དོན་བདུན་ཅུའི་རྣམ་གཞག་མི་ཕམ་ཞལ་ལུང་གི་ཚིག་དོན་འགའ་ཞིག་ཟུར་རྒྱན་གྱི་ཚུལ་དུ་བཀོད་པ་བཞུགས་སོ། །
མདོ་སྔགས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས། །འགྱེད་པའི་བཀའ་དྲིན་ཕུང་བོ་ཟླ་མེད་པ། །ཀུན་མཁྱེན་ཡབ་སྲས་སྙིང་གི་སེའུ་འབྲུར་རོལ། །འཕྲལ་ཡུན་འདོད་དོན་འགྲུབ་པའི་དགེ་ལེགས་སྩོལ། །སྲས་བཅས་རྒྱལ་བའི་དགོངས་དབྱངས་གཅིག་གྱུར་པས། །པད་དཀར་ལྟར་བསྔགས་བསྡུ་བཞིའི་ཕ་རོལ་སོན། །གསང་གསུམ་ཡོན་ཏན་བྱེ་བའི་གན་མཛོད་མཆོག །བུ་རམ་ཤིང་བའི་ཞབས་པད་གཙུག་གིས་མཆོད། །རྣམ་འབྱེད་ངག་གི་དབང་ཕྱུག་ལྷག་པའི་ལྷ། །མཁྱེན་གཏེར་ཡབ་ཡུམ་ཟུང་ལ་གུས་འདུད་ཀྱེ། །གཞུང་དོན་མ་ལུས་གསལ་བའི་སྣང་བ་དང་། །དཀའ་གནད་མདུད་གྲོལ་ངག་གི་མཆོག་སྦྱིན་མཛོད། །ཐང་ཤིང་ལ་བརྟེན་(+)་མོའི་ངང་ཚུལ་བཞིན། །བཤེས་གཉེན་སྨྲ་བའི་བང་མཛོད་ལ་བརྟེན་ནས། །གཞུང་དོན་ཆ་ཙམ་འགྲེལ་བའི་སྤྱི་ནོར་ཚོགས། །སྦྱིན་ནོ་གཟུར་གནས་བློ་ལྡན་དག་གིས་ལོངས། །དེ་ཡང་ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པས་དངོས་པོ་བརྒྱད་རྐང་གྲངས་ཀྱི་སྒོ་ནས་མདོར་བསྟན་ནས། རྣམ་ཀུན་མཁྱེན་ཉིད་ནས། སྐུ་དང་དེ་རྣམས་བརྒྱད་ཅེས་པས་རྐང་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད། སེམས་བསྐྱེད་པ་དང་ནས། བརྗོད་ཅེས་པའི་བར་གྱིས་དོན་བདུན་ཅུ་རྐང་གྲངས་ཀྱི་སྒོ་ནས་མདོར་བསྟན་ཏོ། །ཐུབ་པའི་ཞེས་པས་རྣམ་མཁྱེན་གྱི་རྟེན་བསྟན་ཅིང་། རྣམ་ཀུན་མཁྱེན་པ་ཉིད་ཅེས་པས་རྣམ་ཀུན་མཁྱེན་ཉིད་ཅེས་པ་མདོར་བསྟན་དང་། སེམས་བསྐྱེད་པ་དང་ནས། འབྱུང་བཅས་རྣམས་ཞེས་པའི་བར་འདིའི་རྒྱས་བཤད་དུ་གསལ་བར་བསྟན་པས། དེ་བསྟན་བཤད་སྦྱོར་བའི་ཚིག་ཏུ་བཤད་དོ། །དངོས་པོ་ཕྱི་མ་བདུན་ལའང་བསྟན་བཤད་སྦྱོར་ཚུལ་དེའི་རིགས་འདྲའོ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ཞེས་དང་། ཉན་ཐོས་ལ་སོགས་ཞེས་པས་རིམ་བཞིན་གཞི་ལམ་གང་ལ་རྣམ་པར་བཞག་པའི་རྟེན་བསྟན་ནོ། །དངོས་པོ་ལྷག་མ་ལྔ་ལ་རྟེན་ཚིག་ཟིན་ལ་མ་བསྟན་ཅིང་། སྦྱོར་བཞི་ཉམས་སུ་ལེན་བྱེད་དང་། ཆོས་སྐུ་ཉམས་སུ་བླངས་པའི་འབྲས་བུ་ཡིན་ཕྱིར། རྟེན་རིམ་བཞིན་བྱང་སེམས་དང་། སངས་འཕགས་ལ་སྦྱོར་དགོས་པ་སྐབས་ཐོབ་ཀྱིས་གོ་སླ་བ་ལ་དགོངས་པ་འདྲའོ། །གསེར་ཕྲེང་ལས་མཁྱེན་གསུམ་དུ་ལྔ་འདུས་པ་ལ་དགོངས་གསུངས། བོད་ཀྱི་ལོ་ཙཱ་བ་སྤོང་ཞོས་བལྟས་པའི་རྒྱ་དཔེ་ན། མཐོང་ལམ་ཉན་ཐོས་ལ་སོགས་ཀྱི། །ཞེས་ཡོད་པར་གྲགས་པ་ལྟར་བསྒྱུར་ན་བདེའོ།།ཇོ་འོག་མདའ་དང་། ཨ་མ་རའི་བཎ་ཆུང་རྣམས་ཀྱིས་འདོད་ཚུལ་ཡང་ཤེས་བར་བྱའོ། །ཆོས་སྐུ་མཛད་པ་དང་བཅས་པ། ཞེས་པའི་ཆོས་སྐུ་ཞེས་པའི་ཚིག་དེ། བསྟན་བཤད་སྦྱོར་བའི་ཚིག་ཁོ་ནར་འཕགས་པའི་འདོད་ལ། སློབ་དཔོན་གྱིས་དེ་བསྟན་བཤད་སྦྱོར་བ་དང་། ཡེ་ཤེས་ཆོས་སྐུ་དངོས་སུ་སྟོན་བྱེད་གཉིས་ཀ་ལ་སྦྱར་རོ། །དེས་ན་འཕགས་པས་འཕྲིན་ལས་གཅིག་ཏུ་བགྲང་ནས། དོན་བདུན་ཅུར་བྱེད་ལ། སློབ་དཔོན་སེངྒེ་བཟང་བོས་འཕྲིན་ལས་ཞར་བྱུང་ཙམ་དུ་བྱས་ནས། ཡེ་ཤེས་ཆོས་སྐུ་གཅིག་ཏུ་བགྲང་ནས་དོན་བདུན་ཅུར་བྱེད་པ་དོན་འཐོབ་སྟེ། གསེར་ཕྲེང་ལས། རྒྱན་སྣང་ལྟར་ན་ཕྱི་མར་མངོན་ནོ། །ཞེས་གསུངས་པའི་ཕྱིར། ལུས་རྣམ་བཞག་ལྟར། དངོས་བོ་བརྒྱད་བདུན་ཅུའི་མཚན་ཉིད་ས་མཚམས་སོགས། དོན་ཆེ་ལོང་ལོགས་སུ་གཏན་ལ་ཕབས་པ་ལ། དོན་བདུན་ཅུའི་རྣམ་གཞག་ཅེས་གྲགས་ཏེ། རྒྱལ་ཚབ་རིན་པོ་ཆེའི་དོན་བདུན་ཅུ་བསྡུས་དོན་རིན་པོ་ཆེ་འཕྲེང་བ་མཚོ་སྟོན་བཀའ་བཞི་བ་སངས་རྒྱས་འཕེལ་གྱིས་བསྐུལ་བ་དང་དངོས་པོ་བརྒྱད་དོན་བདུན་ཅུའི་འགྲེལ་ཉམས་སུ་ལེན་ཚུལ་ཀུན་མཁྱེན་བླ་མའི་མི་ཕམ་ཞལ་ལུང་། དགའ་ལྡན་གསེར་ཁྲི་དྭགས་པོ་བློ་གྲོས་བསྟན་པ་དང་། བསམ་སྒང་བ་ངག་དབང་བློ་བཟང་དང་། སེ་ར་རྗེ་བཙུན་པ་རྣམས་ཀྱི་དོན་བདུན་ཅུ། བསོད་ནམས་གྲགས་པའི་སྐལ་བཟང་ཐེམ་སྐེས་སོགས་སོ། །འདིར་མི་ཕམ་བླ་མའི་ཞལ་ལུང་གི་ཚིག་དོན་འགའ་ཙམ་ཟུར་རྒྱན་གྱི་ཚུལ་དུ་འགོད་པར་བྱའོ། །དེ་ཡང་ན་མོ་ནས་ཙའི་བར་གྱིས། འཇམ་དབྱངས་དཀར་སེར་དང་ཡབ་ཡུམ་དབྱངས་ཅན་མ་ལ་ཕྱག་འཚལ་ཏེ་ཤེས་རབ་དང་ངག་གི་མཆོག་སྦྱིན་ཞུས་ཤིང་། གཙོ་ཆེ་ཆུང་གི་འདོད་དོན་སོ་སོར་ཞུ་བའི་ཚུལ་ཡང་ཡོད་སྙམ་སྟེ། རྒྱལ་ཀུན་ཡབ་གཅིག་གཉིས་ཞེས་དང་། གསལ་བའི་བློ་གྲོས་སྩོལ་ཞེས་དང་། མདུད་གྲོལ་ངག་སྩོལ་ཅིག་ཅེས་གསུངས་པའི་ཕྱིར། གཞན་ཡང་གྲུབ་མཐའ་རྩ་འགྲེལ། དབུ་མ་ལུང་རིགས་གཏེར་མཛོད་སོགས་གཞུང་ཆེན་མོ་ཕལ་ཆེར་དུ། འཇམ་དབྱངས་དཀར་སེར་དང་། དབྱངས་ཅན་མ་ལ་མཆོད་བརྗོད་མཛད་ཅིང་། རྗེ་རིན་པོ་ཆེས་ཀྱང་དེ་ལྟར་གནང་བའི་ཤུགས་ཀྱིས་རྗེས་འཇུག་ལའང་། འཇམ་དབྱངས་ཡབ་ཡུམ་ལ་བསྟེན་ནས། རང་རྒྱུད་ལ་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཁྱད་པར་ཅན་བསྐྱེད་ཅིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་རྒྱུད་ལ་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ཐུབ་པ་ཞིག་ཅེས་ཀྱང་དགོས་ཞེས་གདམས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་ཞེས་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར་བ་སྒྲ་ལོག་བསྒྱུར་དང་། མཉྫུ་གྷོ་ཥཱ་འཇམ་པའི་དབྱངས་ལ་བསྒྱུར་བ་སྒྲ་ཐད་བསྒྱུར་ཡིན་ལ། གཞན་ཡང་རྣམ་གྲངས་དང་། བརྒྱུད་དེ་བསྒྱུར་བ་སོགས། ཕར་ཕྱིན་གདོང་ལྔའི་སྒྲ་དབྱངས་སོགས་ལས་ཤེས་བར་བྱའོ། །རྒྱལ་ཡུམ་རྒྱས་འབྲིང་བསྡུས་པ་སྐོར་དགུ་སོགས་ཆོས་ཅན། ཉི་མའི་གཉེན་དང་བུ་རམ་ཤིང་བའམ་གོའུ་ཏ་མའི་རྒྱུད་དུ་འཁྲུངས་པས་མཚན་དེ་ལྟར་ཆགས་པ་དེ་ཉིད་ཀྱིས་ཉི་མ་བཞིན་དུ་བཤད་པ་ཡིན་ཏེ། དཔེ་ལ་མུན་པ་སེལ་བ་དང་། ལོ་ཏོག་སྨིན་པ་གཉིས་ཚང་བ་བཞིན་དུ་ཁྱོད་ལ་བརྟེན་ནས་གདུལ་བྱའི་སྒྲིབ་གཉིས་ཀྱི་མུན་པ་དྲུངས་ནས་འབྱིན་ཞིང་ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བའི་ལོ་ཏོག་སྤེལ་བར་བྱེད་པའི་ཕྱིར། ཡུམ་དང་། དེའི་དགོངས་འགྲེལ་བྱམས་ཆོས་སྤྱི་དང་། ཁྱད་པར་མངོན་རྟོགས་རྒྱན་གྱི་བརྗོད་བྱ་དངོས་པོ་བརྒྱད་དོན་བདུན་ཅུར་རྒྱབ་རྟེན་ཚད་མ་དང་ལྡན་པའི་དངོས་གནས་པ་དང་། གཞན་གྱིས་ཇི་བཞིན་མ་བྱེད་པའི་སྒྲོ་བཏགས་ཀྱི་ཆ་གཉིས་སོ་སོར་ལེགས་པར་ཕྱེ་བ་སྟེ། ཤེས་པའི་ཕྱིར་དུ་གཞུང་འདི་རྩོམ་ཞེས་འགྲེལ་བ་ནི། གཞུང་དོན་རྨ་མེད་པའོ། །འདིས་དགོས་པ་དང་། དངོས་བརྒྱད་བདུན་ཅུར་ཞེས་པས་བརྗོད་བྱ་བསྟན། ཉིང་དགོས་དང་འབྲེལ་བ་བསྟན་ཚུལ་ཡང་ཤེས་པར་བྱ། ཉི་མ་བཞིན་ཞེས་པས། ཉིང་དགོས་དངོས་སུ་བསྟན་ཆོག་གམ། གུས་བཏུད། ཅེས་མཆོད་པར་བརྗོད། སྣང་བ་གཉིས་དང་། དོན་སོགས་ཚིག་ཉུང་ངུའི་སྒོ་ནས་ཤེར་དོན་འཕགས་སེང་གཉིས། རྒྱ་གར་དུ་བྱོན་ནས་གསལ་བར་གསུང་བ་བཞིན་དུ། གཞུང་འདིར་གསལ་བར་བཤད་པར་བྱ། ཞེས་རྩོམ་པར་དམ་བཅས་སོ། །ཡང་ན་འདིར་ཉུང་ངུའི་ཚིག་གིས་བཤད་ཅེས་སྦྱོར་ཚུལ་གཉིས་གོའོ། །སྣང་བ་གཉིས་ལྟ་བུ་ཚིག་ཚོགས་ རྒྱས་པས་ཉུང་ངུར་འཇོག་པ་མི་འཐད་ཅེས་ན་སྐྱོན་མེད་དེ། འབུམ་པ་དང་ཉི་ཁྲི་སོགས་ལ་བལྟས་ན་ཚིག་ཚོགས་ཆུང་བའི་ཕྱིར། བློ་གྲོས་གསལ་བ་རྣམས་ཀྱིས་དོན་བདུན་ཅུ་འདིའི་ཚིག་དོན་བློ་ལ་བྱང་བར་བྱས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རང་གི་མགུལ་བ་སྟེ། མགྲིན་པ་མཛེས་པའི་རྒྱན་དུ་བྱས་ཏེ། ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་པར་མཛད་ནས། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དུ་བྱས་ཏེ། རྒྱན་དྲུག་མཆོག་གཉིས་ཀྱི་རྗེས་སུ་འགྲོ་བ་སྟེ། རྗེས་སུ་ཞུགས་པར་མཛོད་ཅེས། སྣོད་ལྡན་ཉན་པར་བསྐུལ་བ་དང་། དེ་ཡུལ་གང་ལ་བཤད་པ་དང་། མི་བཤད་པའི་ཁྱད་པར་ཡང་བསྟན་ཏོ། །རྒྱན་དུ་འགྱུར་ཚུལ། རྒྱལ་བོ་དོན་ཡོད་འཆར་གྱིས། དྲི་མེད་དྲིས་ལན་རིན་ཆེན་ཕྲེང་བ་འདི། །གང་གི་མགུལ་ན་ལེགས་པར་ཡོད་གྱུར་པ། །དེ་ནི་སྐྱེས་བུ་མཁས་པ་འདུས་ནང་དུ། །མགུལ་གྱི་མུ་ཏིག་རྒྱན་བཞིན་མཛེས་པ་ཡིན། །ཞེས་དང་། མདོ་སྡེ་རྒྱན་སོགས་ལས་གསུངས་པ་ལྟར་རོ། ཁ་ཅིག་ལམ་ཤེས་ལ་མཚན་ཉིད་དུ་མ་ཡོད་ཟེར་ན། དེ་མི་འཐད་པའི་ཕྱིར་ཏེ། བསྡུས་གྲྭའི་མཐའ་དཔྱོད་སོགས་ལས། ཁྱོད་ལ་མཚན་ཉིད་དུ་མ་མེད་པར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ལམ་ཤེས་ལ་མཚན་ཉིད་དུ་མ་ཡོད་པར་ཐལ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཁྱེན་པ་གང་ཞིག བྱང་སེམས་འཕགས་པའི་བཞེད་དོན་སྒྲུབ་པའི་མངོན་རྟོགས་ཀྱི་རིགས་སུ་གནས་པ་དེ་ཡང་དེ་ཡིན། གཞུང་འདིར་གསུངས་པ་ལྟར་གྱི་མཚན་ཉིད་ཀྱང་ཡོད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་ལ་ཡང་མཚན་ཉིད་དུ་མ་ཡོད་པའི་ཕྱིར། དེར་ཐལ། སེམས་བསྐྱེད་སོགས་མཚོན་བྱེད་ཀྱི་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་པའི་ཡེ་ཤེས་དེ་དེ་ཡིན་པ་གང་ཞིག དོན་བདུན་ཅུ་འདིར་གསུངས་པ་ལྟར་གྱི་མཚན་ཉིད་ཀྱང་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། གོ་དོན་དང་གནད་གཅིག་ཏུ་མི་འབབ་པའི་མཚན་ཉིད་དུ་མ་ཡོད་པས་མཚན་ཉིད་དུ་མ་ཡོད་པར་འགྱུར་ཞིང་། ལྡོག་པ་ཐ་དད་པ་ཙམ་གྱི་མཚན་ཉིད་དུ་མ་ཡོད་པས་མཚན་ཉིད་དུ་མ་ཡོད་པར་མི་འགྱུར་པའི་ཕྱིར་ཏེ། དཔེར་ན་གཞན་དོན་སྐབས་ཀྱི་བསྒྲུབ་བྱ་ཡང་དག་ལ་རིགས་སྒོ་དང་། ཚད་མ་ཀུན་བཏུས་ལས་བཤད་པ་ལྟར་གྱི་མཚན་ཉིད་གཉིས་ཡོད་ཅིང་། མཚན་ཉིད་དུ་མ་ཡོད་པར་མི་འགྱུར་བ་བཞིན་ཡིན་པའི་ཕྱིར། འདིས་མཚོན་ནས་གཞི་ཤེས་དང་སེམས་བསྐྱེད་སོགས་གཞན་ལ་ཡང་མཚན་ཉིད་འཇོག་ཚུལ་དུ་མ་བྱས་ཆོག་པར་ཤེས་པར་བྱའོ། །དཔལ་ལྡན་བཀྲ་ཤིས་སྒོ་མང་། བཀྲ་ཤིས་འཁྱིལ་དགེ་བཤེས་གོང་མ་རྣམས་ལ་དངོས་བཏགས་ལེགས་ཕྱེ་ཕྱིར་ཞེས་པས་དངོས་པོ་བརྒྱད། དོན་བདུན་ཅུ་དངོས་གནས་པ་དང་བཏགས་པ་བ་གཉིས་བསྟན་ཅིང་། རྣམ་མཁྱེན་སྟོན་པའི་མདོ་ལྟ་བུ་རྣམ་མཁྱེན་བཏགས་པ་བར་འཇོག་པ་སོགས་ཡིན། ཞེས་གྲགས་པ་ལྟར་བྱས་ན་ཆོས་སྐུ་སྟོན་པའི་མདོ་ཆོས་ཅན། ཆོས་སྐུ་བཏགས་པ་བ་ཡིན་པར་ཐལ། འཇོག་ཚུལ་དེའི་ཕྱིར། འདོད་ན། ཕྱི་རོལ་བའི་རྒྱུད་ནའང་ཆོས་སྐུ་བཏགས་པ་བ་ཡོད་པར་ཐལ་ལོ། །འདོད་ཟེར་ན་མི་འཐད་དེ། ཉེ་རྒྱུ་དག་ས་གསུམ་ལ་དཀོན་མཆོག་གསུམ་རིམ་གྱིས་འགྲུབ་ཚུལ་ཐོགས་འགྲེལ་ལས་གསུངས་པའི་དོན་ཡོད་པའི་ཕྱིར་དང་། ཡང་གདམས་ངག་སྟོན་པའི་མདོ་ཆོས་ཅན། གདམས་ངག་བཏགས་པ་བ་མ་ཡིན་པར་ཐལ། གདམས་ངག་དངོས་གནས་པ་ཡིན་པའི་ཕྱིར་ཏེ། ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྗོད་བྱེད་རྣམ་དག་ཡིན་པའི་ཕྱིར་དང་། ཡང་ཐེག་ཆེན་སྒྲུབ་པའི་དམིགས་པ་སྟོན་པའི་མདོ་ཆོས་ཅན། དེའི་དམིགས་པ་བཏགས་པ་བ་ཡིན་པར་ཐལ། འདོད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་སྒྲུབ་པའི་དམིགས་པ་དངོས་གནས་པ་ཡིན་པའི་ཕྱིར་ཏེ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་དང་། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་དང་། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་དང་། བསྐལ་མང་གནས་ཀུན་བསླབ་ཅིང་འབྲས་དུས་ན། །ཇི་སྙེད་གཅིག་ཀྱང་མི་ཤེས་ལམ་རིམ་འཁྲུལ། །ཞེས་དང་། རིན་པོ་ཆེ་ཤར་ར་བས། སངས་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་ཅེས་གསུངས་པ་བཞིན་ཡིན་པའི་ཕྱིར། དེས་ན་འདིར་བསྟན་དངོས་བཏགས་གཉིས་སུ་ཕྱེ་བའི་བཏགས་པ་བ་ཡིན་ཞིང་། སྤྱིར་དེ་དང་དེ་བཏགས་པ་ཡིན་པའི་ངེས་པ་མེད་ཅེས་ཁས་བླངས་ཆོག་སྙམ་སྟེ། གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་བཤད་པ་ལྟ་བུ་ལ་བརྟེན་པར་སྣང་བའི་ཕྱིར། ཁ་ཅིག སངས་རྒྱས་སའི་གཞི་ཤེས་ཀྱི་ངོ་བོར་གྱུར་པའི་གཙོ་སེམས་ཆོས་ཅན། ཀུན་རྫོབ་སེམས་བསྐྱེད་ཡིན་པར་ཐལ། སངས་རྒྱས་སའི་དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར་ཏེ། དམ་པ་གསུམ་ཚང་བའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། དམ་པ་གསུམ་ཚང་བ་གང་ཞིག ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཡིན་པའི་ཕྱིར་ན། ཁ་ཅིག་མ་ཁྱབ་ཟེར། དམ་པ་གསུམ་ཚང་བར་ཐལ། ཁྱད་པར་གཞན་གཉིས་ཚང་བ་ལ་དོགས་པ་མེད་ཅིང་། ཁོང་དུ་ཆུད་པ་དམ་པ་དང་ལྡན་པའི་ཕྱིར་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་ཟེར་ན་ འདིར་མ་ཁྱབ་སྟེ། དེའི་ནང་ཚན་གྱི་ཁོང་དུ་ཆུད་པ་དམ་པ་ནི་སློབ་པའི་གནས་སྐབས་སུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཞིག་དགོས་པའི་ཕྱིར་ཏེ། ཕར་མཆན་ལས། བདག་གཞན་མཉམ་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་ཡེ་ཤེས་ལྟ་བུ་སེམས་བསྐྱེད་དང་ཟུར་འབྲེལ་དུ་སྒོམ་ཚུལ་གྱི་ཁྱད་ཞིག་ཡོད་དམ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཀུན་རྫོབ་སེམས་བསྐྱེད་མ་ཡིན་པར་ཐལ། ཐེག་དམན་རྟོགས་རིགས་ཡིན་པའི་ཕྱིར། ཁྱབ་སྟེ། ཕར་མཆན་ལས། ཐེག་དམན་རྟོགས་རིགས་སུ་གནས་པའི་སེམས་བསྐྱེད་སོགས་ཧ་ཅང་ཐལ་བས། ཞེས་གསུངས་པའི་ཕྱིར། མེ་ལྟ་བུའི་སེམས་བསྐྱེད་དྲོད་ཡན་ཆན་ཁོ་ན་ལ་འཇོག་ཟེར་ན། མི་འཐད་པར་ཐལ། ཚོགས་ལམ་ཆེན་པོ་ན་ཡོད་པའི་ཕྱིར་ཏེ། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་དེ་ན་ཡོད་པའི་ཕྱིར། ཁྱབ་སྟེ། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་མེ་ལྟ་བུའི་སེམས་བསྐྱེད་ཡིན་པ་འགྲེལ་བ་དོན་གསལ་སོགས་རྩ་འགྲེལ་དུ་མའི་དགོངས་པ་ཡིན་པའི་ཕྱིར། ཁྱབ་མཚམས་ཀྱི་རྟགས་གྲུབ་ཏེ། གསེར་ཕྲེང་ལས། རྒྱན་ལ་སྦྱོར་བ་དང་ལྡན་པ་ཟླ་བ་ལྟ་བུ་དང་། ལྷག་བསམ་དང་ལྡན་པ་མེ་ལྟ་བུར་གོ་ལྡོག་སྟེ་གསུང་བ་ནི། གཉིས་ཀ་ཚོགས་སྦྱོར་གཉིས་ཀར་འབྱུང་བ་ཤེས་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འགྲེལ་བ་ལས་དེའི་འོག་ཏུ་གཅིག་ནི་ས་དང་བོ་ལ་འཇུག་པའི་ལམ་གྱིས་བསྡུས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འདིར་བསྟན་གྱི་དབང་དུ་བྱས་པའི་ཕྱིར། འདིར་བསྟན་གསེར་ལྟ་བུའི་སེམས་བསྐྱེད་ཚོགས་ལམ་འབྲིང་ལ་སྦྱར་ཡང་ཚོགས་ལམ་ཐོབ་མ་ཐག་ནས་ཡོད་པ་བཞིན་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་རིགས་ངེས་ཤིན་ཏུ་དབང་རྣོན་གྱིས། གསེར་ལྟ་བུའི་སེམས་བསྐྱེད་དང་། ཐེག་ཆེན་སེམས་བསྐྱེད་བསྟན་པའི་ཚད་མངོན་དུ་བྱས་པ་གྲངས་མེད་དང་བོའི་ཚོགས་ཀྱི་མགོ་རྩོམ་པ་སྐབས་བཞི་བ་ནས་བཤད་པས་ཐར་བ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཐེག་བསྡུས་ལས་བཤད་པའི་ཁྱད་པར་བཞི་ལྡན་གྱི་སེམས་བསྐྱེད་ཐོབ་པ་དུས་མཉམ་པའི་ཕྱིར་ཏེ། ཤེས་བྱེད་གྲུབ་མཐའ་ཆེན་མོ་བསྟན་འགྱུར་དཀར་ཆགས་སྐབས་བཞི་བའི་བསྡུས་དོན་རྣམས་ཀྱིས་འགྲུབ་པའི་ཕྱིར། གསེར་ཕྲེང་ལས། རྒྱན་ལས་སྦྱོར་བ་དང་ལྡན་པ་ཟླ་བ་ལྟ་བུར་གསུང་བ་སོགས་ནི། མདོ་སྡེ་རྒྱན་ལས། གཞན་ནི་མེད་དང་འདྲར་ཤེས་བྱ། །ཞེས་མངོན་རྟོགས་རྒྱན་དང་གོ་རིམ་འདྲ་བར་གསུངས་པས། མདོ་སྡེ་རྒྱན་གྱི་འགྲེལ་བར་བྱ་དགོས་པ་འདྲའོ། ། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་དང་། མེ་ལྟ་བུའི་སེམས་བསྐྱེད་སྦྱོར་ལམ་ནས་འཇོག་ཅིང་། གསེར་ཕྲེང་དང་། མདོ་སྡེ་རྒྱན་གྱི་འགྲེལ་བ་ལས་ཚོགས་ལམ་ཆེན་པོ་ནས་འཇོག་པར་གསུངས་པ་ནི། མི་ཟད་པ་བརྒྱད་ཅུའི་ནང་གི་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ཚོགས་ལམ་ཆེན་པོ་ནས་འཇོག་པའི་དོན་ཡིན་ཞེས་བཤད་ཚུལ་ཡང་ཡོད་མོད། སྤྱིར་སྦྱོར་བ་དང་ལྡན་པ་དང་། མེ་ལྟ་བུའི་སེམས་བསྐྱེད་ཚོགས་ལམ་ཆེན་པོ་ནས་བཞག་ཆོག་སྙམ་སྟེ། མེ་དང་དཔེ་དོན་སྦྱོར་ཚུལ་ལ་བུད་ཤིང་གི་ཁྱད་པར་གྱིས་མེ་གོང་འཕེལ་དུ་འགྲོ་བ་ལྟར་སྦྱོར་བ་ཁྱད་པར་དུ་འགྲོ་བའི་སྒོ་ནས་བཤད་པ་དང་མེས་བུད་ཤིང་སྲེག་པ་བཞིན། སྦྱོར་བས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་སྲེག་ཚུལ་གྱིས་བཞག་པ་དང་གཉིས་ཡོད་ལ་ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏེང་ངེ་འཛིན་ཐོབ་པ་སོགས་སྦྱོར་བ་གོང་འཕེལ་དུ་འགྲོ་བའི་ཁྱད་པར་མེད་པའི་ཕྱིར་དང་། ཕར་ཕྱིན་མཐའ་དཔྱོད་ལས། འདིའི་སྦྱོར་བ་ལ་རྒྱལ་སྲས་ཀྱི་སྦྱོར་བའི་རིགས་ཐམས་ཅད་ཡོད་པར་གསུངས་པའི་ཕྱིར་དང་། སྟོང་ཉིད་རྟོགས་པའི་སྦྱོར་བ་ལ་བྱས་ནའང་ཚོགས་ལམ་ཆེན་པོ་ནས་སྟོང་ཉིད་རྟོགས་པའི་སྒོམ་བྱུང་ཐོབ་པས་ཐོས་བསམ་ལས་འདས་པའི་བདེན་འཛིན་ཀུན་བཏགས་མངོན་གྱུར་པ་ལ་གནོད་ཚབས་ཆེན་པོ་ཡོད་པའི་ཕྱིར་དང་། དབྱིག་འགྲེལ་དང་གསེར་འཕྲེང་ལས་ལྷག་བསམ་དང་ལྡན་པ་མེ་ལྟ་བུར་གསུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་དགོས་པའི་ཕྱིར་སྙམ། ཡང་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། ལས་དང་བོ་བའི་ས་ནས་ཡོད་པར་ཐལ། བདག་ཅག་གི་སྟོན་པ་ལྟ་བུའི་རྒྱུད་ལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་རྒྱུད་ལ་མ་སྐྱེས་ཞེས་བཤད་ཚུལ་ཡང་ཡོད། འོན་ཀྱང་ཚོགས་ལམ་ན་རྒྱལ་པོ་ལྟ་བའི་སེམས་བསྐྱེད་ཡོད་པར་ཐལ། རྒྱལ་པོ་དང་དཔེ་དོན་མཚུངས་པའི་སེམས་བསྐྱེད་ཡོད་པའི་ཕྱིར། ཁྱབ་སྟེ། ལྟ་བུ་ཞེས་པ་མཚུངས་པ་གསལ་བྱེད་ཀྱི་ཚིག་ཡིན་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། འགྲེལ་བ་ལས། དེའི་འོག་ཏུ་ལྔ་ནི་ཁྱད་པར་གྱི་ལམ་གྱིས་བསྡུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། འདིར་བསྟན་ལ་དགོངས་པའི་ཕྱིར། ཞེས་ཀྱང་ཁས་བླངས་བཏུབ་པོ། །གང་ལྟར་ཀྱང་རྒྱལ་པོ་ཆེན་པོས་དང་བོ་དགྲ་ཟླ་ཆམ་ལ་ཕབ་ནས། དགྲ་ལས་རྒྱལ་ནས་རྒྱལ་སྲིད་བཟུང་སྟེ་ཡུལ་འཁོར་སྐྱོང་བ་བཞིན་དུ། དང་བོ་རང་སྒྲིབ་གཉིས་ཀྱི་དགྲ་ལས་རྒྱལ་ནས་སྐུ་བཞིའི་རྒྱལ་སྲིད་ལ་དབང་འབྱོར་ཏེ། འགྲོ་བ་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་པ་གཉིས་མཚུངས་ཆོས་སྦྱར་ཚུལ་དང་རྒྱལ་པོ་ཆེན་པོས་འབངས་རྣམས་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་སྐྱང་བ་ལྟར། ཟིན་བྱེད་ཀྱི་གྲོགས་ཁྱད་པར་ཅན་། མང་བོས་ཟིན་པའི་མངོན་ཤེས་དྲུག་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཐོབ་པའི་བྱང་ཆུབ་སེམས་དཔའ་དེས་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་ཚུལ་ཁྱད་པར་བ་ཡོད་པ་གཉིས་དཔེ་དོན་སྦྱོར་ཚུལ་དང་གཉིས་ཡོད་པ་ནི་གནད་ཀྱི་དོན་ནོ། །ཁས་ལེན་དེ་དག་ལས་གང་བདེ་བ་བཟུང་ཆོག་སྟེ། དཔེར་ན། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། རྒྱུ་མཚན་ཤེས་ན་ཁས་ལེན་ཙམ་གང་བྱས་ཀྱང་དོན་མི་འཆུག་གོ། ཞེས་གསུངས་པ་དང་ཆ་འདྲ་བའི་ཕྱིར། འདིར་བསྟན་རྒྱལ་པོ་ལྟ་བུ་སོགས་ལྔ་ནི། ས་བཅུ་བའི་ཁྱད་པར་ལ་འཇོག་པར་རྒྱན་སྣང་དང་གསེར་ཕྲེང་ལས་གསུང་ཞིང་། ས་བཅུ་བའི་རྗེས་ཐོབ་ནས་འཇོག་པར། བསེ་ངག་དབང་བཀྲ་ཤིས་པའི་ཕར་ཕྱིན་ཟིན་བྲིས་ཞིག་ལས་གསུང་དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོགས་ཟིན་བྱེད་ཁྱད་པར་ཅན་གྱིས་ཟིན་པའི་མངོན་ཤེས་དྲུག་གི་སྒོ་ནས་གདུལ་བྱ་ཚར་གཅོད་རྗེས་འཛིན་གྱིས་སྨིན་ཚུལ་ཁྱད་པར་བ་ཞིག་ཡོད་པས་ཡིན་ལ། དེ་ཡང་གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་དང་འབྲས་བུ་རིན་ཆེན་སྦྱིན་པའི་སྦྱོར་བ་དང་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཞིང་ཁམས་ཀྱི་རྡུལ་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཡོད་ཅིང་། ས་འོག་མ་དགུའི་ཡོངས་སྦྱོང་གི་ཡོན་ཏན་གྱི་རིགས་ཡར་ལྡན་དུ་ཡོད་པས། ཡོངས་སྦྱོང་གི་གྲངས་མ་བཤད་ལ། གདུལ་བྱར་ཆོས་སྟོན་པ་སོགས་རྗེས་ཐོབ་ཀྱི་བྱ་བ་ཡིན་ཞིང་། སྤངས་རྟོགས་སངས་རྒྱས་དང་མི་མཉམ་ཡང་མཛད་པ་སངས་རྒྱས་དང་ཆ་འདྲ་བས། མདོ་སྔགས་གཉིས་ཀར་ས་བཅུ་བ་པ་ལ་སངས་རྒྱས་ཀྱི་སྒྲས་བསྟན་པ་ཡིན་ཏེ། རྒྱན་ལས། གང་གི་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་བ་ཡིན་པར་ཤེས་པར་བྱ། །ཞེས་དང་། སམྦུཊ་ལས། བསྐལ་བ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། འདིར་བསྟན་རྒྱལ་པོ་ལྟ་བུ་སོགས་ལྔ་ནི། ས་བཅུ་བའི་ཐོག་མའི་རྣམ་གྲོལ་ལམ་ལས་ལངས་མ་ཐག་པའི་རྗེས་ཐོབ་པའི་རྒྱུད་ལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་འཇོག་པ་ནས་རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་ཁ་མའི་རྒྱུད་ལ་བཀོད་མའི་ཆུ་ལྟ་བུ་འཇོག་པའི་བར་རིམ་ཅན་ཁོ་ནར་ཐོབ་པ་ཡིན་ཏེ། འདིར་བསྟན་སེམས་བསྐྱེད་ཉེར་གཉིས་ཀྱི་གོ་རིམ་ནི་རྒྱུ་འབྲས་དོན་རིམ་གྱི་དབང་དུ་བྱས་པར་རྒྱན་སྣང་ལྟར་གསེར་ཕྲེང་ལས་ཀྱང་གསུངས་པའི་ཕྱིར་དང་། ཐབས་ཀྱི་ཆ་གོང་འཕེལ་དུ་འགྲོ་བའི་ཆ་ནས་ལམ་བགྲོད་པའི་ཚུལ། ཤིང་རྟ་ཆེན་པོ་བཟང་པོའི་ཞབས་ཀྱིས་སེམས་བསྐྱེད་ཉེར་གཉིས་བཤད་པ་ལས་ཤེས་དགོས་ཚུལ་ལམ་རིམ་ཆེན་མོར་གསུངས་པའི་ཕྱིར་རོ།།རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་ཐལ། དོན་བདུན་ཅུའི་ཡིག་ཆར་དེ་ལྟར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱོད་པའི་རྟེན་གྱི་དབང་དུ་བྱས་པའི་སེམས་བསྐྱེད་ཀྱི་མཚན་ཉིད་ལ་དགོངས་པའི་ཕྱིར། རྟོག་གེ་སྣང་བར་སངས་རྒྱས་སར་སེམས་བསྐྱེད་མེད་པར་གསུངས་པ་ཡང་སྤྱོད་པའི་རྟེན་གྱི་དབང་དུ་བྱས་པའོ། །སེམས་བསྐྱེད་པ་ནི་གཞན་དོན་ ཕྱིར། །ཞེས་པའི་དངོས་བསྟན་ལ་དགོངས་པའི་ཕྱིར། དོན་བདུན་ཅུ་རིན་ཆེན་འཕྲེང་བར་སེམས་བསྐྱེད་ལམ་མ་ཞུགས་ན་ཡོད་པར་གསུང་བ་བུར་ཤུན་གྱི་རོ་ལྟ་བུའི་སེམས་བསྐྱེད་ལ་དགོངས་པ་ཡིན་སྙམ་མོ། །སངས་རྒྱས་སའི་སེམས་བསྐྱེད་ཆོས་ཅན། སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་ཟུར་གྱི་ཁྱད་པར་ཅན་གྱི་དོན་ཚང་བར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། འདོད་ན། ས་བོན་ལྟ་བུའི་དོན་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན་དེ་མི་འཐད་པར་ཐལ། ཤེས་རབ་ཀྱི་ཆ་ལ་མ་ལྟ་བུར་གསུངས་པའི་ཕྱིར་ནམ་ཁྱབ་སྟེ། ཐེག་ཆེན་གང་ཟག་ཁོ་ནའི་རྒྱུད་ན་ཡོད་པའི་ཕྱིར་ཟེར་ན། འོ་ན་ཐེག་ཆེན་གྱི་ལམ་ཡིན་ན། ཡབ་ཀྱི་ས་བོན་ལྟ་བུ་ཡིན་པས་ཁྱབ་པར་ཐལ་ལོ། །དཔེར་ན། ས་བོན་དང་སྡོམ་དང་། གཞུང་ཤིང་ལྟ་བུ་སོགས་ཅི་རིགས་པ་ལ་བྱེད་ཟེར་ན། སྡོམ་དང་གཞུང་ཤིང་ལྟ་བུ་ཡིན་ཚུལ་ཅི་འདྲ་ཡིན། མཐའ་དཔྱོད་ཀྱི་དགོངས་པར་སོན་མ་སོན་དཔྱད་པར་བྱའོ། །གདམས་ངག་ཡིན་ན། ངག་ཡིན་པས་ཁྱབ་པར་ཐལ། ངག་ཡིན་ན་རང་རྒྱུ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བས་མ་ཁྱབ་པའི་ཏེ། །བསྡུས་གྲྭའི་རྩོམ་འཕྲོ་ལས། རང་རྒྱུ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བར་ཐལ། ངག་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། རང་རྒྱུད་སྐྱེས་བུའི་ལྕེ་རྐན་ལས་བྱུང་བར་ཐལ། ངག་ཡིན་པའི་ཕྱིར། ཞེས་ཕར་ཕྱིན་མཐའ་དཔྱོད་ལས་གསུངས་པའི་ཕྱིར། ཡང་ཕར་ཕྱིན་མཐའ་དཔྱོད་ལས། ངག་བྱས་ཚད་ལུས་ངག་གི་ངག་ལ་བྱེད་མི་དགོས་པར་ཐལ། ཚིག་དུ་མ་འདུས་པ་ངག་ཡིན་པའི་ཕྱིར་གསུངས་པ་ལུང་སྔ་མའི་རྒྱབ་སྐྱོར་དུ་འགྲོའམ། ཡབ་སྲས་དགོངས་པ་གཅིག་ཏུ་འགྲོ་ཚུལ་ལ་དཔྱད་པར་བྱའོ། །ཡང་འདིར་བསྟན་གདམས་ངག་བཅུ་བོ་གང་རུང་ཡིན་ན་ངག་ཡིན་པས་ཁྱབ་པར་ཐལ། མཐའ་དཔྱོད་ལས་འདིར་བསྟན་གདམས་ངག་བཅུ་བོ་ངག་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར་ཟེར་ན། སྟོན་པའི་ཐུགས་རྒྱུད་ལ་ཤར་མ་ཐག་པའི་འདིར་བསྟན་གདམས་ངག་བཅུ་རང་རྒྱུ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བར་ཐལ་ལོ། །དེ་རང་ལྡོག་ཙམ་ལ་བྱེད་ཟེར་ན། མི་འཐད་པར་ཐལ། ཡུམ་རྒྱས་འབྲིང་བསྡུས་གསུམ་གང་རུང་ཡིན་ན་ངག་ཡིན་པས་ཁྱབ་པའི་ཕྱིར་ཏེ། མདོ་སྡུད་པ་ཡིན་ན། ངག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མདོ་སྡུད་པཡིན་ན་ངག་གིས་བརྩམས་པའི་བསྟན་བཅོས་ཡིན་པས་ཁྱབ་པའི་ཕྱིར་ཏེ་ཚད་མ་ཀུན་བཏུས་ཡིན་ན། རང་གིས་བརྩམས་པའི་བསྟན་བཅོས་ཡིན་པས་ཁྱབ་ཅིང་། ངག་གིས་བརྩམས་པའི་བསྟན་བཅོས་ཡིན་ན། ངག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་རྟགས་གྲུབ་སྟེ། རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ལས། དང་བོ་གྲུབ་སྟེ། ངག་གིས་བརྩམས་པའི་བསྟན་བཅོས་ཡིན་པའི་ཕྱིར་ཏེ། ཚད་མ་ཀུན་བཏུས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་ངག་ཏུ་ཐོན་པའི་བསྟན་བཅོས་ཡིན་ན། རང་རྒྱུ་ལྕེ་རྐན་ལས་བྱུང་བས་ཁྱབ་ཅིང་། ངག་ཡིན་ན་རང་རྒྱུ་སྐྱེས་བུའི་ལྕེ་རྐན་ལས་བྱུང་བས་མ་ཁྱབ་པར་ཐལ། སློབ་དཔོན་ཕྱོགས་གླང་གི་ཐུགས་རྒྱུད་ལ་ཤར་མ་ཐག་པའི་ཚད་མ་ཀུན་བཏུས་གཞི་གྲུབ་པའི་ཕྱིར་དང་། སློབ་པ་མཉམ་བཞག་པ་ལྟ་བུའི་ངག་ཡོད་པའི་ཕྱིར་དང་། རླུང་གི་རང་གདངས་ལ་ཡང་ངག་འཇོག་དགོས་པའི་ཕྱིར་ཞེ་ན། འདི་དག་ལ་ཞིབ་ཆ་ཆུ་ཐུབ་ཅིག་དགོས་པར་སྣང་བས་རྣམ་དཔྱོད་ཅན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། །ཁ་ཅིག་ཐེག་དམན་རྟོགས་རིགས་སུ་གནས་པའི་ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་དྲུག་གིས་ཁྱད་པར་འཕགས་པ་མིན་ཟེར་ན། དེ་ཆོས་ཅན། ཐེག་དམན་སྦྱོར་ལམ་ལས་ཁྱད་པར་དྲུག་གིས་ཁྱད་པར་འཕགས་པ་ཡིན་པར་ཐལ། རང་ལྡོག་སྒོས་ཁྱད་པར་འཕགས་པ་མིན་ཅིང་། གྲོགས་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་ཁྱད་པར་འཕགས་པའི་ཕྱིར། དེ་གཞི་ཤེས་ཀྱི་ཁྱད་མཚན་བཞིན་ཡིན་པའི་ཕྱིར། ཡང་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་ཆོས་ཅན། ཐེག་དམན་ལས་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་སྒོ་ནས་ཁྱད་པར་དུ་འཕགས་པ་མ་ཡིན་པར་ཐལ། བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་པར་ཐལ། ཐེག་ཆེན་སྤྱོར་ལམ་སྐད་ཅིག་རེ་རེའི་ཡུན་ལ་གཞན་དོན་དུ་བསྐལ་ཆེན་མང་བོར་གནས་དགོས་ཤིང་བྱང་སེམས་རང་གི་དོན་ནས་སྐྱོ་ངལ་གྱི་འདུ་ཤེས་མེད་པ་དང་རིགས་པའི་སྒོ་ནས་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་སྒོ་ནས་ཁྱད་པར་འཕགས་ཚུལ་གཅིག་ཡོད་ལ། དེ་སྐད་ཅིག་རེ་རེའང་ཐེག་ཆེན་སྦྱོར་ལམ་གྱི་ཡ་གྱལ་དང་། དེ་དང་ཚོགས་པ་གཅིག་ཡིན་པའི་སྒོ་ནས་ཀྱང་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་སྒོ་ནས་ཁྱད་པར་འཕགས་པར་བཞག་ཆོག་པའི་ཕྱིར། དེས་ན་ཐེག་ཆེན་སྦྱོར་ལམ་ཡིན་ན། ཐེག་དམན་སྦྱོར་ལམ་ལས་ཁྱད་པར་དྲུག་གིས་ཁྱད་པར་དུ་འཕགས་པས་ཁྱབ་པོ། །དབང་བརྟུལ་གྱི་རྒྱུད་ཀྱི་ཐེག་ཆེན་སྦྱོར་ལམ་ཐ་མའི་ཡེ་ཤེས་ཆོས་ཅན། ཆོས་མཆོག་ཆུང་ངུ་ཡིན་པར་ཐལ། དབང་བརྟུལ་གྱི་སྦྱོར་ལམ་ཆོས་མཆོག་ཡིན་པའི་ཕྱིར། འདོད་ན་མི་ཡིན་པར་ཐལ། ཆོས་མཆོག་ཆེན་པོ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་ཆོས་མཆོག་ཡིན་པའི་ཕྱིར། ཁྱབ་པ་སྔ་ཕྱི་གཉིས་ཀ་གྲུབ་སྟེ། འགྲེལ་བ་དོན་གསལ་དང་། ཐེག་གསུམ་མཛེས་རྒྱན་གཉིས་ཀར། སྦྱོར་ལམ་ཆུང་འབྲིང་ཆེ་གསུམ་འཇོག་ཚུལ་ལ། དབང་བོ་རྣོ་འབྲིང་བརྟུལ་གསུམ་དང་། ཐོག་མཐའ་བར་གསུམ་ལ་སྦྱོར་བ་གཉིས་འདམ་ང་ཅན་དུ་གསུངས་པའི་ཕྱིར། ཞེ་ན་ཆེ་ཆུང་གཉིས་ཀ་ཡིན་ཟེར་ཚུལ་ཅུང་མེད་པས་ཞིབ་ཆ་ཞིག་དགོས་སོ། །ཡང་རྒྱས་འགྱུར་གྱི་རིགས་དེ་རིགས་ཡིན་པར་ཐལ། དེ་རིགས་ཡིན་པར་བསེ་ངག་དབང་བཀྲ་ཤིས་པའི་ཕར་ཕྱིན་ཟིན་བྲིས་ལས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རིགས་ལ་གཉིས་སུ་དབྱེ་བ་སྒྲས་བརྗོད་རིགས་ཀྱི་དབྱེ་བ་ཡིན་པར་དོན་བདུན་ཅུའི་མཐའ་དཔྱོད་ལས་གསུངས་པའི་ཕྱིར། དེས་ན་རྒྱས་འགྱུར་གྱི་རིགས་རིགས་རྗེས་མཐུན་པར་བྱས་ན་མཐའ་དཔྱོད་དང་མཐུན་ནོ། །རང་བཞིན་གནས་རིགས་ཡིན་ན་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པས་ཁྱབ་པ་དང་། སངས་རྒྱ་རུང་གི་ཐོས་སོགས་ཀྱིས་གསོས་བཏབ་པའི་དངོས་པོ་ཡིན་ན་རྒྱས་འགྱུར་གྱི་རིགས་ཡིན་པས་ཁྱབ་སྟེ། རྒྱུད་བླ་མ་ལས། དང་བོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡི་ནི་ཕྱི་མ་གཉིས། །ཞེས་གསུངས་པའི་ཕྱིར། ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་ན་རང་བཞིན་གནས་རིགས་ཡིན་པས་ཁྱབ་ཟེར་ན། སངས་རྒྱ་རུང་གི་གང་ཟག་གི་བདག་མེད་ཕྲ་མོ་དང་ཆོས་ཀྱི་བདག་མེད་རགས་པ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར།འདོད་མི་ནུས་ཏེ་ཆོས་དབྱིངས་མ་ཡིན་པའི་ཕྱིར། རིགས་ཀྱི་རྩོད་སྤོང་གི་ལན་བྱེད་ཚུལ་འཕགས་སེང་གཉིས་ཀས་རྩ་བའི་ཚིག་ཟིན་ལྟར་བརྟེན་པ་སྒྲུབ་པ་ཐ་དད་པས་ཐེག་པ་གསུམ་གྱི་རིགས་ཐ་དད་པར་བཞག་པ་ཡིན་གྱི། ཆོས་ཉིད་རང་གི་ངོ་བོའི་སྒོ་ནས་ཐ་དད་དབྱེར་མེད་ཅེས་གསུངས་པས། དངོས་པོའི་གནས་ཚུལ་ལམ་ཐལ་འགྱུར་བའི་ལུགས་ལ་རྒྱན་དང་འཕགས་སེང་གི་དགོངས་པ་མཐར་ཐུག་ཐལ་འགྱུར་པའི་ལུགས་སུ་གནས་པར་སྟོང་ཐུན་དང་ཞང་ཞུང་ཆོས་དབང་གྲགས་པས་གསུངས་ལ། ཕར་ཕྱིན་རང་ལུགས་ལ་འཕགས་སེང་གི་དགོངས་པ་ཐལ་འགྱུར་བའི་ལུགས་སུ་གནས་ཞེས་ཁས་ལེན་མི་རུང་སྟེ། འཕགས་སེང་སོགས་རང་རྒྱུད་པ་ཡིན་པའི་ཕྱིར་ཏེ། གྲུབ་མཐའ་རྩ་བ་ལས་སྟོན་སོགས་ཕལ་ཆེར་རང་སྡེར་འདྲེན་གུས་མང་། །ཞེས་གསུངས་པའི་ཕྱིར་དང་། ཕར་ཕྱིན་མཐའ་དཔྱོད་ཀྱི་དགོངས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག ཤེས་རབ་དང་སྙིང་བརྩེ་སོ་སོར་བྱས་ཏེ་སྤོང་གཉེན་གྱི་སྒྲིབ་པ་གཉིས་གཅིག་ཁོ་ནར་བགྲང་ནས་བརྟེན་སྒྲུབ་པ་བཅུ་གསུམ་དུ་བྱེད་པར། དེ་མི་འཐད་པར་ཐལ། གསེར་ཕྲེང་ལས་ཤེས་རབ་སྙིང་རྗེ་གཉིས་སོ་སོར་བགྲང་ནས་བཅུ་གསུམ་དུ་བྱེད་པ་ནི་དོན་མིན་པས་ཉི་སྣང་དང་ལེའུ་བརྒྱད་མ་ལྟར་སྤོང་གཉེན་སོ་སོར་བགྲང་ནས་བཅུ་གསུམ་དུ་བྱེད་དོ་ཞེས་དང་། དོན་བདུན་ཅུའི་མཐའ་དཔྱོད་ལས་སྤོང་གཉེན་གཉིས་སོ་སོར་དང་། ཤེས་རབ་སྙིང་བརྩེའི་སྒྲུབ་པའི་བརྟེན་རང་བཞིན་གནས་རིགས་གཅིག་བྱས་ནས་གསུངས་པའི་ཕྱིར། ཡང་ཁ་ཅིག ཤེས་རབ་སྙིང་བརྩེ་གཅིག་བྱས་ནས་གསུངས་པའི་ཕྱིར། ཡང་ཁ་ཅིག ཤེས་རབ་སྙིང་བརྩེ་གཅིག་བྱས་ནས་སྤོང་གཉེན་སོ་སོར་བགྲང་བ་སོ་སོར་འཐད་ཟེར་ན། དེ་མི་རིགས་པར་ཐལ། སྤོང་གཉེན་གཅིག་བྱས་ནས། ཤེས་རབ་སྙིང་བརྩེ་སོ་སོར་བགྲང་པའི་ཕྱིར་ཏེ། རྣམ་བཤད་ལས་གཉེན་པོ་སྐྱེས་པ་ལ་མངོན་དུ་ཕྱོགས་པ་དང་། སྤང་བྱའི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དང་། སྤང་བྱའི་ས་བོན་འགགས་པ་ལ་མངོན་དུ་ཕྱོགས་པའི་ཚུལ་གྱི་སྤང་བ་དང་། ཞེས་དང་། ཕར་ཕྱིན་མཐའ་དཔྱོད་ལས། སྤོང་གཉེན་གཉིས་གཅིག་ཏུ་དང་ཞེས་དང། ཤེས་རབ་ཀྱི་སྒྲུབ་པ་དང་སྙིང་བརྩེ་བའི་སྒྲུབ་པ་ཞེས་གསུངས་པའི་ཕྱེར་ཞེ་ན། གཅིག་ཤོས་ཁས་བླངས་པས། གཅིག་ཤོས་ཁས་མི་ལེན་པ་མིན་ནོ། །དེས་ན་སྤོང་གཉེན་གྱི་སྒྲུབ་པ་གཅིག་ཏུ་བགྲང་བ་ནི། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུས་མཐོང་སྤང་བདེན་འཛིན་གྱི་སྤོང་གཉེན་ནམ་དངོས་གཉེན་བྱེད་པ་ལས། ཟུར་དུ་གཉེན་པོ་བྱེད་ཚུལ་གཞན་མེད་པས་སྤོང་གཉེན་གཅིག་ཏུ་བགྲང་ལ་བར་ཆད་མེད་ལམ་དེས་བདེན་འཛིན་ལྷན་སྐྱེས་ཀྱི་སྤོང་གཉེན་མི་བྱེད་ཅིང་བར་ཆད་མེད་ལམ་དེ་ནི་བྱེད་པ་མ་ཉམས་བར་དུ་བདེན་འཛིན་ལྷན་སྐྱེས་མངོན་དུ་འགྱུར་མི་ཐུབ་པས་དེ་དང་ལྷན་གཅིག་མི་གནས་འགལ་གྱི་དངོས་འགལ་དང་དེ་ལ་གནོད་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཏེ་རྣམ་འགྲེལ་ལས། གནོད་བྱ་གནོད་བྱེད་དངོས་པོའི་ཕྱེར། ། ཞེས་སོགས་གསུངས་པའི་ཕྱིར། དཔེར་ན་བདེན་འཛིན་ལྷན་སྐྱེས་ཀྱི་སྤོང་གཉེན་སྐྱེས་ཀྱི་སྤོང་གཉེན་མི་བྱེད་པས་སྤོང་གཉེན་གྱི་སྒྲུབ་པ་སོ་སོར་བགྲང་བ་ཡིན་བྱས་ན་ཕར་ཕྱིན་མཐའ་དཔྱོད་ཀྱི་དགོངས་པར་འགྲོའོ། །ཤེས་རབ་སྙིང་བརྩེ་ཟུང་དུ་འབྲེལ་བས་སྲིད་ཞིའི་མཐའ་འགོག་དགོས་པས་དེ་གཉིས་གཅིག་ཏུ་དང་རང་སྟོབས་སམ་རང་ལྡོག་སྒོས་ཤེས་རབ་ཀྱིས་སྲིད་མཐའ་དང་སྙིང་རྗེས་ཞི་མཐའ་འགོག་དགོས་པས་དེ་གཉིས་སོ་སོར་བགྲང་བ་ཡིན་བྱས་ན་སྐབས་གསུམ་པ་དང་འབྱོར་སྙམ། འོན་ཀྱང་དཔྱད་གཞི་ཆེ་སྟེ། འདིའི་སྤོང་གཉེན་གྱི་སྒྲིབ་གཉིས་སོ་སོར་བགྲང་མི་རིགས་པའི་ཕྱིར་ཏེ། འདིའི་སྤོང་གཉེན་གྱི་སྒྲིབ་པ་སྟོན་པའི་གཞུང་འདིས། མཐོང་སྒོམ་གྱི་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་ཚུལ་བསྟན་པ་ཡིན་གྱི་རྣམ་གྲོལ་ལམ་གྱི་སྤང་བྱ་སྤོང་ཚུལ་ལ་སྦྱར་མི་རིགས་པའི་ཕྱིར་ཏེ། རྣམ་བཤད་ལས། འདིས་ནི་ལམ་གཉིས་ཀའི་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་ཚུལ་བསྟན་པ་ཡིན་གྱི་ཞེས་དང་། དེས་ན་གཞུང་འདི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཀའི་སྤང་བྱ་སྤོང་ཚུལ་ལ་འཆད་པ་དོན་དུ་མ་མཐོང་ངོ་ཞེས་དང་། རྐུན་པོ་ཕྱུང་བ་དང་། སྒོ་འཕར་བཅད་པ་དུས་མི་མཉམ་པར་བསམ་ནས་འདིས་དགོངས་པ་འཆད་པ་སྐད་བྱེད་པ་ཡང་མི་རིགས་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། རྣམ་བཤད་དང་ཕར་ཕྱིར་མཐའ་དཔྱོད་དང་། དོན་བདུན་ཅུ་གསུམ་གར། སྤང་བྱ་དེ་དག་ཡོངས་སུ་གཏུགས་པའི་རྣམ་གྲོལ་ལམ་དང་། ཞེས། རྣམ་གྲོལ་ལམ་སྒྲུབ་པ་ཕྱི་མ་ལ་སྦྱར་བའི་ཕྱིར། དེ་ལྟར་འདོད་དོ་ཟེར་ན། དེ་ཡང་མི་འཐད་པར་ཐལ། འདིའི་གཉེན་པོ་བར་ཆད་མེད་ལམ་དང་། སྤོང་བའི་སྒྲུབ་པ་རྣམ་གྲོལ་ལམ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། གཉེན་པོ་བར་ཆད་མེད་ལམ་ནི་ཞེས་དང་། སྤོང་བ་རྣམ་གྲོལ་ལམ་ནི་ཞེས་གསུངས་པའི་ཕྱིར་དང་། ཡང་གསེར་ཕྲེང་ལས། སྒྲུབ་པ་ཕྱི་མ་ལ། སྤང་བྱ་དེ་དག་ཡོངས་སུ་གཏུགས་པ་སྟེ་སྤང་བྱ་ཞེས་བཤད་ནས་དེ་གཉིས་ཀྱི་ཁྱད་པར་ནི་སྔ་མས་བག་ཆགས་ཀྱིས་མཚམས་སྦྱར་དང་། ཕྱི་མས་སྤོང་གཉེན་ལ་བླང་དོར་དུ་ཞེན་པའི་ཤེས་སྒྲིབ་རྣམ་རྟོག་སྤངས་པ་ཡིན་པར་གསུངས་ཀྱི་ལམ་རང་གི་ངོ་བོ་ལ་ཁྱད་པར་ཡོད་པར་མ་གསུང་པའི་ཕྱིར་དང་། རྐུན་པོ་ཕྱུང་བ་དང་། སྒོ་འཕར་བཅད་པ་དུས་མི་མཉམ་པས། སྒོ་འཕར་བཅད་པ་རྣམ་གྲོལ་ལམ་གྱི་སྤང་བྱ་སྤོང་བའི་དཔེར་གསུངས་པའི་ཕྱིར་ཞེ་ན་རྣམ་བཤད་གསེར་ཕྲེང་གི་དཀའ་ས་ཡིན་པར་མཐའ་དཔྱོད་ལས་གསུངས་པས། ལས་སླ་བོ་མིན་ཞིང་། སྤོང་གཉེན་གྱི་སྤོང་བའི་སྒྲིབ་པ་རྣམ་གྲོལ་ལམ་ཁོ་ནར་མི་འཐད་ཅིང་། རྐུན་པོ་ཕྱུང་བ་དང་། སྒོ་འཕར་བཅད་པ་རུས་རགས་པ་མཉམ་པས། གཉེན་པོ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་པའི་དཔེར་བྱས་ཆོག་པ་དང་སྤང་བྱ་དེ་དག་ཡོངས་སུ་གཏུགས་པའི་སྒྲིབ་པ་རྣམ་གྲོལ་ལམ་ཡིན་པ་རྣམ་བཤད་ཀྱི་དགོངས་པ་ཡིན་ཞིང་། སྤང་གཉེན་གྱི་སྤོང་བ་ལ་རྣམ་གྲོལ་ལམ་ཡོད་ཆོག་པ་དང་ཞིབ་པའི་རྣམ་གཞག་བྱས་ན་རྐུན་པོ་ཕྱུང་བ་དང་། སྒོ་འཕར་བཅད་པ་སྔ་ཕྱིར་འབྱུང་བས། སྒོ་འཕར་བཅད་པ་རྣམ་གྲོལ་ལམ་གྱི་སྤང་བྱ་སྤོང་བའི་དཔེར་བྱེད་པ་དང་། སྒྲུབ་པ་བརྒྱད་དགུ་གཉིས་སྤང་བྱ་མི་འདྲ་བས་འབྱེད་པ་ནི་གསེར་ཕྲེང་གི་དགོངས་པ་ཡིན་པས། རྣམ་བཤད་གསེར་འཕྲེང་དགོངས་པ་གཅིག་ཏུ་འགྲོ་བྱས་ན་ལེགས་པར་གོའོ། །བག་ཆགས་ཀྱིས་མཚམས་སྦྱོར་བ་སྤངས་ཚུལ་ནི། བག་ཆགས་གྱིས་སླར་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་བ་སྤངས་པ་ལ་བྱེད་པ། འཕགས་པས་འཆི་དང་ངན་པ་དང་། རྒ་བའི་སྡུག་བསྔལ་རྩད་ནས་ སྤངས་གསུངས་པ་དང་། འདྲའམ་སྙམ་ཞིང་། ཕྱི་མ་ནི་རང་རང་གི་ངོས་སྐལ་གྱི་སྤང་བྱ་སྤངས་ཚུལ་ཡིན་ནོ། །མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་མཁྱེན་གསུམ་ཡུལ་དུ་བྱེད་པ་དང་། ཕྱིན་དྲུག་གི་ཉམས་ལེན་གྱི་ཆ་ནས་སོ་སོར་བཤད་པ་ཙམ་ལས། ངོ་བོ་གཅིག་ཡིན་ཞིང་། དེ་ལ་བཞིར་བྱེད་ཚུལ་དཔེར་ན། དང་བོར་གོ་ཆ་གྱོན། དེ་ནས་ལམ་དུ་ཞུགས། དེ་ནས་གནས་གཅིག་ཏུ་དཔུང་བསགས་ཏེ། ཐབས་མཁས་ཀྱི་སྒོ་ནས་འཐབ་ན་གཡུལ་ལས་ངེས་པར་རྒྱལ་བ་ཞིག་འབྱུང་བ་བཞིན། དང་བོར་སེར་སྣ་དང་ཚུལ་འཆལ་ཁོང་ཁྲོ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་ཆེད་དུ། ཕྱིན་དྲུག་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་བླངས་ཏེ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་གོ་གྱོན། བསམ་གཏན་གཟུགས་མེད་སོགས་འཇུག་བྱའི་ཐེག་པ་དགུ་ལ་འཇུག་པའམ་ཉམས་སུ་ལེན་པ་ལ་ཞུགས་ཏེ་ཡང་ཡང་གོམས་ན་སྙིང་བརྩེ་སོགས་ཚོགས་གཉིས་ཀྱི་དཔུང་ཚོགས་རྒྱ་ཆེན་པོ་བསགས་པ་འབྱུང་ཞིང་། དེ་ལས་སྒྲིབ་པ་ལས་ངེས་པར་རྒྱལ་བའི་དག་སའི་ཡེ་ཤེས་འབྱུང་ཞིང་དེ་ལ་སླར་ཡང་འབད་པར་གྱུར་ན་སྒྲིབ་གཉིས་ཀྱི་དགྲ་ལས་ངེས་པར་ཏེ་གདོན་མི་ཟ་བར་རྒྱལ་བའི་སྐུ་བཞིའི་རྒྱལ་སྲིད་ལ་དབང་བསྒྱུར་ཡིན་ནོ། །མཚོན་ཚུལ་གཉིས་གསེར་ཕྲེང་དང་འགྲེལ། འགྲེལ་བའི་ཟིན་བྲིས་སུ་གསལ་ཞིང་ཆོས་བཅུས་ཐེག་ཆེན་གྱི་ལམ་འབྲས་ཐམས་ཅད་བསྡུས་ཚུལ། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །ཞེས་པའི་ཆོས་སྤྱོད་བཅུ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ལ་བྱེད་རྣམ་བཤད་ལས་གསུངས་པའི་སྐབས་སོགས་ལས་ཤེས་པར་བྱའོ། །
ཆོས་བཅུ་གཅིག་གིས་ལམ་ཤེས་མཚོན་ཚུལ་ནི། རྣམ་བཤད་ལས་ཡུལ་གྱི་སྒོ་ནས་དང་། འབྲས་བུའི་སྒོ་ནས་མཚོན་པ་ཅི་རིགས་སུ་སྟོན་ཞེས་གསུང་། འོན་ཀྱང་ཡན་ལག་གིས་རྒྱུད་དང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སོགས་བརྒྱད་ཀྱི་ངོ་བོའི་སྒོ་ནས་དང་། སྒོམ་ལམ་གྱི་བྱེད་པ་དང་བསྟོད་བཀུར་བསྔགས་གསུམ་གྱིས་འབྲས་བུའི་སྒོ་ནས་མཚོན་ནམ་སྙམ་མོ། །ལམ་ཤེས་ཀྱི་ཡན་ལག་སངས་རྒྱས་ཀྱི་ས་ན་ཡོད་པར་ཐལ། དོན་བདུན་ཅུའི་མཐའ་དཔྱོད་ལས་འདིར་བསྟན་རྒྱུན་མཐའི་བར་དང་སྤྱིར་སངས་རྒྱས་ཀྱི་ས་ན་ཡོད་པར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རང་གཞན་ཅི་རིགས་ཀྱི་རྒྱུད་ཀྱི་ལམ་ཤེས་རྫོགས་བྱེད་ལ་ལམ་ཤེས་ཀྱི་ཡན་ལག་ཏུ་འཇོག་པའི་དབང་དུ་བྱས་ནས་དེ་ལྟར་གསུངས་པ་ཡིན་གྱི་འདོད་མི་ནུས་ཏེ། སྐབས་གཉིས་པའི་མཐའ་དཔྱོད་ལས། སངས་རྒྱས་ཀྱི་ས་ན་ལམ་ཤེས་ཀྱི་ཡན་ལག་ཡོད་པར་ཐལ། ཡན་ལག་ཅན་གྱི་ལམ་ཤེས་ཡོད་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པའི་ཕྱིར་དང་། རིགས་པས་ཀྱང་འགྲུབ་སྟེ། གཞན་དུ་ན་ཁྱི་རྒན་རྒྱ་བོས་རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་ན། རྙེད་བཀུར་ཐོབ་པར་འདོད་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ་བ་དང་། གཞན་རྒྱུད་ཀྱི་ཐར་བ་ཐོབ་བྱེད་ཡིན་ན་ཐར་བ་ཐོབ་བྱེད་ཡིན་པས་ཁྱད་པར་ཐལ་བ་དང་། གཞན་འཁོར་བ་ཕྲ་རགས་ཀྱི་ཕ་རོལ་ཏུ་ཕྱིན་བྱེད་ཀྱི་མཁྱེན་པ་ཡིན་ན། བྱེད་སྒྲུབ་ཀྱིས་བསྟན་པའི་ཕར་ཕྱིན་ཡིན་པས་ཁྱབ་པར་ཐལ་བ་སོགས་མཐའ་ཡས་སོ། །ཡན་ལག་དང་བོ་དང་། གསུམ་པ་ལམ་མ་ཞུགས་ནས་དང་། གཉིས་པ་ཐེག་ཆེན་ཚོགས་ལམ་ཐོབ་མ་ཐག་ནས་དང་བཞི་བ་ལམ་ཤེས་ཐོབ་མ་ཐག་ནས་དང་། ལྔ་བ་ལམ་ཤེས་ཀྱི་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་དུ་ཡོད་དེ། རྣམ་བཤད་ལས། ང་རྒྱལ་སེལ་བ་དང་ནས་ལམ་ཤེས་ཀྱི་རྒྱུ་དང་ངོ་བོ་དང་འབྲས་བུ་རྣམས་བསྟན་ཏོ། །ཞེས་དང་ལམ་ཤེས་ཀྱི་རང་བཞིན་ཡིན་པས་ཞེས་གསུང་ཞིང་རྣམ་བཤད་གསེར་འཕྲེང་གཉིས་ཀར་དེ་ལྟ་བུའི་རང་བཞིན་ཅན་གྱི་ལམ་ཤེས་ཀྱི་བྱེད་ལས། ཞེས་གསུངས་པའི་ཕྱིར། གསུམ་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་དེ། འགྲེལ་བ་དོན་གསལ་ལས། འདོད་ཆགས་དང་བྲལ་བ་ནས་ཁྱབ་པ་ཡིན་ནོ། །ཞེས་དང་། རྣམ་བཤད་ལས། རིགས་ཀྱིས་ཁྱབ་པ་ཡིན་ཏེ། སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་པ་ཉིད་སྒོམ་པར་བྱ་བ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་ང་རྒྱལ་མངོན་གྱུར་དང་བྲལ་བ་གསུངས་པ་ནི་མཚོན་ཙམ་ཡིན་ཏེ། ཧ་ཅང་ཞུམ་པ་ཡང་གེགས་སུ་འགྱུར་བ། རྒྱལ་པོ་ཟས་གཙང་རེ་འགའ་ཁོ་བོའི་བུ་འདི་བཟང་སྙམ་ནས་ང་རྒྱལ་དང་རེ་འགའ་བུ་ལ་བསྙེན་བཀུར་ཆུང་སྙམ་དུ་སེམས་ཞུམ་པས་བདེན་པ་མངོན་སུམ་དུ་མཐོང་བ་ལ་རིང་དུ་ཐོགས་པར་མངོན་འབྱུང་གི་མདོ་ལས་གསུངས་པའི་ཕྱིར། བཀའ་གདམས་གོང་མ་ཚོས་ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་བོ་མི་ཆགས་པ་གསུངས་ཤིང་། བསྟན་བཅོས་རྩོམ་པའི་ཐོག་མར་ཁེངས་བསྐྱུངས་བྱས་པ་ལྟར། ང་རྒྱལ་ནི་ཡོན་ཏན་གོང་མ་སྐྱེས་པའི་གེགས་ཆེ་ཤོས་ཡིན་པས་གཙོ་བོར་སྨོས་པ་ཡིན་གྱི་ཆགས་སོགས་ཉོན་མོངས་གང་ཤས་ཆེ་བ་ལ་འབུར་འཇོམས་གཏོང་དགོས་པ་ཡིན་ཏེ། ཞི་གནས་སྒྲུབ་པའི་ཐོག་མར་འདོད་ཆགས་ཤས་ཆེ་བའི་གཉེན་པོ་མི་སྡུག་པ་སོགས་སྒོམ་པར་གསུངས་པ་བཞིན་ཡིན་པའི་ཕྱིར་དང་། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། ཞེས་དང་། འདིའི་ཐད་ཀྱི་གསེར་ཕྲེང་ལས་གསུངས་པའི་ཕྱིར་དང་། འདིར་བསྟན་སྒོམ་ལམ་གྱི་བྱེད་པས་སངས་རྒྱས་སར་ཡོད་པར་ཐལ། འདིར་བསྟན་བྱེད་པ་ལྔ་བ་མཐར་ཐུག་གི་བྱེད་པར་གསེར་ཕྲེང་ལས་གསུངས་པའི་ཕྱིར་དང་། རྩ་བར་བྱང་ཆུབ་དང་ནི་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ་མཐར་ཐུག་འགྲུབ་བྱེད་ཀྱི་བྱེད་ལས་སྒོམ་ལམ་རང་སྟེང་དུ་ཡོད་པ་མཐར་ཐུག་གི་བྱེད་པ་ཞེས་ཚིག་སྡུད་བྱས་པའམ་མཐར་ཐུག་ལ་ལྟོས་པའི་བྱེད་པ་ལ་མཐར་ཐུག་གི་བྱེད་པ་ཞེས་བཤད་པ་ཡིན་པའི་ཕྱིར་ཏེ། འགྲེལ་བ་ལས་བྱང་ཆུབ་སྒྲུབ་པ་དང་ཞེས་གསུངས་པའི་ཕྱིར་དང་། དོན་བདུན་ཅུའི་མཐའ་དཔྱོད་ལས་ས་མཚམས་ས་དང་པོ་ནས་ས་བཅུ་བའི་བར་དུ་ཡོད་ཅེས་དང་། རྣམ་བཤད་ལས། རྒྱུ་མཐུན་གྱི་འབྲས་བུ་ལྔ་བ་ཞེས་གསུངས་པའི་ཕྱིར་ཏེ། རྣམ་བཤད་ལས། སྐྱེས་བུ་བྱེད་འབྲས་དང་བོ་བཞི་དང་། རྒྱུ་མཐུན་གྱི་འབྲས་བུ་ལྔ་བ་དང་། བདག་པོའི་འབྲས་བུ་དྲུག་པ་རྣམས་ཡོད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེ་ཡང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུར་གསུངས་པ་ཡིན་ནམ་སྙམ། ཡང་འདིར་བསྟན་སྒོམ་ལམ་གྱི་བྱེད་པ་སྒོམ་ལམ་པའི་རྒྱུད་ཀྱི་བསྡུས་པ་མ་ཡིན་པར་ཐལ། སྒོམ་ལམ་པ་ལས་གཞན་གྱི་རྒྱུད་ན་ཡོད་པའི་ཕྱིར་ཏེ། གསེར་འཕྲེང་ལས། ལྔ་རང་རྒྱུད་དུ་གཏོགས་པ་དང་། དྲུག་པ་གཞན་རྒྱུད་དུ་གཏོགས་པར་གསུངས་པའི་ཕྱིར་དང་། རྣམ་བཤད་ལས་དྲུག་པ་བདག་འབྲས་སུ་གསུངས་པའི་དོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་སྒོམ་ལམ་པ་བཞུགས་པའི་གནས་དེ་གཞན་གྱི་མཆོད་ཡུལ་དུ་གྱུར་པའི་བྱེད་པ་ལ། གཞན་རྒྱུད་དུ་གཏོགས་པའི་བྱེད་པའམ་གཞན་ལ་ལྟོས་པའི་བྱེད་པ་ཞེས་གསུངས་ཤིང་། སྤྱིར་བྱེད་འབྲས་དང་བདག་འབྲས་མི་འགལ་མོད། འདིར་དེ་བཞུགས་པའི་ཞིང་དེ་བདག་འབྲས་ཡིན་ཞིང་བདག་འབྲས་དེ་ལ་ལྟོས་པའི་བྱེད་པ་ལ། བདག་འབྲས་ཀྱི་བྱེད་པ་ཞེས་གསུངས་པ་ཡིན་པའི་ཕྱིར། ནང་དུ་ང་རྒྱལ་སོགས་ཞི་བས་ཕྱི་རོལ་དུ་སྐྱེ་བོ་གཞན་ལ་འདུད་པ་དང་། ནང་དུ་ཆགས་སོགས་ཞི་བས་ཕྱི་རོལ་གྱི་དུག་མཚོན་སོགས་གྱིས་མི་གནོད་པ་དང་། ནང་དུ་གཞན་དོན་དུ་རྫོགས་བྱེད་སྒྲུབ་པའི་ཤེར་ཕྱིན་ཉམས་སུ་བླངས་པས་ཕྱིར་དུག་ཞུགས་གནས་ཀྱང་གཞན་གྱི་མཆོད་རྟེན་དུ་འགྱུར་བ་ཡིན་ནོ། དེ་ཡང་ཕྱག་མཆོད་སོགས་ཀྱི་ཡུལ་དུ་གྱུར་པ་ལ་མཆོད་རྟེན་ཞེས་གསུངས་ཀྱི་ཐུགས་ཀྱི་རྟེན་མཆོད་རྟེན་དུ་གྱུར་པར་གསུངས་པ་མིན་ནོ། །སྤྱོད་འཇུག་ལས། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་དང་བོར་མོས་པ་སྒོམ་ལམ་བསྟན་ཅིང་། དེ་ཡང་འགྲེལ་བ་ལས་གསེར་གྱི་འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ་ཞེས་གསུངས་པ་ལྟར་རོ། །དེ་རྗེས་བསྔོ་བ་སྒོམ་ལམ་གསུངས་པ་ནི་མགར་བས་གསེར་གྱི་གར་བུ་དེ་རྒྱན་སྣ་ཚོགས་སུ་བསྒྱུར་བ་བཞིན། བསྔོ་བས་དགེ་རྩ་རྫོགས་བྱང་གི་ཡན་ལག་ཏུ་བསྒྱུར་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་རྗེས་རྗེས་སུ་ཡི་རང་གསུངས་པ་ནི། དེ་ལྟར་བསྔོས་པའི་དགེ་བ་དེར་ཡི་རང་གིས་སྤེལ་དགོས་པས་ཡིན་ནོ། །འདིར་བསྔོ་བ་སྔོན་དང་། མདོ་སྡུད་པར་ཡི་རང་སྔོན་དུ་གསུངས་པ་ནི། བསྔོས་པའི་དགེ་རྩ་ཡི་རང་གིས་སྲེལ་བ་དང་། ཡི་རང་གི་དགེ་རྩ་བསྔོ་བས་ཁ་བསྒྱུར་དགོས་པ་ཕན་ཚུན་མཚོན་ནོ། །གཙང་ཆུང་ཆོས་གྲགས་སོགས་ཀྱིས་བསྔོ་བ་དང་སྨོན་ལམ་དོན་གཅིག་ཏུ་འདོད་ཅིང་། བསྔོ་བ་ལ་སྨོན་ལམ་གྱིས་ཁྱབ་ཅིང་། སྨོན་ལམ་ལ་བསྔོ་བས་མ་ཁྱབ་སྟེ། བསྔོ་བ་ལ་བསྔོ་བྱའི་རྫས་ཀྱི་ཁྱད་པར་དུ་བྱས་པ་དགོས་ལ་སྨོན་ལམ་ལ་དེ་མི་དགོས་པར་དར་ཊིཀ་ལས་གསུངས་པའི་ཕྱིར་དང་། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང་། ཞེས་དགེ་བ་ལ་རྟག་ཏུ་འཇུག་པ་ཐོབ་པ་སྨོན་ལམ་གྱི་ལག་རྗེས་དང་། དགེ་བ་མི་ཟད་པར་བྱེད་པ་བསྔོ་བའི་ལག་རྗེས་སུ་གསུངས་པའི་ཕྱིར་དང་། ཡང་སྨོན་ལམ་ལ་འདུན་པས་ཁྱབ་པར་ཐལ། འགྲེལ་བ་ལས། སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྨོན་ལམ་ལ་སེམས་པས་ཁྱབ་པའི་ཕྱིར་ཏེ། མདོ་སྡེའི་རྒྱན་ལས་བརྟན་པ་རྣམས་ཀྱི་སྨོན་ལམ་ནི་སེམས་པ་འདུན་དང་བཅས་པ་སྟེ། ཞེས་དང་། གསེར་ཕྲེང་ལས། གྲོགས་འདུན་པ་དང་བཅས་པའི་སེམས་པ་ལ་སྨོན་ལམ་དུ་གསུངས་པས། ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། སྨོན་ལམ་ལ་འདུན་པ་དང་སེམས་པ་གཉིས་ཀ་ཡོད་པའི་དོན་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་སེམས་པ་དང་མི་ཟད་པར་འདོད་པའི་འདུན་པ་ཅི་རིགས་པ་སྟེ་ཞེས་གསུངས་པའི་ཕྱིར། ཡང་སྨོན་ལམ་ལ་འདུན་པས་ཁྱད་པར་བྱས་པའི་ཕྱིར་ཏེ། སྤྱོད་འཇུག་དར་ཊིཀ་ལས་འདུན་པས་ཁྱད་པར་དུ་བྱས་པ་སྨོན་ལམ་དང་རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུད་འགྱུར་འདུན་པའི་ཁྱད་པར་དུ་བྱས་པ་བསྔོ་བའོ། །ཞེས་དང་། འགྲེལ་ཆུང་སྔར་དྲངས་པ་དེའི་ཕྱིར་ན་མ་ཁྱབ་སྟེ་གཙོ་བོའམ་ཡོད་པའི་དོན་ཡིན་གྱི་ཁྱབ་པའི་དོན་མ་ཡིན་པའི་ཕྱིར་ཏེ། སྔར་གསེར་ཕྲེང་དྲངས་པ་དེའི་ཕྱིར། ཡང་སྨོན་ལམ་ལ་ཤེས་རབ་ཀྱང་ཡོད་པར་ཐལ། གསེར་ཕྲེང་ལས། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱང་དགོས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བསྔོ་བ་སྒོམ་ལམ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་ཞེས་པའི་དོན་ནོ། །ཞེས་བཤད་ན་དགོངས་པར་སོན་ནམ་སྙམ་མོ། །འདིར་བསྟན་ཕན་ཡོན་བསྟོད་བཀུར་བསྔགས། །
སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང་། གཞན་གྱི་རྣམ་དག་ཕྱོགས་རེ་བ་ཡིན་ཚུལ། ས་དགུ་བ་ལ་ནི་ཞེས་སོགས་ཀྱིས་བསྟན་ཅིང་འདིས་ས་དགུ་ཟག་མེད་ས་དགུ་དང་། ཁམས་གསུམ་ས་དགུ་ལ་བཤད་ཚུལ་གཉིས་ཡོད་ཅིང་ཁམས་གསུམ་ས་དགུ་ལ་བྱེད་པ། སློབ་དཔོན་གྱི་འགྲེལ་བ་ཆེ་ཆུང་གཉིས་ཀྱི་དགོངས་པ་ཡིན་ཞིང་། ཁམས་གསུམ་ས་དགུ་བོ་དེ་སྤང་བྱའི་རྟེན་དུ་བྱེད་པ་ནི་འགྲེལ་ཆུང་ལས་འདོད་པའི་ཁམས་དང་། ཞེས་སོགས་དང་རྣམ་བཤད་ལས་ འགྲེལ་བ་འདིའི་ཚིག་ཟིན་ལྟར་ན་ས་དགུ་སྤང་བྱའི་རྟེན་དུ་མཛད་པར་གསལ་ལོ། །ཞེས་པའི་དགོངས་པ་ཡིན་ལ་ས་དགུ་བོ་དེ་ལམ་གྱི་སེམས་རྟེན་དུ་བྱེད་པ་ནི། རྒྱན་སྣང་ལས། འདོད་པའི་ཁམས་ལ་སོགས་པ་ས་དགུ་བོའི་སྒོམ་པའི་ལམ་བཟུང་བར་བྱའོ། །ཞེས་དང་། །རྣམ་བཤད་ལས་འགྲེལ་ཆེན་དུ་ས་དགུ་ཁམས་གསུམ་ས་དགུ་ལ་བྱས་ནས་དེ་ལམ་གྱི་སེམས་རྟེན་དུ་སྟོན་པའི་རང་ལུགས་དང་། ཞེས་དང་། གསེར་ཕྲེང་ལས། འདིར་ནི་ས་དགུ་བོ་དེ་སྤང་བྱ་སྤོང་བའི་རྟེན་ལ་བཤད་ན་འགྲིག་གོ །དེ་ཡང་སྒོམ་ལམ་གྱི་སེམས་རྟེན་ཡིན་ལ་ཞེས་གསུངས་པའི་དགོངས་པའོ། །
གསུམ་རང་དོན་དང་གཉིས་དོན་གཞན་དོན་མོས་པ་སྐོར་དགུ་གསུམ་ལ་རིམ་བཞིན་སྦྱར་ཏེ་སྔ་མ་སྔ་མ་ལས་ཁྱད་ཞུགས་པར་དགའ་བར་བྱེད་ཅིང་རྟོགས་པའི་ཆ་ལ་བྱེད་པར་གསུང་ལ། སྤྱིར་བསྟོད་བཀུར་བསྔགས་གསུམ་ལ་སྒྲ་དང་རྟོགས་པའི་ཆ་གཉིས་ཡོད་དེ་གསེར་ཕྲེང་ལས་ཞེས་པ་ལྟར་གཉིས་ཀའོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་བསྟོད་བཀུར་བསྔགས་གསུམ་སངས་རྒྱས་ས་ན་ཡོད་པར་ཐལ། བྱང་སེམས་སྒོམ་ལམ་པ་ལས་སངས་རྒྱས་རྣམས་ཐུགས་དགྱེས་པའི་ཆ། སངས་རྒྱས་ཀྱི་སར་ཡོད་པའི་ཕྱིར། དེ་འདྲའི་ཐུགས་དགྱེས་པ་དེར་ཡོད་པའི་ཕྱིར་ཏེ། བྱང་སེམས་སྒོམ་ལམ་པ་ལ་སངས་རྒྱས་རྣམས་ཐུགས་དགའ་བ་དེར་ཡོད་པའི་ཕྱིར་ཏེ། གདུལ་བྱ་ལ་སངས་རྒྱས་ཐུགས་དགྱེས་པ་སངས་རྒྱས་སར་ཡོད་པའི་ཕྱིར་ཏེ། མེ་ཏོག་སོགས་ཕུལ་བ་ལ་སངས་རྒྱས་ཐུགས་མཉེས་པ་སངས་རྒྱས་སར་ཡོད་པའི་ཕྱིར་ཏེ། མཆོད་པ་སངས་རྒྱས་སར་ཡོད་པའི་ཕྱིར། ཁྱབ་སྟེ། བུ་ཛཱ་ཞེས་པ་མཉེས་པ་ལ་འཇུག་པའི་ཕྱིར། ཡང་དེར་ཐལ། སེམས་ཅན་ལ་སངས་རྒྱས་རྣམས་ཐུགས་བརྩེ་བ་སངས་རྒྱས་སར་ཡོད་པའི་ཕྱིར་ཏེ། སངས་རྒྱས་ལ་གྲངས་ཅན་པ་རྣམས་མ་དད་པ་གྲངས་ཅན་གྱི་རྒྱུད་ན་ཡོད་པའི་ཕྱིར་ཏེ། གཟུགས་བདེན་གྲུབ་ཏུ་དངོས་སྨྲས་སྒྲོ་བཏགས་པ། དངོས་སྨྲ་བའི་རྒྱུད་ན་ཡོད་པའི་ཕྱིར་ཏེ། གཟུགས་བདེན་གྲུབ་ཏུ་བདེན་འཛིན་གྱིས་སྒྲོ་བཏགས་པ་བདེན་འཛིན་གྱི་སྟེང་ན་ཡོད་པའི་ཕྱིར་ཏེ། བདེན་འཛིན་གྱིས་གཟུགས་བདེན་གྲུབ་ཏུ་སྒྲོ་བཏགས་པ། བདེན་འཛིན་གྱི་སྟེང་ན་ཡོད་པའི་ཕྱིར་ན་ཁྱབ་མེད་ཀྱི་ལན་བཏབ་སྟེ་ཞིབ་ཆ་བྱས་ན་ཆོག་མིན་དང་རིགས་འདྲ་གཞན་ལ་ཡང་སྦྱར་ཏེ་དཔྱད་ཤེས་པར་བྱའོ། །སྒོམ་སྤང་སྐོར་དགུའི་དངོས་གཉེན་ལ་འདོད་སེམས་མེད་པར་ཐལ། ལམ་རིམ་ཆེན་མོ་ལས། ས་མཐོན་པོའི་གནས་སྐབས་སུ་འདོད་སེམས་ཞེས་སོགས་གསུངས་པའི་ཕྱིར་དང་། བསམ་གཟུགས་ལེགས་བཤད་མཛོད་ཀྱི་སྒོ་འབྱེད་ལས། ས་དྲུག་པ་ཡན་ཆད་ཀྱི་འདོད་སེམས་ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སླ་བའི་རིམ་པའམ་འབད་རྩོལ་ཆེར་མ་བྱས་པར་འདོད་སེམས་ལ་བརྟེན་ཐུབ་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར། འབད་ན་སྒོམ་ལམ་གྱི་ཐོག་མ་ནས་འདོད་སེམས་ལ་བརྟེན་པ་ཡོད་པའི་ཕྱིར་ཏེ། བསམ་གཟུགས་ཆེན་མོ་ལས། དེ་ལྟར་བསྒོམ་པའི་སྒོམ་སྤང་ཆེན་མོའི་དངོས་གཉེན་བར་ཆད་མེད་ལམ་གྱི་སེམས་རྟེན་ཞིག་ཡོད་དེ། ཞེས་སོགས་གསུངས་པའི་ཕྱིར་དང་། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་རྩ་འགྲེལ་གྱི་དགོངས་པ་དྲི་མ་མེད་པའོ། །ཆོས་དགུས་གཞི་ཤེས་མཚོན་ཚུལ་ཡོད་དེ། ཟིན་བྱེད་ཀྱི་གྲོགས་དང་། རྒྱུ་དང་། བསྒོམ་ཚུལ་དང་། གསར་ཐོབ་ཀྱི་དུས་མཚམས་དང་། ངོ་བོའི་སྒོ་ནས་མཚོན་པ་སྟེ། གཉིས་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་བ་དང་། ལྷག་མ་ལྔ་གྲངས་བཞིན་ནོ། །ཀུན་རྫོབ་ལ་ལྟོས་པའི་སྲིད་ཞི་དང་། དོན་དམ་ལ་ལྟོས་པའི་མཐའ་གཉིས་འགོག་བྱེད་གསུམ་རིམ་པ་བཞིན། མི་རྟག་སོགས་རྟོགས་པའི་ལམ་དང་། སྙིང་རྗེ་ཆེན་པོ་དང་། སྟོང་ཉིད་རྟོགས་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། ཐེག་ཆེན་གྱི་ལམ་ཡིན་ན། སྲིད་ཞིའི་མཐའ་འགོག་བྱེད་ཡིན་པས་ཁྱབ་པར་སྐབས་གཉིས་པའི་མཐའ་དཔྱོད་ལས་གསུངས་པའི་ཕྱིར། དེར་མ་ཟད་ཐེག་དམན་གྱི་ལམ་ཡིན་ན། ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཡིན་པས་ཁྱབ་པའི་ཕྱིར། དེས་ན་སྤྱིར་ཉན་རང་རྣམས་འཁོར་མཐར་ལྟུང་བ་མ་ཡིན་ཏེ། དེ་དག་གི་རྒྱུད་ཀྱི་ཤེས་རབ་ཀྱིས་འཁོར་བའི་ཉེས་དམིགས་མཐོང་བས། སྲིད་པར་ཡུན་རིང་དུ་གནས་འཆའ་བར་མི་བྱེད་པའི་ཕྱིར། རྟགས་ཁྱབ་དབུ་མ་སྙིང་པོ་རྩ་འགྲེལ་དང་། ལམ་རིམ་ཆེན་མོ་དང་། ཕར་ཕྱིན་ལམ་བསྒྲིགས་སོགས་ཀྱིས་འགྲུབ་བོ། །དེས་ན་སྐབས་གསུམ་པ་འདིར། ལམ་གསུམ་གྱིས་རང་སྟོབས་ཀྱིས་ལག་རྗེས་གཙོ་བོར་འཇོག་པའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་བྱང་སེམས་ཀྱི་ལམ་ཡིན་ན་ཟིན་བྱེད་གྲོགས་སྟོབས་ཀྱི་སྒོ་ནས་སྲིད་ཞིའི་མཐའ་འགོག་བྱེད་ཡིན་པས་ཁྱབ་པར་རང་རེའི་ཡིག་ཆའི་ཡོངས་འཛིན་གྱི་སྐབས་སོགས་ཀྱིས་འགྲུབ་པའི་ཕྱིར། འཁོར་མཐའ་དང་། འདིར་བསྟན་འཁོར་མཐའ་གཉིས་ལ་མུ་གསུམ་ཡོད་དེ། ལས་ཉོན་གྱིས་ཉིང་མཚམས་སྦྱར་ནས་རྒྱུན་རིང་བོར་ཞུགས་པའི་འཁོར་བ་མ་ཡིན་པའི་ཟག་བཅས་ཉེར་ལེན་གྱི་ཕུང་བོ་ལྟ་བུ་འཁོར་མཐའ་ཡིན་ལ་འདིར་བསྟན་འཁོར་མཐའ་མ་ཡིན་པར་འཇོག་ལ། གཉིས་ཀ་ཡིན་པ་དང་། གཉིས་ཀ་གང་ཡང་མ་ཡིན་པ་གཉིས་འཇོག་སླའོ། །འདིར་བསྟན་འཁོར་མཐའ་ཡིན་ལ། འཁོར་མཐའ་མ་ཡིན་པའི་མུ་ཡོད་དམ་མེད། མེད་ཟེར་ན་དེ་ཡོད་པར་ཐལ། འཁོར་བ་ཟད་པ་དེ་ཡིན་པའི་ཕྱིར་ཏེ། ཡིག་ཆར། འཁོར་བ་ཟད་པ་མཐའ་དང་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མཐའ་ཞེས་གསུངས་པ་ལས་འཁོར་བ་མཐའ་ཞེས་མ་གསུངས་པའི་ཕྱིར་ཟེར་ན། དེ་ཡང་མི་འཐད་པར་ཐལ། འཁོར་བའི་མཇུག་གི་མཐའ་ཆ་སྲིད་པའི་མཐའ་དང་། དེ་ལ་བླངས་བྱའི་གཙོ་བོར་ཞེན་པ་འཁོར་མཐར་ལྟུང་བའི་ཚད་དུ་གསུངས་པའི་ཕྱིར། འདོད་ཟེར་ན་དེ་ཆོས་ཅན། འདིར་བསྟན་འཁོར་མཐའ་མ་ཡིན་པར་ཐལ། འདིར་བསྟན་ཞི་མཐའ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། འདིར་བསྟན་རྟག་མཐའ་ཡིན་པར་ཐལ། འདིར་བསྟན་འཁོར་མཐའ་ཡིན་པའི་ཕྱིར། འདོད་ཟེར་ན། མི་འཐད་པར་ཐལ། ལས་ཉོན་གྱིས་ཉིང་མཚམས་སྦྱར་ནས་རྒྱུན་རི་ང་བོར་ཞུགས་པའི་འཁོར་བ་མ་ཡིན་པའི་ཕྱིར་ཏེ། མྱང་འདས་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྟག་མཐར་བཤད་པ་ནི་གཙོ་ཆེ་བ་ལ་དགོངས་ལ། མྱང་འདས་ཀྱང་བཞག་པ་མཐའི་སྒྲ་འཇུག་ཚུལ་གྱི་དབང་གིས་ཡིན་ཏེ། འདིར་བསྟན་མཐའི་སྒྲ་འཇུག་ཚུལ་གསུམ་གསུངས་པ་ལས་ཟད་པ་དང་འཇུག་ཆ་འཁོར་མཐའ་ལ་སྦྱར་ནས་གསུངས་པའི་ཕྱིར། དཔེར་ན་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་སྐབས་སུ་མཐའ་དང་ལྡན་པར་ལྟ་བ་རྒྱང་ཕན་པ་དང་གྲངས་ཅན་ལ་སྦྱར་ཚུལ་གཉིས་གསུངས་པ་བཞིན་ཡིན་པའི་ཕྱིར་བྱས་ན་ཡིན་ཆའི་དགོངས་པར་ཨེ་འགྲོ། ཡང་ན། མཐའི་སྒྲ་འཇུག་ཚུལ་དེ་གཉིས་ཀྱི་དབང་དུ་བྱས་པའི་འདིར་བསྟན་འཁོར་མཐའ་ཡིན་ཅིང་སྤྱིར་འདིར་བསྟན་འཁོར་མཐའ་མིན་ཞེས་ཞིབ་ཆ་འབྱེད་པའམ། དེ་མིན་ལས་ཉོན་འཁོར་བ་ཙམ་ཟད་པ་དང་དེའི་འཇུག་ཆ་སྲིད་མཐར་གསུངས་པའི་ལུང་དོན་འབྱོར་བོ་ཞིག་འཇོག་དཀའ་བས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ། །འཁོར་མཐར་ལྟུང་བའི་གང་ཟག་དང་འདིར་བསྟན་འཁོར་མཐར་ལྟུང་བའི་གང་ཟག་གཉིས་ལ་མུ་གསུམ་ཡོད་དེ། གང་ཡང་མ་ཡིན་པའི་མུ་སླ། གཅིག་ཤོས་ཡིན་ལ་གཅིག་ཤོས་མ་ཡིན་པའི་མུ་གཉིས་ལ་རིམ་བཞིན་སྐྱེས་བུ་ཆུང་ངུའམ་ཆུང་ངུའི་ཆུང་ངུ་དང་། རྒྱུན་ཞུགས་ལྟ་བུ་བཞག་ཆོག་གོ །མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཆོས་ཅན། སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། སྐབས་གསུམ་པའི་སྐབས་སུ་གཙོ་བོར་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། ཡིག་ཆར་མི་མཐུན་ཕྱོགས་ཀྱི་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་ཞེས་གསུངས་པའི་ཕྱིར། ལས་ཉོན་ཀྱིས་ཉིང་མཚམས་སྦྱར་མ་ཐག་པའི་རྒྱུད་ན་འདིར་བསྟན་འཁོར་མཐའ་ཡོད་ཟེར་ན་དེ་འདྲའི་འདིར་བསྟན་འཁོར་མཐའ་ཆོས་ཅན་ལས་ཉོན་ཀྱིས་ཉིང་མཚམས་སྦྱར་ནས་རྒྱུན་རིང་བོར་ཞུགས་པའི་འཁོར་བ་ཡིན་པར་ཐལ། འདིར་བསྟན་འཁོར་མཐའ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། གསར་དུ་ཉིང་མཚམས་སྦྱར་མ་ཐག་པ་ཡིན་པའི་ཕྱིར་མ་ཁྱབ་ན། རྒྱུན་རིང་བོར་ཞུགས་པའི་དོན་འཇོག་རྒྱུ་ཡོད་པའི་ཕྱིར། མ་འོངས་པ་ན་ཡུན་རིང་བོར་འཇུག་པའི་དོན་ཡིན་གྱི་ཞུགས་ཟིན་པའི་དོན་མ་ཡིན་པའི་ཕྱིར་ཟེར་ན་འདོར་ཁ་མའི་དེ་འདྲའི་ཉེར་ལེན་གྱི་ཕུང་བོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྒྱུན་རིང་བོར་འཇུག་པའི་དོན་ཅི་ཡིན་དཔྱད་པར་བྱའོ། །རིགས་པ་དེས་དམ་བཅའ་ཕྱི་མ་གཉིས་འགོག་སླའོ། །ཞེས་པའི་དང་བོ་འགོག་ཚུལ་ནི། ཉན་ཐོས་ཚོགས་ལམ་ཆོས་ཅན། ཆད་པའི་མྱང་འདས་རྒྱུད་ལྡན་ཡིན་པར་ཐལ། ཀུན་རྫོབ་ལ་ལྟོས་པའི་ཞི་མཐར་ལྟུང་བའི་ཕྱི་མ་གཉིས་ཀྱི་གང་ཟག་ཡིན་པའི་ཕྱིར་ཞེས་འགོག་གོ ཕྱི་མ་འགོག་ཚུལ་ནི། མི་རྟག་པ་མ་རྟོགས་ཤིང་ངེས་འབྱུང་གི་བསམ་པ་རྒྱུད་ལ་མི་སྐྱེས་པའི་རང་དོན་དུ་ཆད་པའི་མྱང་འདས་ཐོབ་འདོད་ཀྱི་བློ་རྒྱུད་ལ་སྐྱེས་པའི་གང་ཟག་ཆོས་ཅན། དོན་དམ་ལ་ལྟོས་པའི་ཞི་མཐར་ལྟུང་བའི་གང་ཟག་ཡིན་པར་ཐལ། དེ་ལ་བླང་བྱའི་གཙོ་བོར་བདེན་པར་འཛིན་པའི་གང་ཟག་ཡིན་པའི་ཕྱིར་ཏེ་རང་དོན་དུ་ཐོབ་བྱར་བདེན་པར་ཞེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ངེས་འབྱུང་གི་བསམ་པ་རྒྱུད་ལྡན་གྱི་གང་ཟག་མ་ཡིན་པའི་ཕྱིར་ཞེས་འགོག་རིག་གམ་སྙམ་མོ། །ཡང་ན་སྟོང་ཉིད་རྟོགས་པའི་ཉན་ཐོས་མཐོང་ལམ་ཆོས་ཅན། དོན་དམ་ལ་ལྟོས་པའི་ཞི་མཐར་ལྟུང་བའི་གང་ཟག་ཡིན་པར་ཐལ། ཆད་པའི་མྱང་འདས་ལ་བླང་བྱའི་གཙོ་བོར་ཞེན་པའི་བདེན་འཛིན་རྒྱུད་ལྡན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཐའ་དཔྱོད་དང་འགལ་བའི་ཕྱིར། རྟགས་གྲུབ་སྟེ། བདེན་འཛིན་རྒྱུད་ལྡན་གང་ཞིག ཆད་པའི་མྱང་འདས་ལ་བླང་བྱའི་གཙོ་བོར་ཞེན་པའི་གང་ཟག་ཡིན་པའི་ཕྱིར་ཞེས་བཀག་ཀྱང་ཆོག་གོ །སྐབས་འདིར་སྤང་གཉེན་ཚན་པ་གསུམ་བསྟན་ཚུལ་ནི། གཟུགས་སོགས་ཕུང་བོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་ཞེས་པས་གཞི་ལམ་དང་ལྟ་སྒོམ་ལ་ལྟོས་པའི་སྤང་བྱ་བསྟན་པ་ཡིན་ཏེ། བདེན་པར་ཞེན་པའི་སྒོ་ནས་གཟུགས་སོགས་གང་ཟག་གི་བདག་མེད་དུ་དང་། དུས་གསུམ་དུས་སུ་རྟོགས་པའི་ཐེག་དམན་གཞི་ཤེས་གཉིས་ནི་གཞི་དང་ལྟ་བ་ལ་ལྟོས་པའི་སྤང་བྱ་དང་། བདེན་ཞེན་གྱི་སྒོ་ནས་སྦྱིན་སོགས་ལ་འཇུག་པའི་ཐེག་དམན་གཞི་ཤེས་ནི་སྒོམ་པ་ལ་ལྟོས་པའི་སྤང་བྱ་ཡིན་ཏེ། གསེར་ཕྲེང་ལས་དང་བོའི་སྤང་བྱ་ནི་སྔར་བཤད་པ་དེ་ཡིན་ལ་ཞེས་གསུངས། སྦྱིན་ལ་སོགས་ལ་ངར་འཛིན་མེད། །དེ་ནི་ཆགས་པའི་མཐའ་འགོག་པས། །ཞེས་པས་ལས་ལ་ལྟོས་པའི་གཉེན་པོ་ཚིག་གིས་མ་ཟིན་ཀྱང་། སྒོམ་པ་ལ་ལྟོས་པའི་སྤང་བྱའི་གཉེན་པོ་དངོས་སུ་གསུངས་པའི་ཤུགས་ལ་བསྟན། གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །ཞེས་པས་སྦྱོར་བ་ལ་ལྟོས་པའི་གཉེན་པོ་དངོས་སུ་བསྟན་ཅིང་། དེའི་སྤང་བྱ་ཤུགས་ལ་བསྟན་པ་ཡིན་ཏེ། །གསེར་ཕྲེང་ལས། རྐང་བ་དང་བོ་འདིས་སྤང་བྱ་དང་བོ་གཉིས་ཀྱི་གཉེན་པོ་མ་ཟིན་ཅིང་ཤུགས་ལ་བསྟན་པའོ། །ཞེས་དང་། རྐང་བ་ཕྱི་མ་གཉིས་ཀྱིས་གཉེན་པོ་གསུངས་པའི་ཤུགས་ལ་བསྟན་ཏེ་ཞེས་དང་། རྐང་བ་གསུམ་པ་དང་བོའི་མཐར་ཡང་སྦྱོར་རོ། །ཞེས་གསུངས་པའི་ཕྱིར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་འབྲས་བུ་ལ་ལྟོས་པའི་སྤང་བྱ་དངོས་སུ་བསྟན་ཅིང་། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་པས་འབྲས་བུ་ལ་ལྟོས་པའི་གཉེན་པོ་དངོས་སུ་བསྟན་པ་ཡིན་ནོ། །གཞི་གཟུགས་སོགས་བདེན་པར་ཞེན་པའི་སྒོ་ནས་གང་ཟག་གི་བདག་མེད་དུ་རྟོགས་པའི་ཐེག་དམན་གཞི་ཤེས་ཆོས་ཅན། འདིར་བསྟན་གཞི་ལ་ལྟོས་པའི་སྤང་བྱ་མ་ཡིན་པར་ཐལ། ལམ་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར། འདོད་ན། གསེར་ཕྲེང་དང་འགལ། མ་གྲུབ་ན། དེ་ཆོས་ཅན། ལམ་ལ་ལྟོས་པའི་སྤང་བྱར་ཐལ། བསླབ་པ་གསུམ་པོ་གང་རུང་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར་ཏེ། ལྟ་སྒོམ་སྤྱོད་གསུམ་གང་རུང་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར་ཏེ། ལྟ་བ་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར། རྟགས་གསེར་ཕྲེང་གིས་གྲུབ། གོང་དུ་མ་ཁྱབ་ཟེར་ན། དེ་འདྲའི་གཞི་ཤེས་ཆོས་ཅན། གཞི་ལམ་འབྲས་གསུམ་ལ་ལྟོས་པའི་སྤང་བྱ་ཡིན་པར་ཐལ། གཞི་ལམ་ལ་ལྟོས་པའི་སྤང་བྱ་ཡིན་ཚུལ་ཡོད་པའི་ཕྱིར། འདོད་ན། འདིར་བསྟན་གཞི་ལམ་འབྲས་གསུམ་ལ་ལྟོས་པའི་སྤང་བྱ་ཡིན་ཁྱབ་མཉམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་ལམ་འབྲས་གསུམ་ལ་ལྟོས་པའི་སྤང་བྱ་སོ་སོར་བཤད་པ་མི་འཐད་པར་ཐལ་ལོ། །རང་ལྡོག་སོ་སོར་དབྱེ་བ་ཙམ་ཡིན་ཟེར་ན། ཕུང་བོ་ལྔ་གང་ཟག་གི་བདག་མེད་དུ་རྟོགས་པའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཆོས་ཅན། གཞི་ལམ་ལ་ལྟོས་པའི་སྤང་བྱ་ཡིན་པར་ཐལ། གཞི་ལ་ལྟོས་པའི་དེ་ཡིན། ལམ་ལ་ལྟོས་པའི་དེ་ཡང་ཡིན་པའི་ཕྱིར། དང་བོ་སླ། རྟགས་གཉིས་པ་གྲུབ་སྟེ། བསླབ་པ་གསུམ་གང་རུང་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར་ཏེ། ལྟ་སྒོམ་སྤྱོད་གསུམ་གང་རུང་ལ་ལྟོས་པའི་སྤང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། བསླབ་པ་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གནད་གཅིག་པ། མདོར་ན་ལྟ་སྒོམ་སྤྱོད་པའམ། །རྣམ་དག་ལྷག་པའི་བསླབ་གསུམ་སྲོལ། །ཞེས་པ་རྩ་འགྲེལ་གྱིས་འགྲུབ་ཟེར་ན། འདིར་བསྟན་གཞི་ལམ་ལ་ལྟོས་པའི་སྤང་བྱ་གཉིས་འགལ་ཞིང་། སྤྱིར་དེ་གཉིས་མི་འགལ་ཞེས་ཞིབ་ཆ་ཕྱེ་རིགས་པའི་ཕྱིར་ཏེ། གསེར་ཕྲེང་ལས། སྤྱིར་ལྟ་སྒོམ་དང་ཞེས་གསུངས་པའི་ཕྱིར། སྤྱིར་སྨོས་པའི་ནུས་པ་འདོན་ལུགས་ཡོད་པའི་ཕྱིར། ཡང་འདིར་སྤང་གཉེན་ཚན་པ་གསུམ་བཤད་པའི་སྤང་གཉེན་གཉིས་ཀྱི་ནང་ཚན་གྱི་སྤང་བྱ་ཡིན་ན། སྤང་བྱ་མ་ཡིན་པས་ཁྱབ་སྟེ། འགྲེལ་བ་ལས། བསོད་ནམས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་གཉེན་པོ་ཡིན་མོད་ཅེས་དང་། གསེར་ཕྲེང་ལས། བདག་འཛིན་སོགས་དེ་དག་གི་གཉེན་པོ་ཡིན་ན་ཡང་ཞེས་གསུངས་པའི་ཕྱིར། ཡང་དེ་འདྲའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཆོས་ཅན། སྤང་བྱ་ཡིན་པར་ཐལ། གསེར་ཕྲེང་ལས། ཆོས་རང་བཞིན་མེད་རྟོགས་ཀྱི་སྤང་བྱར་མི་འགལ་ལོ་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཐེག་ཆེན་གྱི་སྟོང་ཉིད་རྟོགས་པའི་ལམ་ལ་ལྟོས་པའི་སྤང་བྱར་གསུངས་པ་ཡིན་པའི་ཕྱིར། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་ཀྱིས་ལྟ་སྒོམ་ལ་ལྟོས་པའི་སྤང་གཉེན་དང་། སྤྱོད་པ་ལ་ལྟོས་པའི་སྤང་གཉེན་ཚན་པ་གཉིས་དངོས་ཤུགས་ཅི་རིགས་པར་བསྟན་པར་གསུངས་པ་འདི་འཕགས་སེང་སོགས་ཀྱི་དགོངས་པ་མཐར་ཐུག་ཡིན་ཀྱང་ལྗོངས་འདིར་ཇི་བཞིན་འཆད་ཤེས་པ་ཉིན་སྐར་ལྟར་དཀོན་པར་གསུངས་སོ། །གཞུང་འདི་དག་གི་སྐབས་སུ་བདེན་འཛིན་སྤང་བྱ་དང་། ཐེག་དམན་གྱི་ཚོགས་སྦྱོར་ལྟ་བུ། ཐེག་ཆེན་གྱི་ལམ་ལ་ལྟོས་པའི་སྤང་བྱར་བསྟན་མོད་ཀྱང་། སྤང་གཉེན་ཚན་པ་གསུམ་གྱི་སྤང་གཉེན་ཐེག་པ་ཆེ་ཆུང་གི་གཞི་ཤེས་གཉིས་ལ་སྦྱར་ཏེ་འཇོག་པ་གཞུང་གི་དགོངས་པ་ཡིན་ཚོད་དུ་སྣང་ངོ་། །ཡང་གསེར་ཕྲེང་ལས། དེ་བཞི་ཡང་རིམ་པ་ལྟར་ཞེས་སོགས་ཀྱི་དོན་ནི། ཡང་དག་པར་བསྟན་པར་བྱ་ཞེས་སོགས་ཀྱི་མདོ་ཚིག་བཞི་གོ་རིམ་ལྟར་ཀུན་རྨོངས་སོགས་གདུལ་བྱ་བཞི་ལ་སྦྱར་བར་གསུངས་པ་ཡིན་ལ། སྦྱར་ཚུལ་གཞན་གསུམ་གོ་སླ་ལ་བཀྲ་ཤིས་འཁྱིལ་དཔར་མར་བདག་མེད་དང་ཞེས་པ་སོར་བཞག་ན། ཞུགས་པའི་གདུལ་བྱ་ལའོ་ཞེས་པ་མཐའི་གསལ་བྱེད་ཡིན་པས། བདག་མེད་པར་ཞུགས་པའི་གདུལ་བྱ་ལ་ལེན་དུ་གཞུག་པར་བྱ་ཞེས་སྦྱར་རྒྱུ་ཡིན་ཅིང་། དེ་ཡང་ཐོས་པའི་སྒོ་ནས་བདག་མེད་པར་ཞུགས་པ་ལ་བསམ་སྒོམ་གྱི་སྒོ་ནས་ལེན་དུ་གཞུག་པར་བྱ་བ་དང་། བསམ་པས་བདག་མེད་པར་རྟོགས་པར་ཞུགས་པ་ལ་སྒོམ་བྱུང་གི་སྒོ་ནས་ལེན་དུ་གཞུག་པར་བྱ་བ་དང་། སྒོམ་བྱུང་གིས་རྟོགས་པ་ལ། མངོན་སུམ་དུ་རྟོགས་པའི་སྒོ་ནས་ལེན་དུ་གཞུག་པར་བྱ་ཞེས་སྦྱར་རྒྱུ་ཨེ་ཡིན་སྙམ། ཉི་སྣང་ལས་བག་མེད་པ་དང་ཞེས་པ་ལྟར་ན་བག་མེད་པ་ལ་བག་ཡོད་ཀྱི་ཐབས་ལེན་དུ་གཞུག་པ་ཞེས་སྦྱར་རོ། །དེ་ནས་བཀྲ་ཤིས་འཁྱིལ་དཔར་མར་དེ་བཞིན་ཡང་ཞེས་པའི་ན་ལྷག་པ་ཡིན་སྙམ་མོ། །འདིར་བསྟན་སྤྱོད་པ་ལ་ལྟོས་པའི་སྤང་བྱ་ཉན་རང་གི་རྒྱུད་ལ་འཇོག་པར་ཐལ། དེ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་བྱེད་