ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་སྐལ་བཟང་མིག་འབྱེད་ལས་ལོངས་སྐུ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 21:10:19     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

550010189023728334.jpg

    གསུམ་པ་ལོངས་སྤྱོད་རྫོགས་སྐུ་འཆད་པ་ལ། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་ཅེས་དང༌། འགྲེལ་ཆེན་ལས། དེ་ལྟར་སྐུ་གཉིས་པ་བཤད་ནས་སྐུ་གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །ཞེས་པའི་དོན་ལ་འཕྲོས་སྦྱོར་བ་མཐའ་དཔྱད་གསུམ་ལས། དང་པོ་ནི། མདོ་ལས། རབ་འབྱོར་ཡུམ་འདི་ལ་བསླབ་ཅིང་ནས། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གྱིས་བརྒྱན། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། བྱང་ཆེན་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང༌། ཞེས་སོགས་ཀྱིས་ལོངས་སྐུ་ངེས་པ་ལྔ་ལྡན་དུ་བཤད་པ་སྟོན་པར་རྩ་འགྲེལ་དག་བྱུང༌། གཉིས་པ་ནི། མཚན་དཔེས་སྤྲས་པའི་འོག་མིན་ཁོ་ནར་བཞུགས་པའི་གཟུགས་སྐུ་ཆོས་ཅན། ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དེ། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སོགས་ངེས་པ་ལྔ་ལྡན་གྱི་སྐུ་ཡིན་པའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། ངེས་པ་ལྔ་ལྡན་གྱི་སྤྲུལ་སྐུ་ཡོད་ཟེར་ན། འོ་ན་སྤྲུལ་སྐུ་དུས་ངེས་པ་འཁོར་བ་མ་སྟོངས་བར་སྐུ་ངེས་པ་མཚན་དཔེས་བརྒྱན་པ་སོགས་ཁོ་ནར་བཞུགས་པ་ཞིག་ཡོད་པར་ཐལ། དེ་ལ་ངེས་པ་ལྔ་ལྡན་ཞིག་ཡོད་པའི་ཕྱིར། འདོད་ན། ལོངས་སྐུ་མཚན་དཔེའི་སྐུ་ངེས་པར་རྒྱུན་མི་འཆད་ཅིང༌། སྤྲུལ་སྐུ་སྐུ་སྣ་ཚོགས་མི་འདྲ་བ་ཡང་ཡང་སྟོན་པའི་ཁྱད་པར་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀྱི་ཁྱད་པར་དེ་འདྲ་ཡིན་པའི་ཕྱིར། ཐེག་བསྡུས་ལས། ལོངས་སྤྱོད་རྫོགས་པ་རྒྱུན་མི་འཆད་པ་དང༌། སྤྲུལ་པ་ཡང་དང་ཡང་སྟོན་པས་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གནས་ངེས་པ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་འོག་མིན་ཁོ་ནར་སངས་རྒྱས་ཟེར་ན། དེ་མི་འཐད་པར་ཐལ། གནས་གཙང་ལྔ་སྤངས་ཏེ། དེའི་སྟེང་གི་གནས་རིགས་བཅོ་བརྒྱད་དབང་ཕྱུག་ཆེན་པོའི་གནས་སུ་སངས་རྒྱས་པའི་ཕྱིར། མི་གཡོ་བའི་རྒྱུད་ལས། གཙང་མའི་གནས་ནི་རབ་སྤངས་ནས། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། དེ་གཟུགས་ཁམས་སུ་སངས་མ་རྒྱས་པར་ཐལ། དེ་གཟུགས་ཁམས་གནས་རིགས་བཅུ་བདུན་སྤངས་ཏེ་སངས་རྒྱས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཐེག་ཆེན་དབུ་སེམས་ལུགས་ལ་གཟུགས་ཁམས་གནས་རིགས་བཅོ་བརྒྱད་མ་ཡིན་པར་ཐལ། གནས་རིགས་བཅུ་བདུན་གྱི་འོག་མིན་གཞན་པའི་འོག་མིན་མེད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཁམས་གནས་རིགས་བཅོ་བརྒྱད་པ་གནས་གཙང་ལྔའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཡོད་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་བསྒོམས་ནས་གང་དུ་སྐྱེ་བའོ་ཞེས་གསུངས་པའི་ཕྱིར། བླུན་པོ་ཁ་ཅིག་ན་རེ། འོག་མིན་ཡིན་ན་གནས་གཙང་ལྔའི་འོག་མིན་ཡིན་པས་ཁྱབ་ཟེར་ན། འོག་མིན་སྟུག་པོ་བཀོད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ལོངས་སྐུའི་བཞུགས་གནས་ཡིན་པའི་ཕྱིར། ངག་དབང་གྲགས་པའི་གསུང་ལས། དཔལ་ལྡན་སྟུག་པོ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་གྱུར། །ཅེས་གསུངས་པའི་ཕྱིར། མ་ཁྱབ་ན། ལོངས་སྐུའི་འཁོར་དུ་སྐྱེས་པའི་ཉན་རང་ཡོད་པར་ཐལ་ལོ། །མ་ཁྱབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེས་སྐྱེ་བ་ལ་ས་བཅུ་སྒོམ་དགོས་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་ལས། ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་བསྒོམས་ནས་གང་དུ་སྐྱེ་བའོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འོག་མིན་སྟུག་པོ་བཀོད་པ་དེ་སངས་རྒྱས་ཉིད་སངས་རྒྱ་བའི་གནས་མིན་ཟེར་ན། འོ་ན་རྡོ་རྗེ་གདན་དེ་མཆོག་གི་སྤྲུལ་སྐུས་བདུད་བཏུལ་བའི་གནས་མ་ཡིན་པར་ཐལ། འོན་མིན་སྟུག་པོ་བཀོད་པ་ལོངས་སྐུར་སངས་རྒྱ་བའི་གནས་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འོག་མིན་སྟུག་པོ་བཀོད་པ་སངས་རྒྱས་སྟོང་སོགས་ཐོག་མར་སངས་རྒྱས་པའི་གནས་དང༌། རྡོ་རྗེ་གདན་དེ་རྣམས་ཀྱིས་བདུད་བཏུལ་བའི་གནས་ཡིན་པའི་ཕྱིར། རྒྱུད་ལས། གཙང་མའི་གནས་ནི་རབ་སྤངས་ནས། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། མདོ་སྡེ་རྒྱན་ལས། དེ་བཞིན་ཟག་མེད་དབྱིངས་ནས་ཀྱང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་གི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་གསུངས་པས་ལོངས་སྐུ་ཐམས་ཅད་ཀྱི་གནས་གཅིག་སྙོམས་འཇུག་གཅིག་ཟེར་ན། སེམས་ཅན་རིགས་དང་མོས་པ་ཐ་དད་པས་སྨོན་ལམ་སོ་སོར་བཏབ་པ་ལྟར་འབྲས་བུ་སྨིན་པ་མ་ཡིན་པར་ཐལ། ལོངས་སྐུ་ཐམས་ཅད་ཀྱི་ཞིང་དང་སྙོམས་འཇུག་གཅིག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་མ་ཡིན་པར་ཐལ། ལོངས་སྐུ་རྣམས་ཀྱང་ཚོགས་དང་སྨོན་ལམ་དབང་གིས་འཁོར་གྱི་དཀྱིལ་འཁོར་དང༌། སངས་རྒྱས་ཀྱི་ཞིང༌། མཚན་དང་སྙོམས་འཇུག་དང༌། ཆོས་ལ་ལོངས་སྤྱོད་པ་དང༌། མཛད་པའི་བྱེ་བྲག་བདུན་ཐ་དད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་འགྲེལ་པ་ལས། ལོངས་སྤྱོད་རྫོགས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཁོར་གྱི་དཀྱིལ་འཁོར་ཞེས་དང༌། དེའི་འགྲེལ་བཤད་ལས། འཁོར་ཡོངས་སུ་སྡུད་པའི་བྱེ་བྲག་ནི་འཁོར་གྱི་དཀྱིལ་འཁོར་གྱི་བྱེ་བྲག་གོ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ལོངས་སྐུའི་ཞིང་སྣང་ཚོགས་པའི་ཞིང་ལ་ལ་ཤེལ་དང༌། ཞིང་ལ་ལ་བཻཌུརྱ་ལས་གྲུབ་པ་སོགས་ཐ་དད་པའི་ཕྱིར། འགྲེལ་པ་ལས་སངས་རྒྱས་ཀྱི་ཞིང་དང་ཞེས་པའི་འགྲེལ་བཤད་ལས། ཞིང་གི་བྱེ་བྲག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ལའི་སངས་རྒྱས་ཀྱི་ཞིང་ནི་ཤེལ་གྱི་རང་བཞིན་ཡིན་ལ། ལ་ལའི་སངས་རྒྱས་ཀྱི་ཞིང་ནི་བཻ་ཌུརྱའི་རང་བཞིན་ཡིན་པ་དེ་ལྟ་བུ་ལ་སོགས་པའོ་ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། མཚན་ཡང་ཐ་དད་པ་དུ་མ་ཡོད་པའི་ཕྱིར། མདོ་སྡེ་རྒྱན་འགྲེལ་བཤད་ལས། མཚན་གྱི་བྱེ་བྲག་ནི་དཔེར་ན་འོད་དཔག་མེད་བྱ་བ་དང༌། རྣམ་པར་སྣང་མཛད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ་ཞེས་གསུངས་པའི་ཕྱིར་དང༌། འདིས་ཚེ་དཔག་མེད་ལོངས་སྐུ་ཞིང་གསལ་བར་བཤད་དོ། །རྟགས་བཞི་པ་གྲུབ་སྟེ། སྐུ་ཡང་དཀར་པོ་སོགས་དང་ཆེ་ཆུང་ཡང་སྣ་ཚོགས་ཡོད་པའི་ཕྱིར། འགྲེལ་བཤད་ལས། སྐུའི་བྱེ་བྲག་ནི་ཤེལ་ལ་སོགས་པའི་རང་བཞིན་གྱི་བྱེ་བྲག་གིས་ཞེས་པ་ནས། རྣམ་བཤད་ལས། འགའ་ཞིག་ཏུ་མཐོང་ངོ་ཞེས་དང༌། རྒྱན་སྟུག་པོ་བཀོད་པ་ལས། གཟུགས་ཀྱི་རྣམ་པ་སྣ་ཚོགས་ཀྱང༌། །སྟུག་པོ་དཀྱིལ་ན་རྣམ་བཞུགས་ཤིང༌། །ཞེས་གསུངས་པའི་ཕྱིར། རྟགས་དྲུག་པ་གྲུབ་སྟེ། ཆོས་ས་བཅུ་པའི་རྣམ་གཞག་དང༌། བློ་གྲོས་མི་ཟད་པ་ལྟ་བུ་སོགས་ཐེག་ཆེན་གྱི་ཆོས་ཡོངས་སུ་རྫོགས་པའི་མི་འདྲ་བ་འཁོར་གྱི་བསམ་པ་ལྟར་སྟོན་པའི་ཕྱིར། འགྲེལ་པ་ལས། ཆོས་ལ་ལོངས་སྤྱོད་རྫོགས་པ་དང་ཞེས་པའི་འགྲེལ་བཤད་ལས། ཆོས་ལ་ལོངས་སྤྱོད་རྫོགས་པའི་བྱེ་བྲག་ནི་ས་བཅུ་བ་དང་བློ་གྲོས་མི་ཟད་པ་ལ་སོགས་པའི་ཆོས་ཀྱི་སྒོ་ཐ་དད་པས་སོ་ཞེས་གསུངས་པའི་ཕྱིར་རྟགས་བདུན་པ་གྲུབ་སྟེ། བསམ་པ་ཐ་དད་པ་འདུས་པ་ལ་ལྟོས་ནས་མཛད་པ་སོ་སོར་བསྟན་པའི་ཕྱིར། ཁྱད་པར་དེ་བདུན་ཡང༌། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ལོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་དང༌། འགྲེལ་བཤད་ལས། མཛད་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་འདུས་པའི་བསམ་པ་ལ་ལྟོས་ནས་མཛད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོད་དཔག་མེད་ལོངས་སྐུ་མེད་པར་ཐལ། ཞིང་བཀོད་ཀྱི་མདོ་གསུངས་པའི་འོད་དཔག་མེད་སྤྲུལ་སྐུ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྤྲུལ་སྐུ་ཡིན་པས་དེ་སྤྲུལ་མཁན་གྱི་ལོངས་སྐུ་གྲུབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འོད་དཔག་མེད་ལོངས་སྐུའི་གནས་པདྨ་ཅན་དང་བདེ་ལྡན་སོགས་ཡོད་པའི་ཕྱིར། སྨྲྀ་ཏིའི་མཚན་བརྗོད་འགྲེལ་པ་ལས། ལོངས་སྐུའི་གནས་ཁྱད་པར་ཅན་འོག་མིན་དང་གནས་པདྨ་ཅན་དང༌། བདེ་བ་ཅན་དང་ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག །ལོངས་སྐུའི་མཚན་ཉིད་ངེས་པ་ལྔ་ལྡན་བྱས་ནས་གནས་ངེས་པ་འོག་མིན་གྱི་གནས་ཁོ་ན། སྐུ་ངེས་པ་མཚན་དཔེས་བརྒྱན་པ་ཁོ་ན། ཆོས་ངེས་པ་ཐེག་ཆེན་འབའ་ཞིག །འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གམ་ཁོ་ནས་བསྐོར་བ། དུས་ངེས་པ་འཁོར་བ་མ་སྟོངས་བར་དུ་བཞུགས་པར་ངེས་པ་ཟེར་ན། འོ་ན་ལོངས་སྐུ་ཆོས་ཅན། འོག་མིན་གྱི་གནས་ཁོ་ནར་བཞུགས་པར་ཐལ། ཁྱོད་ཀྱི་གནས་ངེས་ཚུལ་འཐད་པའི་ཕྱིར། འདོད་ན། འོག་མིན་གྱི་ས་གཞི་ཁོ་ནར་གནས་པར་ཐལ། འོག་མིན་གྱི་གནས་ཁོ་ནར་གནས་པའི་ཕྱིར། འདོད་ན། དེ་འོག་མིན་གྱི་གཞལ་ཡས་ཁང་དུ་གནས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕོ་བྲང་འཇའ་དང་གློག་ལྟ་བུའི་འོད་ཅན། རྒྱན་སྣ་ཚོགས་དང་ལྷབ་ལྷུབ་སྣ་ཚོགས་ཀྱིས་བརྒྱན་པར་ལོངས་སྐུ་རྣམ་སྣང་བཞུགས་པའི་ཕྱིར། རྒྱན་སྟུག་པོའི་མདོ་ལས། ཕོ་བྲང་འཇའ་དང་གློག་གི་འོད་ཅན། རྒྱན་དང་ལྷབ་ལྷུབ་དུ་མས་བརྒྱན་པ་ནས་མངོན་པར་འབྱུང་སྟེ་ཞེས་དང༌། དབུ་མ་སྙིང་པོའི་འགྲེལ་པ་ལས། གནས་གཙང་མ་ན་གནས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཀྱིས་ཞེས་གསུངས་པའི་ཕྱིར། གནས་ངེས་པ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་རྒྱ་ཆེ་བ་མཐོ་བ་གང་ཞིག །གཞལ་ཡས་ཁང་དེའི་སྟེང་གཡོགས་དང་ཀ་བ་རྣམས་འོད་ཟེར་ཉི་མའི་འོད་དང་མཉམ་ཞིང་རིན་པོ་ཆེ་སྣ་ཚོགས་པའི་འོད་ཟེར་འབར་བ་ཡང་ཡིན། མུ་ཏིག་དང་ཨནྡྲ་རྙིལ་དང་བཻཌཱུ་རྱ་སོགས་ཀྱི་ཕྲེང་བ་འཕྱང་བ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་བཟོ་སྦྱར་བའི་གཞལ་ཡས་ཁང་འོད་ཟེར་བརྒྱས་མཚོན་པས་གྲངས་མེད་འཕྲོ་བའི་གནས་ཀྱི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར། ཁྱད་པར་དང་པོ་ཡིན་ཏེ། རྟོག་གེ་འབར་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ཞེས་དང༌། མཐོ་ཁྱད་ནམ་མཁའ་ལ་རེག་པ་ནི་ཤིན་ཏུ་མཐོ་བ་ནམ་མཁའ་དང་མཉམ་པའོ་ཞེས་གསུངས། སྐྱབས་འགྲོ་བདུན་ཅུ་པ་ལས། འོག་མིན་གཞལ་ཡས་ཁང་དུ་ནི། །དེ་ཉིད་མངོན་དུ་བྱ་བར་བཞེད། །ཅེས་གསུངས་པའི་ཕྱིར། འདིར་རྟོག་གེ་འབར་བ་ཡང་ཡང་དྲངས་པ་ནི་འགྲེལ་ཆེན་དུ་ངེས་པའི་ལས་འདག་ཚུལ་སོགས་དང་ཡེ་ཤེས་ཆོས་སྐུ་ཡང་ལེགས་ལྡན་གྱི་རིགས་པ་བླང་བར་མཐོང་ནས་ཡིན་ནོ། །ཁྱད་པར་གཉིས་པ་སྟེང་གཡོགས་ཀ་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་འོད་འབར་ཚུལ་ཡང་འཐད་པར་ཐལ། དེ་ལྟར་མདོ་དང་མཁས་པས་བཤད་པའི་ཕྱིར། སྟུག་པོ་བཀོད་པ་མདོ་ལས། ཞིང་དེ་དྲི་མེད་བསོད་ནམས་དེ། །སྟུག་པོའི་སྙིང་པོ་ཤིན་ཏུ་མཛེས། །དེ་བཞིན་ཐར་པ་ཐར་ཤེས་ལ། །ཞིང་གི་ནང་ན་ཞིང་གི་མཆོག །ཅེས་དང༌། དབུ་མ་སྙིང་པོ་ལས། རིན་ཆེན་འབར་བའི་གཞལ་ཡས་ཁང༌། །འོད་ཟེར་སྒྲོན་མ་བརྒྱ་སྙེད་འབར། །ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་ཡང་གྲུབ་སྟེ། མུ་ཏིག་གི་དྲ་བ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་བཟོ་སྦྱོར་བའི་འོད་ཟེར་ཉི་མའི་འོད་ལྟར་འཕྲོ་བའི་ཕྱིར། མདོ་ལས། སངས་རྒྱས་ཀུན་གྱི་འོད་ཀྱིས་ཀྱང༌། །ཀུན་ནས་བཟང་པོའི་སྟུག་པོ་དེ། །ཉི་མ་བཞིན་དུ་ཀུན་ནས་སྣང༌། །དུས་ཀྱི་25སྐྱེ་འགྲིབ་དེ་ན་མེད། །ཅེས་དང༌། དབུ་མ་སྙིང་པོ་ལས། མུ་ཏིག་ཕྲེང་བ་འཕྱང་བ་དང༌། །རིན་ཆེན་སྣ་ཚོགས་དུ་མ་ལས། །སྣ་ཚོགས་ལས་ཀྱི་བཟོ་སྦྱར་བ། །ཞེས་དང༌། རྟོག་གེ་འབར་བ་ལས། གང་ལ་མུ་ཏིག་གི་ཕྲེང་བ་འཕྱང་བའི་ངང་ཚུལ་ཡོད་པ་དེ་ནི་མུ་ཏིག་གི་ཕྲེང་བ་འཕྱང་བའོ། །དེ་ཡང་རྣམ་པ་དུ་མའི་རིན་པོ་ཆེ་སྣ་ཚོགས་ལས་མངོན་པར་འདུ་བྱས་པ་ཞེས་གསུངས་པའི་ཕྱིར། འཁོར་ངེས་པ་བྱང་འཕགས་ཁོ་ནས་བསྐོར་པ་དེ་ཡང་མི་འཐད་པར་ཐལ། དེའི་འཁོར་ནས་སངས་རྒྱས་དུ་མ་ཡོད་པའི་ཕྱིར། དེར་ཐལ། བཟང་པོའི་དུས་དང་གསུམ་ལྡན་གྱི་དུས་གཉིས་ལྡན་གྱི་དུས་རྩོད་ལྡན་གྱི་དུས་བཞིར་སངས་རྒྱས་ཐམས་ཅད་སྟུག་པོར་བཞུགས་ཏེ་ཆོས་ཀྱི་དོན་རྣམ་པར་འབྱེད་པར་མཛད་པའི་ཕྱིར། སྟུག་པོ་བཀོད་པ་ལས། དུས་རྣམ་བཞི་པོ་ཐམས་ཅད་དུ། །སངས་རྒྱས་རྣམས་ཀྱིས་དུས་དུས་ལ། །སྟུག་ན་བཞུགས་པའི་དུས་སྤྲུལ་ཏེ། །རྣམ་པར་ཕྱེ་བ་རབ་ཏུ་མཛད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ལོངས་སྐུ་ཐམས་ཅད་སྟོན་པ་སངས་རྒྱས་པའི་སྟུག་པོ་བཀོད་པ་ཁོ་ནར་བཞུགས་ཟེར་ན། སངས་རྒྱས་གཞན་གྱི་ལོངས་སྐུའི་ཞིང་ལའང་སྟུག་པོ་བཀོད་རུང་ཙམ་ཡོད་མོད། སྟོན་པ་འདི་སངས་རྒྱས་པའི་ཞིང་སྟུག་བཀོད་གཅིག་པུ་མ་ཡིན་པར་ཐལ། སྟུག་པོ་མ་ཡིན་པའི་ལོངས་སྐུའི་སངས་རྒྱས་ཀྱི་ཞིང་གཞན་དུ་མའང་ཁམས་གསུམ་ལས་འདས་པ་ཡོད་པའི་ཕྱིར། མདོ་ལས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་སྟུག་པོ་འབའ་ཞིག་ཅེས་པ་ནས། སངས་རྒྱས་ཀྱི་ཞིང་གཞན་དག་ཀྱང་ཡོད་དོ་ཞེས་གསུངས་པའི་ཕྱིར།

(25) དཔར་ཐེངས་གཉིས་པ། དུས་ཀྱི་སྐྱི་འགྲིབ།

    གཞན་ཡང༌། སྟུག་26བཀོད་མ་ཡིན་པའི་སངས་རྒྱས་ཀྱི་ཞིང་དུ་མ་ཡོད་པར་ཐལ། སྟོང་གསུམ་གྱི་ཕ་རོལ་ཏུ་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱད་འདས་པའི་སྟེང་སངས་རྒྱས་ཚངས་པའི་དབྱངས་ཀྱི་ཞིང༌། དེ་བཞིན་དུ་ས་ལའི་དབང་པོ་རྒྱལ་པོ་ཞིང་དང༌། སྐར་མའི་རྒྱལ་པོ་ཞིང་སོགས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཡོད་པའི་ཕྱིར། མདོ་ལས། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱ་མང་པོ་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་ཀྱིས་བརྒྱན་པ་ཤིན་ཏུ་ཡངས་ཤིང་ཆེ་བ་དག་ཡོད་དོ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེའི་འཁོར་བྱང་སེམས་ཁོ་ན་མ་ཡིན་པར་ཐལ། འཇུག་པ་ལྟར་རང་རེས་སྤྲུལ་པའི་འཁོར་སངས་རྒྱས་ཀྱི་ཞིང་རྡུལ་གྱི་གྲངས་སྙེད་ཀྱི་འཁོར་ཡོད་པའི་ཕྱིར། དེར་ཐལ། སྟུག་པོ་བཀོད་པར་རང་གིས་སྤྲུལ་པའི་སྤྲུལ་སྐུ་དེ་སྙེད་དང་ལྷན་ཅིག་བཞུགས་པའི་ཕྱིར། མདོ་ལས། དེ་དག་སྟུག་པོའི་ཞིང་གཤེགས་ན། །སངས་རྒྱས་སྤྲུལ་པ་བྱེ་བ་ཡིས། །རྟག་ཏུ་རྣལ་འབྱོར་མཉམ་པར་བཞག །སྤྲུལ་པ་དག་དང་ཐབས་གཅིག་རོལ། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། འཁོར་བྱང་སེམས་ཀྱང་ས་བཅུ་པ་འབའ་ཞིག་ཟེར་བ་མི་འཐད་པར་ཐལ། དེའི་འཁོར་ས་བཅུ་གའི་བྱང་སེམས་ཡོད་པའི་ཕྱིར། དེར་ཐལ། ས་དང་པོ་བསྒོམ་ནས་དེར་སྐྱེ་བ་ཡོད་པའི་ཕྱིར། རྒྱན་སྣང་ལས་ཀྱང༌། བྱང་སེམས་ས་བཅུ་ལ་ཞེས་དང༌། ཟླ་གྲགས་ཀྱིས། ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །ཞེས་དང༌། གསེར་འཕྲེང་ལས། སློབ་དཔོན་གྱི་བཞེད་པ་ཡང་ས་བཅུ་ག་ལ་གནས་པ་ཡིན་ཞེས་གསུངས་པའི་ཕྱིར། འདིར་སྒོ་མང་གི་བླ་མ་དག་གི་གསུུང་ལས། གཟུགས་ཀྱི་རྟེན་ལ་འདོད་པའི་རྟེན་ཅན་དུ་གསར་དུ་སངས་རྒྱས་པ་ཡོད་པར་ཐལ། ལོངས་སྐུ་སྐད་ཅིག་དང་པོ་དང་དངོས་རྒྱུ་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་སྤྲུལ་སྐུ་ཡོད་པའི་ཕྱིར། དེར་ཐལ། འོག་མིན་དུ་ལོངས་སྐུར་སངས་རྒྱས་མ་ཐག་གི་མདོ་ལ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སྤྲུལ་པའི་སྐུས་འདོད་གཟུགས་ཀྱི་གདུལ་བྱ་ལ་ཕན་ཆེད་དུ་ཟླ་གཟུགས་ཆུ་དངོས་ཐམས་ཅད་ན་སྣང་བ་ལྟ་བུ་ཡིན་པའི་ཕྱིར། རྟོག་གེ་འབར་བ་ལས། སྐུ་གསུམ་རྣམ་པར་བཞག་པ་ཉིད་སློབ་དཔོན་གྱིས་རང་གི་བསྟན་བཅོས་ཀྱི་སྐབས་སུ་འདི་སྐད་བཤད་དེ། འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མོད་ལ་ཞེས་པ་ནས། སྔོན་གྱི་ཤུགས་ཀྱི་དབང་གིས་སྤྲུལ་པའི་སྐུས་ཐམས་ཅད་ལ་ཕན་འདོགས་པར་བཟོད་པ་ཞེས་དང༌། རྒྱན་སྟུག་པོ་ལས། ཐམས་ཅད་ཞིང་དུ་ཟླ་བ་ལྟར། །གང་ལ་གང་གིས་དབང་འགྱུར་བ། །དེ་ལ་དེ་ལྟར་འབྱུང་བ་སྟེ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། གཟུགས་ཀྱི་རྟེན་ལ་འདོད་པའི་རྟེན་ཅན་དུ་གསར་དུ་འཚང་རྒྱ་བ་ཡོད་པར་ཐལ། འོག་མིན་དུ་ལོངས་སྐུར་སངས་རྒྱས་པ་དང་དུས་མཉམ་དུ་དགའ་ལྡན་གྱི་ཕོ་བྲང་དུ་བཞུགས་པའི་སྤྲུལ་སྐུའི་ཐོག་མར་མཛད་པའི་ཕྱིར། རྟོག་གེ་འབར་བ་ལས། འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མོད་ལ་ཞེས་དང༌། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ་ཞེས་དང༌། རྣམ་བཤད་ལས། སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་བྱེ་བྲག་འགའ་ཞིག་ལོངས་སྤྱོད་རྫོགས་པའི་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རགས་ལས་ཀྱི་འབྲེལ་བ་གྲུབ་པའི་ཚུལ་དུ་ཐོབ་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །མེ་ལོང་ཡེ་ཤེས་ལོངས་སྐུ་ཡིན་ཟེར་ན། དེ་ཆོས་ཅན། བྱང་སེམས་འཕགས་པ་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། ལོངས་སྐུ་ཡིན་པའི་ཕྱིར། ཁྱབ་སྟེ། ལོངས་སྐུ་ལ་བྱང་འཕགས་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་གྱིས་ཁྱབ་པའི་ཕྱིར། རྒྱན་སྣང་ལས། སྐུ་རྣམ་པར་མཛེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་ལྷན་ཅིག་ཅེས་དང༌། ཚིག་གསལ་ལས་ཀྱང༌། ཐམས་ཅད་སྣང་མོད་ཀྱི་ཞེས་དང༌། སྐྱབས་འགྲོ་བདུན་ཅུ་པ་ལས། ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡིི་སྐུར་གཟིགས་སོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བྱང་འཕགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། བྱང་འཕགས་ཡན་ཆད་ཀྱི་དེ་ལྟར་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། ཁྱབ་སྟེ། ཡེ་ཤེས་ཆོས་སྐུ་ཡིན་ན་སེམས་ཅན་རྒྱུད་ཀྱི་དེ་མངོན་སུམ་དུ་རྟོགས་པའི་བློ་མེད་པས་ཁྱབ་པའི་ཕྱིར། དབུ་མ་སྙིང་པོ་ལས། འདི་ལ་ཚིག་དག་བཟློག་འགྱུར་ཞིང༌། །འདི་ནི་སེམས་ཀྱི་སྤྱོད་ཡུལ་མིན། །ཞེས་དང༌། དེའི་རང་འགྲེལ་ལས། དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའི་ཚོགས་དྲུག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བའི་སྒྲ་དེ་ཉིད་དང་ཡེ་ཤེས་གཉིས་ཀ་སྙེགས་ཏེ་ཞེས་གསུངས་པའི་ཕྱིར།

(26) དཔར་ཐེངས་གཉིས་པ། སྟུག་པོ་བཀོད་མ་ཡིན་པའི།

    གཉིས་པ་རང་ལུགས་ལ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་དེ། ལོངས་སྐུའི་མཚན་ཉིད། ངེས་པ་ལྔ་ཡོད་དེ། གནས་ངེས་པ། སྐུ་ངེས་པ། འཁོར་ངེས་པ། ཆོས་ངེས་པ། དུས་ངེས་པ་ལྔ་ཡོད་པའི་ཕྱིར་ཏེ། གནས་འོག་མིན་གཞལ་ཡས་ཁང་རྒྱ་དཔངས་ནམ་མཁའ་དང་མཉམ་ཞིང༌། ཉི་མ་བྱེ་བའི་འོད་ཅན་རྒྱན་སྟུག་པོ་བཀོད་པར་ངེས་པར། སྐུ་ངེས་པ་མཚན་དཔེས་སྤྲས་པ། འཁོར་ངེས་པ་བྱང་འཕགས་ཡན་ཆད་ཀྱི་རྣལ་འབྱོར་དབང་པོས་བསྐོར་བའི་མཐའ་མི་གཟིགས་པ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས། དུས་ངེས་པ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་རྟག་ཏུ་བཞུགས་པར་ངེས་པ་རྣམས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཟླ་གྲགས་ཀྱིས། འོག་མིན་གཞལ་ཡས་ཁང་དུ་ནི། །ཞེས་དང༌། མདོ་ལས། གནས་ལས་འདས་པ་སངས་རྒྱས་དབང༌། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །པདྨ་འདྲ་བའི་གཞལ་ཡས་ཁང༌། །ཞེས་དང༌། རྟོག་གེ་འབར་བ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་མེད་ཁང་སོགས་དང༌། དབུ་མ་སྙིང་པོ་ལས། རིན་ཆེན་འབར་བའི་གཟལ་ཡས་ཁང༌། །འོད་ཟེར་སྒྲོན་མ་བརྒྱ་སྙེད་འབར། །ཤིན་ཏུ་མཐོ་བ་མཁའ་མཉམ་པ། །ཞེས་དང༌། དེའི་འགྲེལ་བཤད་ལས། མཐོ་ཁྱད་ནམ་མཁའ་ལ་རེག་པ་ནི་ཤིན་ཏུ་མཐོ་བ་ནམ་མཁའ་མཉམ་པའོ་ཞེས་གསུངས་པའི་ཕྱིར། ཁྱད་པར་གཉིས་པ་གྲུབ་སྟེ། རྩ་བར། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཞེས་དང༌། མཚན་བརྗོད་འགྲེལ་པ་ལས། སྟོན་པ་ཁྱད་པར་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་གྲུབ་སྟེ། མདོ་ལས། སྟུག་པོ་དཀྱིལ་བཞུགས་བསམ་གཏན་བཞུགས། །སངས་རྒྱས་ས་མཆོག་རྣམས་ཞིང་ལ། །དེ་ལ་བཞུགས་ཤིང་གཟུགས་འཛིན་པ། །རྣལ་འབྱོར་མཁས་པ་ཉིད་ཚུལ་གྱིས། །དེ་ཡི་མཐའ་མ་མི་གཟིགས་པ། །ཞེས་དང༌། སྨྲྀ་ཏིས་འཁོར་ཁྱད་པར་ཅན་ཀུན་ཏུ་བཟང་པོ་ལ་སོགས་པ་ཞེས་དང༌། ཟླ་བས། ས་བཅུ་ལ་ནི་གནས་རྣམས་ཀྱིས། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །ཞེས་དང༌། གསེར་འཕྲེང་ལས། རྒྱན་སྣང་དུའང་བྱང་ཆེན་ས་བཅུ་ལ་བཞུགས་པ་རྣམས་དང་ཞེས་འབྱུང་བས་སློབ་དཔོན་གྱིས་བཞེད་པ་ས་བཅུ་ཀ་ལ་གནས་པ་ཡིན་ཞིང༌། ཤེར་སྒྲོན་དང་གྲགས་ཆར་ཡང་དེ་ལྟར་རོ་ཞེས་གསུངས་པའི་ཕྱིར། ཁྱད་པར་བཞི་པ་གྲུབ་སྟེ། འཁོར་སངས་རྒྱས་བྱང་སེམས་རྣམས་ལ་བྱང་འཕགས་ཡན་ཆད་རྣམས་ཀྱི་མཉམ་བཞག་སོ་སོ་རང་རིག་པའི་སྤྱོད་ཡུལ་གྱི་གཏམ་མདོ་སྡེ་ས་བཅུ་པ་དང༌། སྡོང་པོ་བརྒྱན་པའི་མདོ་ཕལ་ཆེན་ལྟ་བུ་དང༌། མཐོང་ཆོས་ལ་བདེར་གནས་ཀྱི་ཆོས་རྣམ་པར་སྣང་བའི་མདོ་དང༌། དཔལ་ཕྲེང་མདོ་དང༌། དེ་བཞིན་ཉིད་ཡང་དག་མཐའ་བསྟན་པ་བློ་གྲོས་མི་ཟད་པ་དང༌། ལྷག་པར་ཟབ་པ་རྒྱན་སྟུག་ལྟ་བུ་གདུལ་བྱའི་བསམ་པ་ལྟར་རྟག་པར་རྒྱུན་མི་འཆད་པར་སྲིད་མཐའི་བར་སྟོན་པའི་ཕྱིར། མདོ་ལས། འཁོར་གྱི་ཚོགས་དེ་དག་དང༌། དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བདག་གི་སོ་སོར་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་གྱི་གཏམ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཆོས་ནས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཕྱིར་མའི་མཐའི་མུར་གཏུགས་པར་སྟོན་ཏེ་ཞེས་གསུངས། སྨྲྀ་ཏིས་ཀྱང༌། ཆོས་ཁྱད་པར་ཅན་གཉིས་མེད་ཀྱི་ཆོས་སྟོན་ཞེས་དང༌། ཤེར་མདོ་ལས། བྱང་ཆེན་རྣམས་ལ་ཐེག་པ་མཆོག་གི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་བདེ་བ་དང་ཚིམ་པ་རབ་ཏུ་དགའ་བ་སྟོན་པར་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་དེ་དག་འོག་མིན་ལས་བྱུང་བ་སྤྲུལ་པའི་བྱང་སེམས་སོགས་ཀྱིས་འདིར་བཤད་པ་ཡིན་པའི་ཕྱིར། སྟུག་པོའི་མདོ་ལས། ས་བཅུ་པ་ཡི་མདོ་ཆོག་དང༌། ཞེས་པ་ནས། མདོ་སྡེ་རྣམ་པ་སྣ་ཚོགས་དག །སྟུག་པོའི་རྒྱན་ནས་རྣམ་པར་འབྱུང༌། །སྟུག་པོའི་རྒྱན་གྱི་མདོ་སྡེ་འདི། །མདོ་སྡེ་ཀུན་ལས་འཕགས་པ་ཡིན། །ཞེས་གསུངས་པའི་ཕྱིར། འདི་ལྟར་ཤེས་ན་ལོངས་སྐུའི་ཐེག་ཆེས་ཆོས་འདིར་མེད་པར་འཛིན་པའི་རྨོངས་པའི་མུན་ཚོགས་ཆེན་པོ་བསལ་ཡོད་པའི་ལེགས་བཤད་སྣང་བའི་དགའ་སྟོན་མཛོད། །ཁྱད་པར་ལྔ་པ་དུས་ངེས་པ་འཁོར་བའི་ཕྱི་མཐའི་བར་མྱ་ངན་མི་འདའ་བར་དུས་རྟག་ཏུ་བཞུགས་པ་ཡིན་ཏེ། འཇུག་པ་ལས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་དང༌། རང་འགྲེལ་ལས། སྐུ་འདི་ནི་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་འབྱོར་བའི་སླད་དུ་གནས་པ་ཡང་ཡིན་ནོ་ཞེས་དང༌། རྒྱུད་བླ་མ་ལས། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་པ་མེད་ཕྱིར་བརྟན་པ་འདི། །ཞེས་དང༌། ཐོགས་འགྲེལ་ལས། འདུ་མ་བྱས་པའི་ཡོན་ཏན་དང༌། །རྣམ་པར་དབྱེར་མེད་པར་འཇུག་པ་ཡང་སྲིད་པ་ཇི་སྲིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ཞེས་དང༌། དར་ཊིཀ་ལས། ཤེས་སྒྲིབ་ཀྱིས་བསྡུས་པའི་རྒྱུ་འབྲས་སྔར་བཤད་པ་བཞི་ཟད་པར་སྤངས་པས་བརྟན་པ་དང༌། ཞི་བ་དང༌། རྟག་པ་དང༌། འཕོ་བ་མེད་པའི་སྐུའོ་ཞེས་གསུངས་པའི་ཕྱིར།

    གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། ལོངས་སྐུ་ངེས་པ་ལྔ་ལྡན་མི་འཐད་པར་ཐལ། དེ་ངེས་པ་ལྔ་ལྡན་གྱི་ཁུངས་མེད་པའི་ཕྱིར། དེར་ཐལ། དེ་ལ་མདོ་བསྡུས་སྒྲོན་མེ་ཙམ་ལས་ཁུངས་མེད་ཅིང༌། དེས་ཁུངས་མི་ཐུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གསེར་འཕྲེང་ལས། འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར། ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། །ཞེས་པ་ཙམ་ལས་མ་མཐོང་ལ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྔར་བཀག་པའི་ངེས་པ་ལྔ་ལྟ་བུ་ལ་ཁུངས་མ་མཐོང་ཞེས་པའི་དོན་ཙམ་ཡིན་ཀྱང༌། ཆོས་སྐུ་ཐོབ་མ་ཐག་གི་ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་ངེས་པ་ལྔ་ལྡན་མཚན་ལྔ་ལྡན་གྱི་སྐུ་འགྲུབ་པའི་ཕྱིར། རྒྱུད་བླ་དར་ཊཱིཀ་ལས། ཆོས་སྐུ་ཐོབ་པའི་མཚན་ཉིད་ལྔ་ལྡན། ཡོན་ཏན་ལྔ་ལྡན་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ལ་ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེས་ཁུངས་མི་ཐུབ་པ་མ་ཟད་ཐེག་བསྡུས་དང་འགལ་བས་གནོད་པའི་ཕྱིར། གསེར་འཕྲེང་ལས། འདི་ནི་ཁུངས་མི་ཐུབ་ཅིང་དེར་མ་ཟད་ཐེག་བསྡུས་ལྟར་དེ་ལ་གནོད་པ་ཡང་སྣང་བས་དཔྱད་པར་བྱའོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དོགས་པ་ཙམ་ལས་གནོད་མི་གནོད་དཔྱད་གཞིར་བཞག་པའི་ཕྱིར། དཔྱད་པར་བྱའོ་ཞེས་པའི་དོན་གྲུབ་པའི་ཕྱིར། གཞན་ཡང་ཐེག་བསྡུས་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟོན་པའི་ཡོན་ཏན་དང་ཞེས་པའི་དོན་མ་གྲུབ་པར་ཐལ། ལོངས་སྐུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་སྟོན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གནས་ངེས་པ་འཐད་པའི་ཕྱིར། ཡང་ཁ་ཅིག །ངེས་པ་ལྔ་ལྡན་གྱི་སྤྲུལ་སྐུ་ཡོད་ཟེར་ན། དེ་ཆོས་ཅན། ཡང་དང་ཡང་དུ་མི་སྣང་བར་བྱས་ནས་སྤྲུལ་པ་སྟོན་པའི་སྐུ་མ་ཡིན་པར་ཐལ། སྐུ་ངེས་པ་སྲིད་མཐའི་བར་མཚན་དཔེས་བརྒྱན་པ་ཁོ་ནར་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྐུ་ངེས་པར་བུད། འདོད་མི་ནུས་ཏེ། དྲི་ཟའི་རྒྱལ་པོའི་ཆེད་དུ་པི་ཝང་རྡུང་མཁན་དང་སོགས་ཁོང་ནས་རྔོན་པ་བརྔོན་པར་སྤྲུལ་པ་དང༌། མི་དབང་པདྨ་སྐྱེས་འདུལ་བའི་ཕྱིར་རྒན་པོའི་གཟུགས་སུ་སྤྲུལ་པ་སོགས་གྲངས་མེད་ཅིག་ཅར་སྤྲུལ་པའི་ཕྱིར། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་པའི་འགྲེལ་པ་ལས། སྤྲུལ་པའི་སྐུ་ནི་རྟག་ཏུ་འདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་བཟོ་དང་ཞེས་དང༌། ལེགས་ལྡན་གྱིས། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་རྔོན་པ་འདུལ་བའི་དོན་དུ་རྔོན་པའི་གཟུགས་སུ་སྤྲུལ་པ་དང༌། མི་དབང་པདྨ་སྐྱེ་འདུལ་བའི་དོན་དུ་རྒན་པོའི་གཟུགས་སུ་སྤྲུལ་པ་དང་ཞེས་གསུངས་པའི་ཕྱིར།

    གཞན་ཡང༌། ཐེག་བསྡུས་ལས། སྤྲུལ་པའི་སྐུ་ནི་རྒྱུན་གྱིས་དེ་མི་སྣང་བར་བྱས་ནས་ཡང་ཡང་དུ་སྤྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར་རོ་ཞེས་པའི་དོན་མི་འཐད་པར་ཐལ། སྲིད་མཐའི་བར་དུ་མཚན་དཔེའི་སྐུ་མི་འགྱུར་བར་བཞུགས་པའི་སྤྲུལ་སྐུ་ཡོད་པའི་ཕྱིར། དེར་ཐལ། ངེས་པ་ལྔ་ལྡན་གྱི་སྤྲུལ་སྐུ་ཡོད་པའི་ཕྱིར། རྟགས་ཁས། འཁོར་གསུམ། གཞན་ཡང༌། སྤྲུལ་པའི་སྐུ་ཡང་ཡང་མི་སྣང་བར་མི་བྱེད་པར་ཐལ། ངེས་པ་ལྔ་ལྡན་གྱི་སྤྲུལ་སྐུ་ཡོད་པའི་ཕྱིར། འཁོར་གསུམ། ཡང་བླུན་པོ་ཁ་ཅིག །དང་པོ་རིགས་སོ་སོར་ངེས་ཀྱང་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་མི་སློབ་པའི་སྐྱེས་བུ་གཅིག་ཁོ་ནར་འགྱུར་བར་ཐལ། མདོ་སྡེ་རྒྱན་ལས། སངས་རྒྱས་ཉིད་དུ་བཞུགས་ན་དེ་དག་ཀུན། །རྟེན་ཡང་གཅིག་ཅིང་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་སངས་རྒྱས་ཐམས་ཅད་ཀྱི་གནས་སམ་རྟེན་ཆོས་སྐུ་མི་འདྲ་བའི་དབྱེར་མེད་པའི་དོན་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གནས་ཐ་དད་པ་མིན་པ་དང་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་ཅན་རིགས་ཅན་ལ་ཡང་རིགས་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་སོགས་ལྔ་ཡོད་པའི་ཕྱིར། ངེས་པ་དང་མ་ངེས་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའི་འདི་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུའི་འགྲོ་བ་དང༌། གླང་པོ་ཆེའི་ཤིང་རྟ་ལྟ་བུའི་འགྲོ་བ་དང༌། ཟླ་བ་དང་ཉི་མ་ལྟ་བུའི་འགྲོ་བ་དང༌། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུའི་འགྲོ་བ་དང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའོ་ཞེས་གསུངས་པའི་ཕྱིར། ཡང་སངས་རྒྱས་པའི་སྐབས་ན་སངས་རྒྱས་གཅིག་ཁོ་ནའམ་མང་པོ་ཡིན་དྲིས་པའི་ལན་གསུམ་ཡོད་དེ། ཁ་ཅིག་ན་རེ། འཇིག་རྟེན་གྱི་ཁམས་གཅིག་ན་སངས་རྒྱས་ཡོད་དུས་འཇིག་རྟེན་གྱི་ཁམས་གཞན་ན་སངས་རྒྱས་མི་འབྱུང་ཟེར། གཞན་དག་ན་རེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཅིག་གིས་མཛད་པ་མཛད་ཀྱི། མང་པོས་སངས་རྒྱས་པའི་མཛད་པ་མི་མཛད་ཟེར། ལ་ལ་ན་རེ། སངས་རྒྱས་ཀྱང་མང་ལ། སྒྲིབ་གཉིས་སྤངས་པའི་ཆོས་སྐུ་ཡང་མང་བར་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ངོ་བོ་ཉིད་མེད་པའི་འགྲེལ་པ་ལས། དེ་ལ་རེ་ཞིག་ཁ་ཅིག་ན་རེ། ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་གཅིག་ན་ཡོད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་མི་འབྱུང་ཟེར་རོ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་བཤད་དེ་ཉིད་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཅིག་ཁོ་ན་ཞིག་ནས། མང་པོ་མངོན་པར་རྫོགས་པས་རྒྱས་པ་ནི་མེད་དོ་ཞེས་ཟེར་རོ་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། འགྲེལ་བཤད་དེ་ཉིད་ལས། སངས་རྒྱས་ནི་མང་པོ་ཞིག་ཡིན་ལ། ཆོས་ཀྱི་སྐུ་ལ་ནས། སྤངས་པ་དེ་དག་ཀྱང་མང་པོ་ཉིད་དུ་ཡིན་ནོ་ཞེས་ཟེར་རོ་ཞེས་གསུངས་པའི་ཕྱིར། སངས་རྒྱས་པའི་གནས་སྐབས་སུ་སངས་རྒྱས་གཅིག་ལས་མེད་པའི་མི་འཐད་པར་ཐལ། རིགས་ཐ་དད་པའི་བྱང་སེམས་དུ་མ་ཡོད་པས་སངས་རྒྱས་གཅིག་མི་འཐད། ཚོགས་གཉིས་དོན་མེད་དུ་འགྱུར་བས་དེ་མི་འཐད། སེམས་ཅན་གྱི་དོན་མཛད་པ་རྫོགས་པ་ཡོད་པས་ཀྱང་མི་འཐད། སངས་རྒྱས་ཀྱི་ཐོག་མར་ཚོགས་བསགས་ཡུལ་གྱི་སངས་རྒྱས་མེད་པ་མི་འཐད་པའི་ཕྱིར། དེ་སྐད་དུ་མདོ་སྡེ་རྒྱན་ལས། ཐ་དད་རིགས་དོན་མེད་ཕྱིར་དང༌། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་ཞེས་གསུངས་པའི་ཕྱིར། དེ་སོགས་སྤྲོ་ཤེས་སླའོ། །

སྨྲས་པ།

རྒྱན་དང་རིན་ཆེན་ཡོད་དོ་ཅོག་གི་འོད། །

ཉི་མའི་འོད་བཞིན་རྒྱུ་སྐར་བཀྲམ་བཞིན་མང༌། །

དཔལ་དང་འབྱོར་བས་སྟུག་པོའི་ཕོ་བྲང་མཆོག །

ནམ་མཁའི་ཁྱོན་ལྟར་ཡངས་ཚུལ་འདི་ངོ་མཚར། །

    ངོ་མཚར་ཆེ་མང་འདི་ན་སངས་རྒྱས་ཀུན། །དུས་བཞིར་འདུས་པའི་ཕ་མཐའ་ནམ་མཁའི་མཐར། །སོང་བ་གཟིགས་པའི་ཡུལ་མིན་ས་བཅུ་ཡི། །རྒྱལ་སྲས་འཁོར་གྱི་ཕ་མཐའ་ཅི་ལ་ཡོད། །དེ་ལྟའི་ཕུན་ཚོགས་འཁོར་ལ་བཀའ་སྩལ་མོད། །ས་བཅུ་སྡོང་བཀོད་མདོ་སོགས་རྒྱལ་སྲས་ཀྱི། །ཡུལ་འདི་སྒྲ་ཙམ་ཐོས་ཚེ་འོག་མིན་གྱི། །ཕོ་བྲང་གཞལ་ཡས་ཁང་དུ་ཕྱིན་ནམ་སྙམ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                         དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།