་ཞེས་པས། འདི་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པ་དགོས་པ། སྨྲ་བ་ཟླ་མེད་ཅེས་པས། དེ་ལ་བརྟེན་ནས་སྨྲ་ངན་ཟིལ་གྱིས་མནན་ཏེ་གདུལ་བྱ་བྱང་གྲོལ་ལ་འགོད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཉིང་དགོས་དང་། དེ་དག་ཕྱི་མ་ཕྱི་མ་སྔ་མ་དང་རྟེན་བྱུང་དུ་འབྲེལ་བའི་འབྲེལ་བ་ཤུགས་ལ་ཐོན་པ་ཡིན་ནོ། །
གཉིས་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གསུམ། གསུང་རབ་ཀྱི་དྲང་ངེས་འབྱེད་པ་གལ་ཆེ་བར་བསྟན་པ། རྒྱལ་བའི་གསུང་རབ་ལ་དྲང་ངེས་རྒྱས་པར་ཕྱེ་བ། རང་ཉིད་གང་གི་རྗེས་སུ་འབྲང་བ་བསྟན་ཅིང་མཇུག་བསྡུ་བའོ། །
དང་བོ་ལ་གསུམ། ཐར་བ་ཐོབ་པ་ལ་ཡུལ་རྣམ་ཐར་སྒོ་གསུམ་གྱིས་བསྡུས་པའི་སྟོང་ཉིད་རྟོགས་དགོས་པ་དང་། དེ་ལྟ་བུའི་སྟོང་ཉིད་རྟོགས་པ་ལ་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་འབྱེད་དགོས་པ་དང་། དེ་ཉིད་ཀྱི་ཤེས་བྱེད་མདོ་དང་སྦྱར་བའོ། །
དང་བོ་ནི། ཇི་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་ཞེས་སོགས་བྱུང་། ཇི་སྐད་དུ། དཀོན་བརྩེགས་ཀྱི་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་དྲངས་པ་འདིས་རྣམ་ཐར་སྒོ་གསུམ་གསུངས་པ་ནི། འདི་ཡང་ཆོས་རྣམས་ཀྱི་རང་རང་གི་ངོ་བོ་བདེན་པས་སྟོང་བ་ཡུལ་སྟོང་ཉིད་རྣམ་ཐར་དང་། རྒྱུ་བདེན་པར་འཛིན་པ་ཞི་བ་སྟེ་རྒྱུ་བདེན་པས་སྟོང་བ་ཡུལ་མཚན་མེད་རྣམ་ཐར་དང་། འབྲས་བུ་བདེན་པས་སྟོང་བ་ནི་སྐྱེ་བ་མེད་པ་སྟེ་སྨོན་པ་མེད་པའི་རྣམ་ཐར་འདི་གསུམ་གྱི་ཚུལ་མི་ཤེས་པས་བདག་འཛིན་གཉིས་ཀྱི་ཞེན་ཡུལ་ནི་སུན་ཕྱུང་མི་ནུས་ལ། དེ་མ་ནུས་པས་བདག་འཛིན་གྱི་དབང་དུ་སོང་སྟེ། དགེ་མི་དགེའི་ལས་སྣ་ཚོགས་བསགས་ནས་འགྲོ་བ་རྣམས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁྱམས་པར་གྱུར་པའི་འགྲོ་བ་དེ་དག་ཐུགས་རྗེ་ཆེན་པོ་བཅུ་དྲུག་སོགས་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་གཉིས་སྤྱི་དང་། ཁྱད་པར་རེ་ཞིག་རགས་པའི་བདག་མེད་དམ་བདག་ཡོད་པར་སྟོན་པ་སོགས་ཐབས་ཀྱི་ཚུལ་དང་། རྟེན་འབྲེལ་དང་གཅིག་དུ་བྲལ་སོགས་སྟོང་ཉིད་སྒྲུབ་བྱེད་ཀྱི་གཏན་ཚིགས་སམ་རིགས་པ་བརྒྱ་ཕྲག་དག་གིས་ཡུལ་རྣམ་ཐར་སྒོ་གསུམ་ནི་ཁོང་དུ་ཆུད་པ་ལ་འཛུད་པར་མཛད་དོ། །ཞེས་བྱ་བའི་ལུང་གི་དོན་བཀྲལ་བ་ནི། འདི་ལྟར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དམ་རྣམ་ཐར་སྒོ་གསུམ་ནི་ཤིན་ཏུ་རྟོགས་པར་དཀའ་བ་དང་། དེ་མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་སངས་རྒྱས་ཀྱིས་གཟིགས་ནས་ཐུགས་རྗེ་ཅན་གྱི་སྟོན་པས་རགས་པའི་བདག་མེད་སྟོན་པ་སོགས་ཐབས་ཀྱི་ཚུལ་དང་། རྟེན་འབྱུང་སོགས་དྲི་མ་མེད་པའི་རིགས་པའི་སྒོ་དུ་མ་ཞིག་གིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ་ཞེས་མདོའི་དོན་མདོར་བསྡུས་ཏེ་བཀྲལ་བ་ཡིན།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn