ཕར་ཕྱིན་ལྷན་ཐབས་ལས་བཤད་བྱ་རྩ་བའི་མདོ་ཡི་སྐོར།
སྤྱིར་ཤེར་ཕྱོགས་ཀྱི་མདོ་ཡི་སྐོར་ལ་བུ་སྟོན་རིན་པོ་ཆེའི་བཀའ་འགྱུར་དཀར་ཆག་ཏུ་བཀོད་ལྟར་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱིས་ནི། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་བ། ཤེས་རབ་ཁྲི་བ། བརྒྱད་སྟོང་། སྡུད་པ་སྟེ་ཡུམ་དྲུག་དང་། ཤེར་ཕྱིན་བདུན་བརྒྱ་བ། ལྔ་བརྒྱ་བ། སུམ་བརྒྱ་བ། ཚུལ་རྒྱ་ལྔ་བཅུ་བ། ལྔ་བཅུ་བ། སྒོ་ཉེར་བ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀས་ཞུས་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། ཤེས་རབ་སྙིང་བོ་སྟེ་སྲས་བཅུ་གཅིག་གི་ཐ་སྙད་མཛད་ལ། ཡུམ་སྲས་གྱི་དོན་ནི་བརྗོད་བྱ་མངོན་རྟོགས་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པ་དང་ཕྱེ་ནས་སྟོན་པའི་དོན་དུ་གསེར་ཕྲེང་ལས་གསུངས་སོ། ། རྒྱལ་ཚབ་རྗེའི་བསྡུས་དོན་ལས། ཡུམ་རྒྱས་འབྲིང་བསྡུས་གསུམ་སྐོར་དགུ་གསུངས་པ་ལྟར། རྒྱས་པའི་རྒྱས་པ་བམ་པོ་ལྔ་བརྒྱ་བ་དང་། རྒྱས་པའི་འབྲིང་བམ་པོ་བཞི་བརྒྱ་བ། རྒྱས་པའི་བསྡུས་པ་ཡུམ་འབུམ་པ་ཡིན་པར་གསུངས་ལ། དང་བོ་རྒྱ་ནག་ཏུ་འགྱུར་བར་ཁ་ཅིག་བཤད། གཉིས་པ་ལོ་ཆེན་གྱི་དུས་སུ་རྒྱ་གར་དུ་བཞུགས་པར་བཤད་ཀྱང་འདི་གཉིས་བོད་དུ་མ་འགྱུར་ལ། འདི་གཉིས་དང་རྒྱན་སྦྱར་བའི་རྒྱ་བོད་ཀྱི་འགྲེལ་བའང་མ་བྱུང་བར་སྣང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་བའམ་ཡོངས་གྲགས་སུ་ཡུམ་དུམ་པ་ནི། བོད་ཡུལ་དུ་ལོ་ཙཱ་བ་ཡེ་ཤེས་སྡེས་སོགས་ཀྱིས་བསྒྱུར་ཤིང་། ཞོལ་དཔར་ལྟར་ན་པོད་བཅུ་གཉིས་དང་ཡོངས་གཏད་དང་བཅས་ན་བམ་པོ་སུམ་བརྒྱ་དང་བཞི་ཡོད།
འབྲིང་གསུམ་ནི། ཉི་ཁྲི། ཁྲི་བརྒྱད་སྟོང་བ། ཤེས་རབ་ཁྲི་བ་གསུམ་ཡིན་ལ། ཉི་ཁྲི་ལ་ལེའུ་དོན་དྲུག་དང་བོད་ཀྱི་མདོ་རྒྱན་སྦྱར་བའི་འགྲེལ་བ་རྣམས་ཀྱིས་མངོན་རྟོགས་རྒྱན་དང་སྦྱོར་སའང་གཙོ་བོ་འདི་ཡིན་ནོ། ། འདིའི་རྒྱ་དཔེ་རང་ལའང་མ་དག་པ་དང་ཆད་པའི་སྐྱོན་ཅི་རིགས་པ་ཡོད་རྐྱེན་བཙུན་པ་གྲོལ་སྡེས་མདོ་རྒྱན་སྦྱོར་ཚུལ་ལའང་སྐྱོན་ཅི་རིགས་པ་བྱུང་ཡོད་པ་གསེར་ཕྲེང་ལྟར་ལས་གསུངས་པས། དེའི་ཕྱིར་དེང་སྐབས་བཙུན་པའི་རྣམ་འགྲེལ་དུ་གྲགས་པ་འདི་བཙུན་པ་གྲོལ་སྡེའི་གསུང་ཡིན་མིན་བརྟག་དགོས་སུ་གསུངས་སོ། ། ཉི་ཁྲི་ལེའུ་བརྒྱད་མ་ནི་འཕགས་སེང་གི་འགྲེལ་བར་དྲངས་པ་མ་གཏོགས་གཞུང་རང་བོད་དུ་མ་འགྱུར་ལ། འཕགས་པ་གྲོལ་སྡེས་ཕར་ཕྱིན་ཉམས་བཞེས་གནང་བའི་ཚེ་མདོ་དང་རྒྱན་མི་འབྱོར་བ་ཁ་ཤས་བྱུང་བ་ལ་ཐུགས་མ་བདེ་བར་ཡོད་སྐབས་རྗེ་བཙུན་བྱམས་པས་ལུང་བསྟན་པ་ལྟར་ཝཱ་ར་ནཱ་སིར་ཕེབས་ཏེ་དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་ལེའུ་བརྒྱད་མ་སྤྱན་དྲངས་པ་དང་མཇལ་བས་མདོ་དང་རྒྱན་མཐུན་པ་བྱུང་དེ་དབུག་དབྱུང་ཐོབ་ཅེས་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས་གསུངས་པ་ནི། ཉི་སྣང་གི་སྦྱར་རྩོམ་དུ། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། ། དུབ་པ་དག་གི་ངལ་བསོའི་གནས། ། ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། ། རིང་མོ་ཞིག་ནས་མཐོང་བ་ཡིན། ། ཞེས་འབྱུང་བ་དང་འགྲིག་པ་འདྲ་ཞིག་སྣང་ཡང་། དེ་ལྟར་ན་ཉི་ཁྲི་ལེའུ་བརྒྱད་མ་དང་ལེའུ་མང་གཉིས་དཔེ་རྒྱུན་སོ་སོ་ཡིན་པར་མ་ཟད་ལེའུ་བརྒྱད་མ་སློབ་དཔོན་གྱི་སྔོན་ནས་ཡོད་པ་འདྲ་ཞིག་འདུག་ཀྱང་། གསེར་ཕྲེང་ལས། དེས་ནི་ཉི་ཁྲི་ལེའུ་བརྒྱད་དུ་བྱས་ཤིང་དེ་སྐབས་བརྒྱད་དང་བསྒྲིགས་ནས་སྦྱར་རོ། ། ཞེས་པ་ལྟར་ན་ཉི་ཁྲི་ལེའུ་མང་ལ་དག་བཅོས་མཛད་ནས་ལེའུ་བརྒྱད་དུ་བྱས་ཤིང་དེ་རྒྱན་གྱི་སྐབས་བརྒྱད་དང་སྦྱར་བའི་འགྲེལ་བ་མཛད་པ་ལ་བརྟེན་ནས་འཕགས་པས་མངོན་རྟོགས་རྒྱན་མདོ་དང་སྦྱོར་བའིི་ཆེད་དུ་རང་དགར་མདོ་བརྩམས་པ་རེད་ཅེས་ཀྱང་ལོ་རྒྱུས་ཁ་ཤས་ལས་འབྱུང་བས་རྒྱ་གར་ཆོས་འབྱུང་ལས་བཤད་པ་དེ་དོན་ལ་གནས་མིན་བརྟག་པར་བྱའོ། ། ཤནྟི་པས་ཉི་ཁྲི་ལེའུ་བརྒྱད་མ་དང་སྦྱར་བའི་འགྲེལ་བ་ལ་དག་ལྡན་ཞེས་མཚན་འདོགས་ལུགས་ལ་དཔག་ནའང་དུས་སྐབས་དེར་འཕགས་ཡུལ་དུའང་ཉི་ཁྲི་ལེའུ་མང་ལ་དག་མ་དག་གི་གླེང་གཞི་ཡོད་པ་ཤེས་ཐུབ། གསེར་ཕྲེང་ལས། འདིར་མདོ་དང་སྦྱོར་བའི་མདོ་རྣམས་གང་གི་དབང་དུ་བྱེད་ཅེ་ན། བཟང་བོའི་ཞབས་ཀྱི་ཉི་སྙིང་ལ་བརྟེན་ནས་སྦྱར་བའི་ཉི་ཁྲི་དག་གཏུགས་དང་སྦྱར་བར་བྱའོ། ། ཞེས་གསུངས་པའི་ཉི་ཁྲི་དག་གཏུགས་ནི་འཕགས་པས་དག་བཅོས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ་ཡིན་ལ། ཉི་ཁྲི་དང་སྦྱར་བའི་འགྲེལ་བའི་ཁྲོད་ན་ཉི་ཁྲི་ལེའུ་བརྒྱད་མ་ཞེས་འབྱུང་བ་ནི་སློབ་དཔོན་སེང་གེ་བཟང་བོས་དེའི་འགྲེལ་བ་ཡིན་པས་རྩ་བའི་མཚན་འགྲེལ་བ་ལ་ཐོགས་པར་མངོན་ནོ། ། ཁྲི་བརྒྱད་སྟོང་བ་ལ་ལེའུ་གྱ་བདུན་དང་བམ་པོ་དྲུག་ཅུ་ཡོད་པས་ཁྲི་བརྒྱད་སྟོང་ཞེས་པ་ནི་བམ་པོ་རེ་ལ་ཤོ་ལོ་ཀ་སུམ་བརྒྱ་རེ་བྱས་པས་ཤོ་ལོ་ཀའི་གྲངས་ཡིན་ལ། གསེར་ཕྲེང་ལས། སྡུད་པ་ཁྲི་བརྒྱད་སྟོང་བ་ལས་སོ་སོར་བགྲང་བ་དང་། ཁྲི་བརྒྱད་སྟོང་བ་འབྲིང་གི་འབྲིང་དང་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་མི་འཐད་པར་གསུངས་པ། རྒྱ་དཔེ་ལ་སོ་སོར་ཡོད་ཀྱང་བོད་དུ་བསྒྱུར་བའི་ཚེ་ལོ་ཙཱ་བས་ཕྱོགས་གཅིག་ཏུ་བསྒྱུར་བ་ཡིན་པར་ཁྲི་གུང་ཐང་བའི་གསུང་རྒྱུན་ལ་འབྱུང་ངོ་། ། ཤེས་རབ་ཁྲི་བ་འདི་ལ་བམ་པོ་སོ་བཞི་དང་ཤོ་ལོ་ཀ་ཆིག་ཁྲི་ཉིས་བརྒྱ་ཙམ་ཡོད་ཀྱང་རགས་བཤད་ཀྱིས་ཁྲི་ཙམ་དུ་བཤད་པ་ཡིན། བསྡུས་པ་གསུམ་ལས་བརྒྱད་སྟོང་བ་ལ་བམ་པོ་ཉེར་བཞི་དང་། ཤེར་ཕྱིན་བམ་པོ་བཅོ་བརྒྱད་པ་ནི་བོད་དུ་མ་འགྱུར་རོ། ། བོད་དུ་འགྱུར་བའི་ཤེར་ཕྱིན་སྣ་ཚོགས་ཀྱི་སྐོར་ལ་ཞོལ་དཔར་ལྟར་ན། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཤེར་ཕྱིན་བདུན་བརྒྱ་བ། ཤེར་ཕྱིན་ལྔ་བརྒྱ་བ། སྡུད་པ། རྡོ་རྗེ་གཅོད་པ། ཚུལ་བརྒྱ་ལྔ་བཅུ་བ། མཚན་བརྒྱ་རྩ་བརྒྱད་པ། ལྔ་བཅུ་བ། ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། སྒོ་ཉེར་ལྔ་བ། ཟླ་བའི་སྙིང་བོ། ཀུན་ཏུ་བཟང་བོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། སྐྱེས་རབས་ཀྱི་གླེང་གཞིའི་མདོ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམས་པའི་མདོ། བསླབ་པ་ལྔའི་ཕན་ཡོན་བསྟན་པའི་མདོ། ཀུན་དགའ་བོའི་མདོ། ཀླུ་རྒྱལ་བོ་དགའ་བོ་དང་ཉེ་དགའི་མདོ། ཉི་མའི་མདོ། འཕགས་པ་བཀྲ་ཤིས་ཆེན་པོའི་མདོ་བཅས་མདོ་ཚན་ཉེར་དགུ་ཡོད་ལ། གསེར་ཕྲེང་ལས། སུམ་བརྒྱ་བ་ཞེས་པ་ནི་ཤེར་ཕྱིན་སྣ་ཚོགས་ཀྱི་ཁྲོད་ན་མེད་པས་ཀློང་རྡོལ་བླ་མས་རྡོ་རྗེ་གཅོད་པ་དང་སུམ་བརྒྱ་བ་གཉིས་གཞུང་གཅིག་ཡིན་པར་བཤད་པ་བདེན་སྙམ་མོ། ། ཚུལ་བརྒྱ་ལྔ་བཅུ་བ་ནི་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུངས་ལས་སྔགས་ཀྱི་གཞུང་ཡིན་པར་བཤད་དོ། །
དེ་ལྟར་ཤེར་ཕྱིན་གྱི་མདོ་ལ་རྒྱས་བསྡུས་དང་གཞུང་ཚན་སྣ་ཚོགས་ཤིག་ཡོད་པའི་ཁྲོད་ནས་རྒྱ་གར་གྱི་མདོ་རྒྱན་སྦྱར་བའི་འགྲེལ་བ་རྣམས་དང་བསྟུན་ན་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་བ། བརྒྱད་སྟོང་བ། སྡུད་པ་རྣམས་སུ་གྲངས་ངེས་པར་གསེར་ཕྲེང་གི་དགོངས་པར་གནས་ལ། འགྲེལ་བ་དོན་གསལ་ལས། རྒྱལ་བའི་ཡུམ་རྣམས་ལ་གསུམ་ཆར་ལས་ཀྱང་། ཞེས་དང་། ལ་ལས་དོན་གཞན་ལ་ལས་ཚིག ། གཞན་ལས་རྣམ་གྲངས་མིང་གི་ཏེ། ། མཁས་པ་རྣམས་ཀྱི་ཡུམ་ཀུན་ལའང་། ། དོན་བསྡུས་དེ་ཙམ་ཤེས་པར་བྱ། ། ཞེས་སོགས་ཀྱི་སྐབས་སུ་རྒྱས་འབྲིང་བསྡུས་གསུམ་ཙམ་ལས་མ་བྱུང་ལ། ཀུན་གྱི་རྒྱན་དུ་གྱུར་བར་ནི། ། ཞེས་མངོན་རྟོགས་རྒྱན་དུ་འགྱུར་སའི་མདོ་ངོས་འཛིན་སྐབས་མཐའ་དཔྱོད་ལས་ཀྱང་རྒྱས་འབྲིང་བསྡུས་གསུམ་ཙམ་ལས་སོགས་སྒྲ་ཙམ་ཡང་མ་བྱུང་བ་ལ་དཔག་ན། འགྲེལ་ཆུང་ལྟར་ན་བཤད་བྱ་རྩ་པའི་མདོ་ལ་རྒྱས་འབྲིང་བསྡུས་གསུམ་ཁོ་ནར་ངེས་སོ། ། དེ་ཡང་རྩོད་པའི་ཚེ་སུམ་བརྒྱ་བའམ་རྡོར་གཅོད་ལྟ་བུ་རྒྱན་གྱི་བཤད་བྱ་ཡིན་ཀྱང་བཤད་བྱ་རྩ་བའི་མདོ་མིན་པར་བླངས་ན་གསེར་ཕྲེང་གི་དགོངས་པར་གནས་སྙམ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་མཐའ་དཔྱོད་ལས། རྒྱན་གྱི་བཤད་བྱ་རྩ་བའི་མདོ་ལ་དེ་གསུམ་དུ་གྲངས་མ་ངེས་པར་ཐལ། ཁྲི་བརྒྱད་སྟོང་བ་དང་མདོ་སྡུད་པ་གཉིས་དེའི་བཤད་བྱ་རྩ་བའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རྒྱན་དང་སྦྱར་བའི་འགྲེལ་བ་ཚད་ལྡན་ཡོད་བའི་ཕྱིར་ན་འདིར་མ་ཁྱབ། ཅེས་ཁྲི་བརྒྱད་སྟོང་བ་དང་མདོ་སྡུད་པ་གཉིས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་མིན་པར་གསུངས་པ་ནི། གསེར་ཕྲེང་དང་། ཁྱད་པར་ཡུམ་དོན་གསལ་བའི་སྒྲོན་མེ་ལས། རང་ལུགས་ནི་གསེར་ལྟར་ན་རྒྱས་འབྲིང་བསྡུས་གསུམ་དང་ཁྲི་བརྒྱད་སྟོང་བ་བཞིར་ངེས་ཏེ། དེ་དག་དང་རྒྱན་རྩ་འགྲེལ་སྦྱར་བའི་འགྲེལ་བ་ཚད་ལྡན་ཡོད་བའི་ཕྱིར། ཞེས་སོགས་དང་ཚིག་ལ་དངོས་སུ་འགལ་བ་ལྟ་བུར་སྣང་ཡང་། པཎ་ཆེན་རང་གི་དགོངས་པའི་བཞེད་ཕྱོགས་ནི་འགྲེལ་ཆུང་གི་སྐབས་སུ་མངོན་རྟོགས་རྒྱན་གྱིས་བརྒྱན་གཞིའམ་བརྒྱན་སའི་མདོ་ངོས་བཟུང་སྐབས་འགྲེལ་བའི་མགོ་མཇུག་ཀུན་ཏུ་ཡུམ་རྒྱས་འབྲིང་བསྡུས་ཙམ་ལས་མ་སྨྲས་པས་དེའི་དབང་དུ་བྱས་ན་ཁྲི་བརྒྱད་སྟོང་བ་དང་མདོ་སྡུད་པ་གཉིས་བཤད་བྱ་རྩ་བའི་མདོ་མིན་ཞེས་པའི་དོན་ཡིན་ཞེ་ན་པཎ་ཆེན་རང་གི་དགོངས་པར་འགྲོའོ་སྙམ་མོ། ། མདོ་རྒྱན་སྦྱོར་ཚུལ་གྱི་མན་ངག་འགའ་ཞིག་ནི་གསེར་ཕྲེང་མདོ་རྒྱན་ཇི་ལྟར་སྦྱོར་ཚུལ་བཤད་པའི་སྐབས་ལས་འཕྲོས་ཏེ་བླ་མའི་མན་ངག་ཉིད་ལས་ཤེས་དགོས་པས་དེང་སྐབས་གསར་དུ་བྱུང་བའི་གཞུང་བང་ཚོད་ཆེ་བ་དག་ལ་ཡུད་བརྟན་ཆེར་མི་སྣང་ངོ་། ། ། །
ཆོས་སྡེ་ཆེན་མོ་རྔ་བ་སྒོ་མང་ནས་བསྐྲུན་པའི་ཤེས་རབ་ཅེས་པའི་སྤྱིའི་དེབ་གྲངས་དང་བོ་ལས་བཤུས་ཏེ་བཀོད།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