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། འདིའི་བཤད་བྱ་རྩ་བའི་མདོ་ལས་བྱང་ཆེན་རྣམས་ཀྱི་ཆགས་པ་སྟེ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མདོའི་དངོས་བསྟན་གྱི་དེ་བྱང་སེམས་ཀྱི་རྒྱུད་ལ་འཇོག་ཅིང་བསྟན་བཅོས་སུ་གཙོ་བོར་བསྟན་པའི་དེ་ཉན་རང་གི་རྒྱུད་ལ་འཇོག་པ་སྦས་དོན་གྱི་དབང་དུ་བྱས་པས་མི་འགལ་བའི་ཕྱིར་ཞེས་བཤད་ཆོག་གམ། ཡང་ན་མདོའི་དོན་བྱང་ཆེན་རྣམས་ཀྱི་ལམ་གྱི་མི་མཐུན་ཕྱོགས་ཀྱི་ཆགས་པ་སྟེ་ཞེས་པའི་དོན་ཡིན་བྱས་ན་དགོངས་པར་ཨེ་འགྲོ། འདིར་བསྟན་ཟིན་བྱེད་ཀྱི་སྦྱོར་བ་བཅུ་ཡུལ་གྱི་སྒོ་ནས་འཇོག་པར་ཐལ། གསེར་ཕྲེང་ལས། དེ་ལྟར་གསུངས་པའི་ཕྱིར། འདོད་ཟེར་ན་མི་འཐད་པར་ཐལ། རྣམ་བཤད་དང་ཡིག་ཆར་ཡུལ་གྱི་སྒོ་ནས་བཞི་འཇོག་པར་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཡུལ་དང་ངོ་བོ་དང་བྱེད་ལས་དང་དཔེའི་སྒོ་ནས་དབྱེ་བའི་ནང་ཚན་གྱི་ཡུལ་གྱིས་ཕྱེ་ན་བཞིར་གསུངས་ཀྱི་སྤྱིར་བཅུ་ག་ཡུལ་གྱི་སྒོ་ནས་བཞག་པ་འཐད་པའི་ཕྱིར། འདིར་བསྟན་ཟིན་བྱེད་ཀྱི་སྦྱོར་བ་བཅུས་མཚམས་གཅིག་པར་ཐལ། གསེར་ཕྲེང་ལས། ངོ་བོ་གཅིག་སྟེ་ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་ངོ་བོ་གཅིག་ལ་འགལ་བ་ཡང་ཡོད་པ་བདེན་གཉིས་ལྟ་བུ་ཡོད་མོད་ཀྱང་འདིར་ངོ་བོ་གཅིག་ཚུལ་ཇི་འདྲ་ཡིན་སྨྲ་དགོས་པའི་ཕྱིར། འདོད་ན། སྦྱོར་བ་དང་བོ་གསུམ་ཆོས་ཅན། ཆགས་མེད་ལ་དམིགས་པའི་སྦྱོར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་མི་འཐད་པར་ཐལ། དེ་གསུམ་ཀུན་རྫོབ་ལ་དམིགས་པ་དང་། ཆགས་མེད་ལ་དམིགས་པ་དོན་དམ་ལ་དམིགས་པར་རྣམ་བཤད་དང་མཐའ་དཔྱོད་ལས་གསུངས་པའི་ཕྱིར་ཟེར་ན། སྦྱོར་བ་བཅུ་ཡིན་ཁྱབ་མཉམ་དུ་ཁས་ལེན་དཀའ་ཡང་། ངོ་བོ་གཅིག་པའི་དོན། གནས་སྐབས་གཅིག་པ་དང་། རྫས་གཅིག་གི་སྟེང་དུ་གཞི་མཐུན་དུ་འདུ་བའི་དོན་ཡིན་ཏེ། གསེར་ཕྲེང་ལས། འདིའི་གོང་དུ་ཤེར་འབྱུང་གིས་མངོན་ཞེན་རེ་རེ་དོར་ནས་གོང་ནས་གོང་དུ་འཕེལ་བ་འདོད་ཅིང་རིགས་འབྱིན་གྱིས་ཡུལ་གྱི་སྒོ་ནས་འཇོག་པར་གསུངས་པ་ལྟར་འཐད་པར་གསུངས་པའི་ཕྱིར། དེས་ན་སྦྱོར་བ་བཅུ་གའི་ཡིན་པ་བཞག་ཆོག་གོ །འོ་ན་ཆགས་མེད་ཀྱི་སྦྱོར་བ་ཆོས་ཅན། དོན་དམ་རྣམ་ཅན་མ་ཡིན་པར་ཐལ། ཁྱོད་ལ་ཀུན་རྫོབ་རྣམ་ཅན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་བཞིན་ཡིན་པའི་ཕྱིར། དེས་ན་གཙོ་ཆེ་བའི་དབང་གིས་ཆགས་མེད་ལ་དམིགས་པ་དོན་དམ་རྣམ་ཅན་དང་ལྷག་མ་དགུ་ཀུན་རྫོབ་རྣམ་ཅན་དུ་ཁས་བླངས་ཆོག་སྟེ། ཆགས་མེད་ལ་དམིགས་པ་གཅིག་པུ་དོན་དམ་རྣམ་ཅན་དང་། བཅུ་བོ་འདི་རྗེས་ཐོབ་གཙོ་ཆེ་སྟེ་ཞེས་གསུངས་པའི་ཕྱིར། བོད་སྔ་མ་ཁ་ཅིག་གིས། སྦྱོར་བ་གསུམ་པའི་རྫོགས་པ་དང་མ་རྫོགས་པའི་དོན་ཀུན་བཏགས་བློ་ཡུལ་དུ་བྱས་པས་ཡོན་ཏན་མི་སྐྱེ་བ་དང་། ཡོངས་གྲུབ་བློ་ཡུལ་དུ་བྱས་པས་ཡོན་ཏན་གྱི་ཚོགས་སྐྱེ་བ་ལ་བྱེད་ཟེར་བ་དེ་མི་འཐད་ཟེར་ན། དེ་འཐད་པར་ཐལ། རྣམ་བཤད་ལས། གཞན་དབང་བདེན་སྟོང་སྒྱུ་མ་ལྟ་བུ་རྟོགས་པ་ནི་ཡོན་ཏན་གྱི་རྟེན་དུ་རྫོགས་པ་ཡིན་ཏེ། དེ་ལ་བརྟེན་ནས་མི་མཐུན་ཕྱོགས་སྤོང་ནུས་ཤིང་། ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྱིར་ཞེས་དང་། གཞན་དབང་བདེན་པར་ཞེན་པ་ཡོན་ཏན་གྱི་རྟེན་མ་རྫོགས་པ་ཡིན་ཏེ། དེས་ཡོན་ཏན་སྐྱེ་བའི་གེགས་བྱེད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། གསེར་ཕྲེང་ལས། མཚན་ཉིད་ཀྱིས་སྟོང་བ་མ་རྫོགས་པའི་རྒྱུ་མཚན་དུ་བཀོད་པའི་ཕྱིར་དགོངས་པ་མིན་ནོ་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ་གོང་དུ་དྲངས་པའི་རྒྱན་སྣང་གི་ལུང་དེའི་ཚིག་ཟིན་གྱི་དགོངས་པ་མིན་པར་གསུངས་ཀྱི་དེ་ཡང་ཡུལ་ལ་སྦྱར་ན་རྫོགས་མ་རྫོགས་ཀྱི་དོན་ཚང་མ་ཚང་དང་དེ་ཡང་དོན་ལ་གནས་མི་གནས་ལ་བྱེད་པར་གསུངས་ལ། ཡུལ་ཅན་ལ་སྦྱར་ན་རྣམ་བཤད་ལྟར་བྱས་ཆོག་པས་འགལ་བ་མེད་དོ། །སྦྱོར་བའི་འཛིན་སྟངས་མཉམ་ཉིད་ལ་ཡུལ་ཁོ་ན་དང་། ཡུལ་ཅན་ཁོ་ན་དང་། ཡུལ་ཡུལ་ཅན་གཉིས་ཀ་འཇོག་ཅེས་འདོད་ཚུལ་གསུམ་ཡོད་ཀྱང་རེ་རེས་ཀྱང་ཤེས་བྱེད་ཅི་རིགས་པར་འདྲེན་ནོ། །དེ་དག་ལས་གང་འཐད་ཅེ་ན། གསུམ་པ་ཉིད་བཟང་སྟེ། དང་བོ་ལྟར་ན་རློམ་པ་དང་བདེན་ཞེན་འགོག་བྱེད་གསུངས་པ་སོགས་ཀྱིས་གནོད་དོགས་ལ། གཉིས་པ་ལྟར་ན་དངོས་བོ་མ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། ཞེས་དང་། སྒོམ་ཚུལ་ལ་གསུངས་པས་ཞེས་དང་། མཉམ་ཉིད་འཛིན་སྟངས་སོ་ཞེས་དང་འཛིན་སྟངས་ཞེས་པ་འཛིན་ཚུལ་ལ་བྱེད་པའི་ཕྱིར་ཞེས་པ་སོགས་ཀྱིས་གནོད་དོ། །གསུམ་པ་ལྟར་ན་སྟོང་ཉིད་ལྟ་བུ་མཉམ་ཉིད་དུ་འཇོག་པ་མིན་གྱི་ཆགས་མེད་ཀྱི་སྦྱོར་བས་ཡུལ་རྣམས་བདེན་མེད་དུ་སྒོམ་པ་སྟེ་རྟོགས་པ་ལྟ་བུ་འཛིན་སྟངས་མཉམ་ཉིད་དུ་འཇོག་ཅིང་དེ་འདྲའི་སྦྱོར་བས་ཆོས་རྣམས་བདེན་མེད་མཉམ་པ་ཉིད་དུ་སྒོམ་པ་སྟེ་རྟོགས་པས་བདེན་ཞེན་དང་རློམ་པ་འགོག་བར་བྱེད་པའི་ཕྱིར། སྐྱོན་དང་བོ་ལས་གྲོལ་ལོ། །སྐབས་དང་བོའི་མཐའ་དཔྱོད་ལས། བུམ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་མེད་དགག་དུ་གསུངས་པ་དང་ཡང་མཐུན་པའི་ཕྱིར། སྦྱོར་བ་ཡང་ཡོད་པར་ཁས་བླངས་པས་ཀྱང་། གནོད་བྱེད་དང་བོའི་གནོད་པ་ཡང་མི་འཇུག་གོ །ཡུལ་ཡུལ་ཅན་གཉིས་ཆར་ཁས་བླངས་པས་སྐྱོན་སྔ་ཕྱི་གཉིས་ཀ་ལས་གྲོལ་ལོ། །ཡང་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་བདེན་པ་མངོན་རྟོགས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། འདིར་བསྟན་བདེན་འཛིན་ཀུན་བཏགས་སོ་གཉིས་དང་བྲལ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། རང་གི་བྲལ་བྱའི་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་མངོན་རྟོགས་ཡིན་པས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་མངོན་རྟོགས་སུ་བཞག་ཆོག་པའི་ཕྱིར། རང་གི་བྲལ་བྱ་ཡང་། འདིར་བསྟན་བྱ་ཕལ་བའི་ཚུལ་དུ་བསྟན་པའི་གང་ཟག་གི་བདག་འཛིན་ཀུན་བཏགས་སོ་གཉིས་དང་། ལོག་འཛིན་བཅུ་དྲུག་ལ། ཁམས་གོང་འོག་གིས་ཕྱེ་བའི་ཀུན་བཏགས་སོ་གཉིས་ལ་བྱས་ནས་བཤད་ཆོག་གོ ཡང་མི་རྟག་སོགས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། འདིར་བསྟན་སྒོམ་ལམ་མིན་པར་ཐལ། འདིར་བསྟན་མཐོང་སྒོམ་གར་རུང་གང་ཞིག མཐོང་ལམ་མ་ཡིན་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། འདིར་བསྟན་གཞི་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འདིར་བསྟན་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར་རོ། །མཁྱེན་གསུམ་ལྷ་ཡི་སྐྱེད་ཚལ་རབ་ཡངས་པར། །མཚོན་བྱེད་སུམ་ཅུའི་འདབ་བརྒྱ་རབ་ཏུ་རྒོད། །སྐལ་བཟང་མཁར་ཉལ་ལུས་ཕྲ་རབ་མང་བོ། །དགའ་བའི་ཟློས་གར་བསྒྱུར་ཏེ་རབ་ཏུ་རྩེན། །དེ་ལས་ཟུར་བཀོལ་དོ་རྭ་དོག་པོ་རུ། །ཚིག་དོན་དྲི་བཟང་ཁང་བ་འགའ་ཞིག་བཞད། །དོན་གྱི་ཟིལ་མངར་སྦྲང་རྩི་བདོག་མིན་པར། །དཔྱོད་ལྡན་ རྐང་དྲུག་འདོར་ལེན་འཕུར་ལྡིང་བགྱིས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསེར་ཕྲེང་ལས། གང་ཡིན་ན་གཉིས་པ་དང་ཐ་མ་གསུམ་ནི་ངོ་བོ་ཡིན་ལ་གཞན་རྣམས་ནི་ཡུལ་དང་རྟེན་དང་སྤང་བྱ་ཤེས་བྱ་ཕན་ཡོན་ལ་སོགས་པ་ཡིན་ནོ་ཞེས་གསུངས་པ་ལྟར། མཚོན་ཚུལ་ནི་དངོས་ཡུལ་དང་གཉིས་པ་དང་ཐ་མ་གསུམ་གྱིས་ངོ་བོ་དང་། གསུམ་པས་ཕན་ཡོན་དང་། བཞི་བས་སྐྱོན་ནམ་སྤང་བྱ་དང་། ལྔ་བས་དོན་ཕུན་ཚོགས་བསྐྱེད་པའི་ནུས་པ་དང་ལྡན་པ་དང་། ཐེག་དམན་གྱི་སྦྱོར་བ་ལ་དེ་ལྟ་བུའི་ནུས་པ་དང་ལྡན་པ་རྣམ་པར་བཅད་པ་དང་། སྦྱོར་བ་རང་གི་ངོ་བོ་ཤེས་པར་བྱེད་ཚུལ་གྱིས་དང་། དྲུག་པས། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པའི་རིམ་པས་དང་། བདུན་པས། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་སྒོམ་པའི་རིམ་པས་དང་། བརྒྱད་པས་རྟེན་གྱི་གང་ཟག་གི་སྒོ་ནས་རྣམ་རྫོགས་སྦྱོར་བ་མཚོན་པ་ཡིན་ནོ། །ཡུལ་ལ་མཁྱེན་པའི་ཁྱད་པར་གང་སྦྱོར་བའི་བསྒོམ་བྱར་གྱུར་པ་དེ་འདིར་བསྟན་རྣམ་པའི་མཚན་ཉིད། ཤེས་རྣམ་དང་ཤེས་པ་དོན་གཅིག་ཏེ། རྣམ་མཁྱེན་གྱི་རྣམ་པ་ལ་རྣམ་མཁྱེན་གྱིས་ཁྱད་པར་གསུངས་པའི་ཕྱིར། མི་རྟག་པའི་ཤེས་རྣམ་ལ་མི་རྟག་པ་དངོས་སུ་རྟོགས་པའི་བློ་རྣམས་འཇོག དེ་མི་འཐད་པར་ཐལ། དེ་བཞིན་ཉིད་ཀྱི་ཤེས་རྣམ་ལ་རྣམ་མཁྱེན་གྱིས་ཁྱབ་པའི་ཕྱིར་ཏེ། ཡིག་ཆར། དེ་བཞིན་ཉིད་ལ་སླར་མི་ལྡང་བའི་པའི་ཕྱིར་ན་མ་ཁྱབ་སྟེ། དེ་འདིར་བསྟན་ལ་དགོངས་པའི་ཕྱིར། མདོར་བསྟན་ཤེས་རྣམ་བདུན་ཞེས་པ་ནི། མཁྱེན་གསུམ་གྱི་ཤེས་རྣམ་གསུམ་དང་། བདེན་བཞིའི་ཤེས་རྣམ་བཞི་ལ་བྱེད་པའི་ཕྱིར། དོན་བདུན་ཅུའི་རྣམ་གཞག་མི་ཕམ་ཞལ་ལུང་གི་ཚིག་དོན་འགའ་ཞིག་ཟུར་རྒྱན་གྱི་ཚུལ་དུ་འགོད་པ་རྩོམ་འཕྲོར་ལུས་པ་འདི་ནི། ལུང་རྟོགས་ཡོན་ཏན་བྱེ་བའི་གཏེར་མཛོད་ཡོངས་འཛིན་རིན་པོ་ཆེ་རྗེ་གྲགས་པ་རྒྱ་མཚོས་མཛད་པའོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn