ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད་སྐལ་བཟང་མིག་འབྱེད་ལས་ཡེ་ཤེས་ཆོས་སྐུ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-28 21:05:55     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

90660192682118338.jpg

    གཉིས་པ་ཡེ་ཤེས་ཆོས་སྐུ་སྟོན་པ་ལ། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཆོས་ཀྱི་སྐུ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ངོ་བོ། ཞེས་སོགས་ལ་འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། མདོ་ལས། ཟག་པ་མེད་པའི་ཆོས་ཐམས་ཅད་གང་ཞེས་དྲིས་པའི་ལན་དུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ནས། ལམ་ཤེས་པ་ཉིད་དང་ཐམས་ཅད་ཤེས་པ་ཉིད་དེ། རབ་འབྱོར་འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ་ཞེས་པའི་དོན་སྟོན་པར་འདི་བྱུང། གཉིས་པ་ནི་ཡེ་ཤེས་ཆོས་སྐུ་ཆོས་ཅན། དབྱེ་ན་སྡེ་ཚན་ཉེར་གཅིག་ཡོད་དེ། བྱང་ཕྱོགས་སོ་བདུན་ནས་རྣམ་མཁྱེན་བར་གྱི་ཚན་པ་ཉེར་གཅིག་དང། ཕྱེ་ན་བརྒྱ་དང་ཞེ་དྲུག་ཡོད་པའི་ཕྱིར།

    མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། ཇི་ལྟ་ཇི་སྙེད་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཤེས་པ་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་མིག་ཤེས་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་པར་ཐལ། ཇི་ལྟ་ཇི་སྙེད་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བཅོམ་ལྡན་འདས་ཀྱི་ཤེས་པ་ཐམས་ཅད་ཡུལ་ཐམས་ཅད་པ་ཅན་ཡིན་པའི་ཕྱིར། ཐུབ་དགོངས་ལས། བཅོམ་ལྡན་འདས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་ནི་ཡུལ་ཐམས་ཅད་པར་འདོད་དེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ་སྟེ། སངས་རྒྱས་ཀྱི་སར་བེམ་པོ་མེད་པས་དབང་ཤེས་ཡིད་ཤེས་ངོ་བོ་གཅིག་ཏུ་གྱུར་པའི་ཕྱིར། ཐུབ་དགོངས་ལས། མི་ཤེས་པའི་རང་བཞིན་གྱི་དབང་པོ་སངས་རྒྱས་ཀྱིས་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་སྤངས་པས་ན་ཡིད་ཀྱི་བློ་བཞིན་དུ་དབང་པོའི་བློ་རྣམས་ཀྱིས་ཡུལ་ཡོངས་སུ་གཅོད་པས་ཞེས་གསུངས་པའི་ཕྱིར། འདིས་ནི་སངས་རྒྱས་ཀྱིས་སར་དབང་ཤེས་ཀྱིས་ཀྱང་སྙོམས་འཇུག་བྱེད་པ་བསྟན་ཏོ། །གཞན་ཡང་སངས་རྒྱས་ཀྱི་དབང་ཤེས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་རྟོགས་པར་ཐལ། དེའི་དབུ་སྐྲ་དང་མཛོད་སྤུ་སོགས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་དེར་སྣང་ཞིང་བེམ་པོ་མ་ཡིན་པའི་ཕྱིར། དད་པའི་སྟོབས་བསྐྱེད་པའི་མདོ་ལས། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །ནས། དེ་བཞིན་དུ་མཚན་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་དུས་ཅིག་ཅར་དུ་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གཟིགས་སོ་ཞེས་གསུངས་པའི་ཕྱིར། འོ་ན་དེ་དབང་ཤེས་མ་ཡིན་པར་ཐལ། ཡེ་ཤེས་ཉིད་གཟུགས་སྐུར་ཤར་བ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཡེ་ཤེས་ཀྱི་རང་བཞིན་དེ་ལྟར་ཡིན་ཀྱང་དབང་པོའི་བློར་སྔོན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར། མདོ་དེ་ཉིད་ལས། རབ་འབྱམས་ཐམས་ཅད་དུ་གཟིགས་སོ་དེ་ལྟ་ནའང་དབང་པོའི་བློར་སྔོན་གྱི་རྗེས་སུ་འབྲང་བས་རྣམ་པར་བཞག་གོ་ཞེས་གསུངས་པའི་ཕྱིར། ཡང་བོད་སྔ་ཕྱིའི་མཁས་བླུན་འགའ་ཞིག་ན་རེ། འཇུག་པ་ལས། སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། །གསུངས་པས་སངས་རྒྱས་ཀྱི་སེམས་སེམས་བྱུང་མེད་ཟེར་ན། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་འཛམ་གླིང་བྱེ་བ་ཕྲག་བརྒྱའི་སྤྲུལ་སྐུ་ལ་གནས་པ་མ་ཡིན་པར་ཐལ། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་མེད་པའི་ཕྱིར། རྟགས་ཁས། འདོད་ན། བསྟོད་པ་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཡེ་ཤེས་གཅིག་ཉིད་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཕྲག་བརྒྱར་ཤར་བ་ཡིན་པའི་ཕྱིར། རྒྱུད་བླ་དར་ཊཱིཀ་ལས། སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གཟུགས་ཀྱི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ཡས་པ་ལ་དུས་ཅིག་ཅར་དུ་བརྟེན་ནས་གནས་པར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། མཆོག་གི་སྤྲུལ་སྐུ་ནི་གཟུགས་བརྙན་ཙམ་ཡིན་གྱི་སེམས་མེད་ཟེར་ན། འོ་ན་ཐུགས་སྤྲུལ་རྒྱུ་མེད་པར་ཐལ། མཆོག་གི་སྤྲུལ་སྐུ་ལ་སེམས་མེད་པའི་ཕྱིར། འདོད་ན། དེ་ལྟར་སྤྲུལ་བའི་འཕྲིན་ལས་མེད་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། དབྱིག་གཉེན་སོགས་པཎ་གྲུབ་དུ་མས་བཤད་པའི་ཕྱིར། མདོ་སྡེ་རྒྱན་དབྱིག་གཉེན་འགྲེལ་པ་ལས། སྐུ་དང་གསུང་དང་ཐུགས་སྤྲུལ་བའི་སྦྱོར་བའི་ཐབས་ཀྱི་ལས་ཅན་ཏེ་ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་བས་དུད་འགྲོ་ཆུ་སྲིན་སོགས་ཀྱི་སྐྱེ་བ་དྲན་པར་བཤད་པ་མི་འཐད་པར་ཐལ། སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་མདོ་བསྟན་བཅོས་དུ་མས་བཤད་པའི་ཕྱིར་ཏེ། ཐུབ་དགོངས་ལས། ཐུགས་ཀྱི་སྤྲུལ་པ་ནི་ཞེས་པ་ནས། གང་གིས་ཤེས་རབ་དམན་པས་ཀྱང་ཆོས་ཕྲ་མོ་ཡང་སོ་སོར་རྟོགས་པར་མཛད་པ་དང། དྲན་པ་ཉམས་པས་དྲན་པ་ཐོབ་བོ་ཞེས་པ་ལ་སོགས་པའོ་ཞེས་གསུངས་པའི་ཕྱིར། གཞན་ཡང། མདོ་སྡེ་རྒྱན་འགྲེལ་བཤད་ལས། ཐུགས་སྤྲུལ་པ་ནི་གང་གིས་ན་དེས་རྟོགས་པར་གྱུར་པར་གཞན་གྱི་སེམས་སྤྲུལ་ནས་ཆོས་སྟོན་པར་མཛད་པ་ཞེས་གསུངས་པ་མི་འཐད་པར་ཐལ། ཐུགས་ཀྱིས་སྤྲུལ་ཏེ་སྐྱེ་བོ་གཞན་གྱི་སེམས་ཀྱི་ཆོས་ཤེས་ཤིང། སྟོན་པར་སྤྲུལ་པ་ཞིག་མེད་པའི་ཕྱིར། གཞན་ཡང། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་མེད་པར་ཐལ། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་སེམས་ཅན་ཆོས་མི་ཤེས་པ་ཆོས་ཤེས་པར་མཛད་པ་མེད་པའི་ཕྱིར། དེར་ཐལ། དམ་བཅའ་འཐད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོ་འཕྲུལ་གསུམ་ཡོད་པའི་ཕྱིར། རྟོག་གེ་འབར་བ་ལས། རྫུ་འཕྲུལ་དང། ཀུན་ཏུ་བརྗོད་པ་དང། རྗེས་སུ་མཐུན་པ་དང་ལྡན་པའི་ཆོ་འཕྲུལ་དང་བཅས་པ་སྟེ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ས་བཅུ་བར་དུ་ཡེ་ཤེས་རྒྱུན་མི་འཆད་ལ་སངས་རྒྱས་པའི་ཚེ་རིག་པ་རྒྱུན་ཆད་ནས་དེ་བཞིན་ཉིད་འབའ་ཞིག་ཡོད་ཟེར་ན། འོ་ན་སངས་རྒྱས་སར་ཡེ་ཤེས་ཆོས་སྐུ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། ཡེ་ཤེས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ག་ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར། འགྲེལ་ཆེན་ལས། སྐུ་ལྷག་མ་གསུམ་པོ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཞེས་གསུངས་པའི་ཕྱིར། དེ་སྐད་དུ་རྒྱུད་བླ་དར་ཊཱིཀ་ལས། གཟུགས་སྐུ་གཉིས་ཀྱང་ཡང་དག་ཀུན་རྫོབ་ཏུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་སའི་ཏིང་ངེ་འཛིན་གཅིག་གིས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པར་ཐལ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ཏིང་ངེ་འཛིན་གཅིག་གིས་སྙོམས་འཇུག་དགུ་ལ་སྙོམས་འཇུག་ཡང་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ཏིང་ངེ་འཛིན་གཅིག་པོ་དེ་སྙོམས་འཇུག་དགུ་ག་ཡང་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་གཅིག་སྙོམས་འཇུག་དགུ་ལ་འཇུག་ཀྱང་སྙོམས་འཇུག་དགུ་དང་མ་འདྲེས་པར་གནས་པའི་ཕྱིར། འཇུག་འགྲེལ་དུ་མདོ་དྲངས་པ་ལས། ཏིང་ངེ་འཛིན་ནི་སྙོམས་པར་འཇུག་པར་སྟོན་སྙོམས་པར་འཇུག་པ་ཏིང་ངེ་འཛིན་དུ་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་འདྲེས་པ་གང་ཡང་མེད་ཅིང་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སངས་རྒྱས་ཀྱི་ཡེ་ཤེས་ལ་དག་མ་དག་གི་སྣོད་བཅུད་ཐམས་ཅད་སྣང་བར་ཐལ། དེས་དེ་ཐམས་ཅད་མཁྱེན་པའི་ཕྱིར། ཁྱབ་སྟེ། དེས་མཁྱེན་ན་སྣང་ནས་མཁྱེན་དགོས་པའི་ཕྱིར། ལམ་རིམ་ཆུང་ངུ་ལས། དེས་ན་ཇི་སྙེད་པ་མཁྱེན་པ་ལ་ཇི་སྙེད་པའི་དོན་རྣམས་སྣང་དགོས་ཤིང་ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་ཀྱིས་མ་དག་པའི་སྣོད་བཅུད་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་དག་པའི་སྣོད་བཅུད་ཐམས་ཅད་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་རིག་པའི་སྣང་བ་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་སྣང་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་སྣང་གང་ཟག་གཞན་ལ་སྣང་བ་ལ་མ་ལྟོས་པར་ཡེ་ཤེས་ཆོས་སྐུ་ལ་སྣང་བར་ཐལ། རྣམ་མཁྱེན་གྱིས་བདེན་སྣང་གཟིགས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལ་རང་ངོས་ནས་དེ་མི་སྣང་བའི་ཕྱིར། ལམ་རིམ་ཆུང་ངུ་ལས། གཞན་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་ཀྱི་རང་ངོས་ནས་སྣང་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁོ་རང་ལ་སངས་རྒྱས་ཀྱི་སར་དག་པའི་སྣོད་བཅུད་དང་མ་དག་པའི་སྣོད་བཅུད་ཡོད་མེད་ཀྱི་ཁྱད་པར་མེད་པར་ཐལ། བདེན་སྣང་སེམས་ཅན་ལ་སྣང་བ་ལ་མ་ལྟོས་པར་ཡེ་ཤེས་ཆོས་སྐུ་ལ་སྣང་བའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཀྱི་སར་དང་པོ་ཡོད་པ་གང་ཞིག །མ་དག་པའི་དེ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་རིམ་ལས། དེའི་དང་པོ་ནི་སངས་རྒྱས་ཀྱི་སར་ལྡོག་དོན་མེད་ལ་ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ལམ་རིམ་ལས། གཉིས་པ་ནི་ས་དེར་རྒྱུ་ལོག་པས་ལྡོག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་འཁྲུལ་སྣང་ཡོད་པར་ཐལ། དེས་མ་དག་པའི་སྣང་བ་ཐམས་ཅད་གཟིགས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་འདྲའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པ་ཡོད་པའི་ཕྱིར་ཏེ། གཟུངས་རྒྱལ་གྱིས་ཞུས་པ་དྲངས་པ་ལས། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་ཤེས་པའོ་ཞེས་དང། ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ་གཞན་གྱི་དྲིང་མི་འཇོག་པའོ་ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། གཟིགས་པ་མཐར་ཕྱིན་ཅིང་མཚུངས་པ་མེད་པའི་ཡེ་ཤེས་དེ། ཡེ་ཤེས་ཆོས་སྐུའི་མཚན་ཉིད། ཡོན་ཏན་མཐར་ཐུག་གི་ཡེ་ཤེས་དང། ཕུལ་བྱུང་གི་ཡེ་ཤེས། མཚུངས་མེད་ཀྱི་ཡེ་ཤེས། གོང་ན་མེད་པའི་ཡེ་ཤེས། རྣམ་མཁྱེན་རྣམས་རྣམ་གྲངས་ཡིན་ཏེ། འཇུག་འགྲེལ་ལས། བླ་ན་མེད་པའི་ཡེ་ཤེས་དེ་ཡང་ཞེས་དང། མཐར་ཐུག་གི་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ནི་མཚུངས་པ་མེད་པ་ཡང་ཡིན་ཏེ། དེ་དང་འདྲ་བ་མེད་པའི་ཕྱིར་དང། གོང་ན་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། ཡུལ་གྱིས་ཕྱེ་ན་ཇི་ལྟ་བ་མཁྱེན་པའི་དེ་དང། ཇི་སྙེད་པ་མཁྱེན་པའི་དེ་གཉིས། བྱེད་ལས་སྒོས་ཕྱེ་ན་ཡེ་ཤེས་ལྔ་སྟེ། ཆོས་དབྱིངས་ཡེ་ཤེས་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོགས་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་ལྔ་ཡོད་དེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ན་འོ ཞེས་དང། ཐུབ་དགོོངས་ལས། ཆོས་ཀྱི་དབྱིངས་དང་ཡེ་ཤེས་ལྔ་པོ་འདི་རྣམས་དང་ཞེས་དང། མདོ་རྒྱན་འགྲེལ་བཤད་ལས་ཀྱང། སངས་རྒྱས་ཀྱི་ཆོས་ལྔ་པོ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་བསྡུས་སོ་ཞེས་དང། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམ་པ་ལས་ནི་ཡང་དག་འབྱུང། །ཞེས་དང། མཚན་བརྗོད་ལས། ཁྱབ་བདག་ཡེ་ཤེས་ལྔ་བདག་ཅན། །ཞེས་དང། འཇམ་དཔལ་བཤེས་གཉེན་གྱི་འགྲེལ་པ་ལས། མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོགས་པ་དང། བྱ་བ་གྲུབ་པ་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཅན་ཞེས་གསུངས་པའི་ཕྱིར། སྡེ་ཚན་གྱིས་ཕྱེ་ན་བྱང་ཆུབ་ཕྱོགས་མཐུན་ནས་རྣམ་མཁྱེན་གྱི་བར་སྡེ་ཚན་ཉེར་གཅིག་དང། སོ་སོར་ཕྱེ་ན་བརྒྱ་དང་ཞེ་དྲུག་ཡོད་དེ། སྡེ་ཚན་ཉེར་གཅིག་ནི་བྱང་ཆུབ་ཕྱོགས་མཐུན་དང་གཅིག །ཚད་མེད་བཞི་དང་གཉིས། རྣམ་པར་ཐར་པ་བརྒྱད་དང་གསུམ། མཐར་གྱི་གནས་སྙོམས་འཇུག་དགུ་དང་བཞི། ཟད་པར་བཅུ་དང་ལྔ། ཟིལ་གནོན་སྐྱེ་མཆེད་བརྒྱད་དང་དྲུག །ཉོན་མོངས་མེད་དང་བདུན། སྨོན་ནས་མཁྱེན་དང་བརྒྱད། མངོན་ཤེས་ལྔ་དང་དགུ །སོ་སོ་ཡང་དག་རིག་བཞི་དང་བཅུ། ཡོངས་སུ་དག་བཞི་དང་བཅུ་གཅིག །དབང་བཅུ་དང་བཅུ་གཉིས། སྟོབས་བཅུ་དང་བཅུ་གསུམ། མི་འཇིགས་པ་བཞི་དང་བཅུ་བཞི། སྲུང་བ་མེད་པ་གསུམ་དང་བཅོ་ལྔ། དྲན་པ་ཉེར་བཞག་གསུམ་དང་བཅུ་དྲུག །བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་བཅུ་བདུན། བག་ཆགས་ཡང་དག་བཅོམ་པ་དང་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་དང་བཅུ་དགུ །མ་འདྲེས་པ་བཅོ་བརྒྱད་དང་ཉི་ཤུ་ཐམ་པ། རྣམ་མཁྱེན་སོགས་མཁྱེན་གསུམ་དང་སྡེ་ཚན་ཉེར་གཅིག་ཡོད་པའི་ཕྱིར། གཞན་རྣམས་སྔར་བཤད་ཟིན། རྣམ་མཁྱེན་ཉི་སྣང་ལས་འདོད་ཚུལ་བཞི་བཤད་ནས་ཐ་མ་ལེགས་གསུངས་ཤིང། ཤེས་བྱ་བཅུས་བསྡུས་པ་ཐམས་ཅད་མཁྱེན་པས་རྣམ་མཁྱེན་རང་ལུགས་བྱས་སོ། །ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་དེ། རྣམ་མཁྱེན་གྱི་མཚན་ཉིད་ཡིན་ཏེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་དང། འཇུག་འགྲེལ་དུ་མདོ་དྲངས་པ་ལས། མཐར་མ་ཕྱིན་པ་ཅུང་ཟད་ཀྱང་དེ་བཞིན་གཤེགས་པ་ལ་མེད་དོ། །ཞེས་གསུངས་པའི་ཕྱིར།

    འཕགས་སེང་བརྩད་ཚུལ་ནི། སློབ་དཔོན་ན་རེ། སྐུ་བཞིར་བཤད་དེ། བྱང་ཕྱོགས་སོགས་སངས་རྒྱས་སའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་སྐུ་གཉིས་པ་ཡེ་ཤེས་ཆོས་སྐུར་མངོན་པར་བཤད་པའི་ཕྱིར། རྒྱན་སྣང་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ནས། ཐམས་ཅད་མཁྱེན་པ་ནི་གཉིས་པ་ཆོས་ཀྱི་སྐུར་མངོན་པར་བརྗོད་དེ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། །ཞེས་དང། གསེར་འཕྲེང་ལས། ཞེས་བྱ་བ་ནི་སྣང་མཛད་ལ་སོགས་པ་ཁ་ཅིག་གི་ཡིན་ལ། སློབ་དཔོན་ཡང་དེའི་རྗེས་སུ་འབྲང་ངོ་ཞེས་དང། རྣམ་བཤད་ལས། མཁན་པོ་རྣམ་སྣང་མཛད་དང། སློབ་དཔོན་ལ་སོགས་པ་ཁ་ཅིག་གིས་བཞེད་པའོ་ཞེས་གསུངས་པའི་ཕྱིར། དེ་ལ་སློབ་དཔོན་འཕགས་པ་ན་རེ། བྱང་ཆུབ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་ཆོས་སྐུ་ཡེ་ཤེས་ཆོས་སྐུ་ལ་མི་བྱེད་པར་ངོ་བོ་ཉིད་སྐུ་ལ་བྱེད་པར་ཐལ། སྐུ་གསུམ་ཁོ་ནར་ངེས་པའི་ཕྱིར། དེར་ཐལ། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་འབྱུང་རིགས་ཀྱང་སྡེབ་སྦྱོར་དབང་གིས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སྨོས་ཙམ་ཡིན་པའི་ཕྱིར། མ་གྲུབ་ན། བྱང་ཆུབ་ཅེས་སོགས་ཀྱིས་བསྟན་པའི་ངོ་བོ་ཉིད་སྐུ་མེད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ཐུབ་པའི་ངོ་བོ་ཉིད་ཅེས་སོགས་ཀྱིས་བསྟན་པའི་ངོ་བོ་ཉིད་སྐུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐུབ་པའི་ངོ་བོ་ཉིད་ཅེས་སོགས་ཀྱིས་བསྟན་པའི་སྐུ་དེ་ཡང་འདུས་བྱས་ཡིན་པར་ཐལ། འདོད་པའི་ཕྱིར། རྒྱན་སྣང་ལས། གཞན་དག་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ནས། དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུའོ། །ཞེས་ངོ་བོའི་རྐྱེན་མི་མངོན་པར་བྱས་ནས་བསྟན་ཏོ་ནས། འཇུག་པར་བྱེད་དོ་ཞེས་དང། རྣམ་བཤད་ལས། འཕགས་པ་གྲོལ་སྡེ་ལ་སོགས་པ་གཞན་དག་ནི་ཐུབ་པའི་ཞེས་བྱ་བའི་ཞེས་སོ། །གསེར་འཕྲེང་ལས། སྐུ་བཞིར་འདོད་པ་ལས་གཞན་པ་ཞེས་གསུངས་པའི་ཕྱིར། དེས་ཀྱང་མི་གནོད་པར་ཐལ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །སོགས་དང། བྱང་ཆུབ་ཕྱོགས་མཐུན་སོགས་ཀྱི་གཞུང་གཉིས་མདོར་བསྟན་དང་རྒྱས་བཤད་དུ་སློབ་དཔོན་སེང་བཟང་མི་བཞེད་པའི་ཕྱིར།

    གཞན་ཡང་སློབ་དཔོན་ན་རེ། སངས་འཕགས་རྒྱུད་ཀྱི་ཁྱད་ཆོས་གསུམ་ལྡན་གྱི་སེམས་དང་སེམས་བྱུང་རྣམས་ཆོོས་ཅན། སངས་རྒྱས་ཀྱི་སྐུས་མ་བསྡུས་པར་ཐལ། ངོ་བོ་ཉིད་ཀྱི་སྐུས་མ་བསྡུས་པ་གང་ཞིག །ལོངས་སྤྲུལ་གཉིས་ཀྱིས་ཀྱང་མ་བསྡུས་པའི་ཕྱིར། ཁྱབ་པ་ཁས། འདིས་ནི་རྣམ་བཤད་རང་ལུགས་ལ་སྐུ་གསུམ་དུ་གྲངས་ངེས་པར་འདོད་པ་དག་ཀྱང་ལེགས་པར་ཁེགས་སོ། །གོང་གི་རྟགས་གཉིས་པ་སླ། དང་པོ་ངོ་བོ་ཉིད་སྐུས་མ་བསྡུས་པ་རྟགས་མ་གྲུབ་ན། དེས་དེ་མ་བསྡུས་པར་ཐལ། དེས་དེ་རང་ཡིན་པའི་ཚུལ་གྱིས་མ་བསྡུས་པ་གང་ཞིག །ཆོས་ཉིད་ཀྱིས་ཆོས་ཅན་བསྡུས་པའི་ཚུལ་དུ་ཡང་མ་བསྡུས་པའི་ཕྱིར། དང་པོ་མ་གྲུབ་ན། སངས་རྒྱས་ཀྱི་སེམས་སེམས་བྱུང་རྣམས་ཆོས་ཅན། འདུས་མ་བྱས་ཡིན་པར་ཐལ། ངོ་བོ་ཉིད་སྐུ་ཡིན་པའི་ཕྱིར། རྟགས་ཁས། རྟགས་གཉིས་པ་མ་གྲུབ་ན། ལོངས་སྤྲུལ་གཉིས་ཀྱང་ངོ་བོ་ཉིད་སྐུས་བསྡུས་པར་ཐལ། དེས་དེ་ཆོས་ཉིད་ཀྱིས་ཆོས་ཅན་བསྡུས་པའི་ཚུལ་གྱིས་བསྡུས་པའི་ཕྱིར། འདོད་ན། ངོ་བོ་ཉིད་སྐུ་ལས་དེ་གཉིས་ཟུར་བའི་སྐུ་འཆད་མི་རིགས་པར་ཐལ། དེ་གཉིས་ངོ་བོ་ཉིད་སྐུས་བསྡུས་པ་དེའི་ཕྱིར། ཁྱབ་པ་རིམ་བཞིན་ཁས་བླངས་སོ། །དེ་སྐད་དུ་རྒྱན་སྣང་ལས། གཞན་དག་ན་རེ། རྣལ་འབྱོར་པའི་ནས། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་གཉིས་ཀྱང་བསྟན་པ་ཡིན་པས། ལོགས་ཤིག་ཏུ་བསྟན་པ་མ་ཡིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ལོངས་སྤྲུལ་གཉིས་སྐུ་ཟུར་བར་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་དུ་རྒྱུད་བླ་མ་སོགས་གསུང་རབ་དུ་མས་བཤད་པའི་ཕྱིར་ཟེར་ན། འོ་ན་ཡེ་ཤེས་ཆོས་སྐུ་ཡང་ཟུར་བར་བྱས་ནས་བཤད་རིགས་པར་ཐལ། དེ་ཟུར་བ་བྱས་ན་ཤིང་རྟ་ཆེན་པོ་ལེགས་ལྡན་དང་མཁས་གྲུབ་ཆེན་པོ་འཇམ་གྲགས་དང་རྒྱུད་དང་འབུམ་སོགས་ལས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། དབུ་མ་སྙིང་པོའི་རང་འགྲེལ་ལས། ཡ་ེཤེས་དང་གཟུགས་དང་གསུང་གི་སྐུ་གསུམ་པོ་ཞེས་པ་ནས། འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དང། མཚན་བརྗོད་འགྲེལ་ཆེན་ལས། ཆོས་ཀྱི་སྐུ་གཉིས་པ་ནི་ཆོས་རྣམས་ཀྱི་བདག་ཉིད་ཅན་ཏེ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པའི་བར་དུ་སྣང་བའི་ཆོས་ཀྱི་ཚུལ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱུད་ལས། སྐུ་ལྔའི་བདག་ཉིད་ཅན་ཞེས་དང། ཤེར་ཕྱིན་ཆེན་མོ་ལས། དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་སྐུ་དང། གཟུགས་ཀྱི་སྐུ་དང། ཡེ་ཤེས་ཀྱི་སྐུ་ལྟ་བར་འདོད་པས་ཞེས་གསུངས་པའི་ཕྱིར། དེས་ཀྱང་ཡེ་ཤེས་ཀྱི་སྐུ་ཟུར་དུ་བཤད་པའི་ཕྱིར། རྒྱན་སྣང་ལས། རིགས་པ་འདི་ཉིད་ཀྱིས་ནས་ཆོས་ཀྱི་སྐུ་ཡང་ལོགས་ཤིག་ཏུ་བསྟན་པར་འགྱུར་རོ་ཞེས་སོ། །སྐུ་བཞིར་བཤད་པ་ལ་སྐུ་གསུམ་དུ་འདོད་པའི་འཕགས་པ་སོགས་ཁ་ཅིག་ན་རེ། སྐུ་གསུམ་ཁོ་ནར་ངེས་པར་ཐལ། མདོར་བསྟན་དུ་ངོ་བོ་ཉིད་ཅེས་པའི་སྒྲའི་མཇུག་ཐོགས་སུ་ཆོས་སྐུའི་སྒྲ་མི་འབྱུང་བའི་ཕྱིར། རྒྱན་སྣང་ལས། ཁ་ཅིག །སྐུ་བཞིར་བཤད་ལ་ངོ་བོ་ཉིད་ལོངས་རྫོགས་བཅས་དང་ནས། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་སྐུ་ནི་གསུམ་ཁོ་ནའོ་ཞེས་ཟེར་རོ་ཞེས་སོ དེ་ལ་གཞན་སྐུ་བཞིར་འདོད་པ་དག་ན་རེ། མདོར་བསྟན་གྱིས་ཆོས་སྐུ་མཛད་པ་སྦྱར་ནས་བཤད་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་ཁོ་ན་དང་མཛད་པ་ལྷན་ཅིག་སྦྱར་བའི་ཆེད་དང། མཛད་པ་ཐམས་ཅད་ཡེ་ཤེས་ཆོས་སྐུའི་མཛད་པར་ཤེས་པའི་ཆེད་ཡིན་པའི་ཕྱིར་དང། ཕྱོགས་གཞན་དུས་འཁོར་སོགས་སྔགས་ཀྱི་ཐེག་པ་ཐམས་ཅད་མི་འགལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་དུ་རྒྱན་སྣང་ལས། གཞན་དག་ན་རེ། ཉེ་བར་བསྟན་ཟིན་པའི་དགོས་པའི་དབང་གིས་དང། ཕྱོགས་གཞན་ནས་སྐུ་བཞིར་གསུངས་པ་ཐམས་ཅད་དང་མི་འགལ་བར་འགྱུར་རོ་ཞེས་ཟེར་རོ་ཞེས་གསུངས་པའི་ཕྱིར།

    གསུམ་པ་རྩོད་སྤོང་ལ་ཁོ་ན་རེ། སྟོང་ཉིད་རྟོགས་པའི་རྣམ་མཁྱེན་ཆོས་ཅན། ཡང་དག་ཀུན་རྫོབ་མ་ཡིན་པར་ཐལ། རྣམ་གྲངས་མིན་པའི་དོན་དམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཡང་དག་ཀུན་རྫོབ་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་ཀ་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། ཡང་དག་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ་ནས། ལྟོས་པའི་བྱེ་བྲག་གིས་གཅིག་ལ་གཉིས་པའི་ངོ་བོ་ཉིད་ཀྱང་མི་འགལ་ལོ་ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཁོ་ནར་ངེས་པར་ཐལ། རྒྱན་འདིར་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་རྒྱས་ཀྱི་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་རེ་རེ་ནས་ཆོས་ཅན། མ་འདྲེས་པ་བཅོ་བརྒྱད་གང་རུང་ཡིན་པར་ཐལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ཆོས་བརྒྱ་དང་བཞི་བཅུའི་གྲངས་ལ་འདྲེན་རྒྱུའི་ཚན་པ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་དང་བཞི་བཅུ་ཡོད་པའི་ཕྱིར། བྱང་ས་ལས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་དང་བཞི་བཅུ་ཡོད་དེ། སྐྱེས་བུ་ཆེན་པོའི་མཚན་གསུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང། རྣམ་པ་ཐམས་ཅད་དག་བཞི་དང། དེ་བའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། དྲན་པ་ཉེ་བར་བཞག་པ་གསུམ་དང། སྲུང་བ་མེད་པ་གསུམ་དང། ཐུགས་རྗེ་ཆེན་པོ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་བཅོམ་པ་དང། རྣམ་པ་ཐམས་ཅད་ཀྱི་མཆོག་མཁྱེན་པའོ་ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁ་ཅིག་ན་རེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིན་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་མ་འདྲེས་པ་བརྒྱ་དང་བཞི་བཅུ་གང་རུང་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཀྱི་ཆོས་མཐའ་དབུས་མེད་པའི་བཅུ་ཚན་དང་པོ་ནས་བཅུ་ཚན་སུམ་ཅུ་པ་སངས་རྒྱས་ཀྱི་རྣམ་ཐར་བཅུའི་བར་ཆོས་ཅན། མ་འདྲེས་པ་བཅོ་བརྒྱད་དང་མ་འདྲེས་པ་བརྒྱ་དང་བཞི་བཅུ་གང་རུང་ཡིན་པར་ཐལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སུམ་བརྒྱ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ཆོས་མཐའ་དབུས་མེད་པར་བཅུ་ནས་སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུའི་བར་ཡོད་པའི་ཕྱིར། དེ་བཞིན་གཤེགས་པ་བཅུ་བའི་མདོ་རྟོག་གེར་དྲངས་པ་ལས། དེ་དག་གི་ནི་སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་བཅུ་ཡིན་ནོ་ཞེས་པ་ནས། སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སུམ་བརྒྱ་པོ་འདི་དག་ཅེས་གསུངས་པའི་ཕྱིར་རོ། །སྡེ་ཚན་ལྔ་པ་འཆད་པར། ཟད་པར་བཅུ་ཡི་བདག་ཉིད་དང། །ཞེས་དང། འགྲེལ་པ་ལས། ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་ནས། ཟད་པར་རྣམ་པ་བཅུ་དང་ཞེས་བྱུང། དེ་ཡང་མདོ་ལས། ཟད་པར་སྐྱེ་མཆེད་བཅུ་ནི་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་སྟེ་ཟད་པར་བརྒྱད་དང། ཟད་པར་རྣམ་པར་ཤེས་པ་དང། ཟད་པར་ནམ་མཁའོ་ཞེས་པའི་དོན་སྟོན་པར་རྩ་འགྲེལ་བྱུང།

    མཐའ་དཔྱད་པ་ལ་གསུམ་ལས། ཁ་ཅིག་ན་རེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཡུལ་བཅུ་གང་རུང་གིས་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ཟད་པར་སྙོམས་འཇུག་གི་མཚན་ཉིད་དུ་འཇོག་ཟེར་ན། ཟད་པར་ནམ་མཁའ་དང་ཟད་པར་རྣམ་ཤེས་ཀྱི་སྐྱེ་མཆེད་ཀྱི་སྙོམས་འཇུག་གཉིས་རེ་རེ་ནས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་པ་ཡིན་པའི་ཕྱིར། དེར་ཐལ། ཟད་པར་ཐ་མ་གཉིས་གཟུགས་མེད་ལ་བརྟེན་པའི་ཕྱིར། རང་འགྲེལ་ལས། ཟད་པར་གྱི་སྐྱེ་མཆེད་ཐ་མ་གཉིས་ནི་གཟུགས་མེད་པ་དག་པ་བའི་རང་བཞིན་དག་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཟད་པར་གྱི་སྙོམས་འཇུག་ཡིན་ན་ཏིང་ངེ་འཛིན་ཤེས་རབ་གང་རུང་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། ཟད་པར་གྱི་སྙོམས་འཇུག་ཏུ་གྱུར་པའི་སེམས་དང་ཚོར་འདུ་སོགས་སེམས་བྱུང་གཞན་རྣམས་ཆོས་ཅན། ཏིང་ངེ་འཛིན་དང་ཤེས་རབ་གང་རུང་ཡིན་པར་ཐལ། ཟད་པར་གྱི་སྙོམས་འཇུག་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། ཀུན་བཏུས་ལས། ཟད་པར་སྐྱེ་མཆེད་རྣམས་ཀྱི་ཞེས་པ་ནས། དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཟད་པར་གྱི་སྐྱེ་མཆེད་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་གཉིས་ཀ་མ་ཡིན་པས་ཁྱབ་ཟེར་ན། ཟད་པར་གྱི་སྐྱེ་མཆེད་ཀྱི་དམིགས་པའི་རླུང་ཆོས་ཅན། དེ་གཉིས་ཀ་མ་ཡིན་པར་ཐལ། ཟད་པར་གྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེ་གཉིས་ཀ་ཡིན་པའི་ཕྱིར། གསེར་འཕྲེང་ལས། དེ་ལ་ཟད་པར་རླུང་གི་དམིགས་པ་གཟུགས་དང་རེག་བྱའི་སྐྱེ་མཆེད་གཉིས་ཀར་འགྱུར་ལ་ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཟད་པར་གཟུགས་ཅན་བདུན་གྱི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། གསེར་འཕྲེང་ལས། ཟད་པར་གཟུགས་ཅན་བདུན་གྱི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་མཛོད་འགྲེལ་ལས་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས་ཀྱང། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན་རྣམ་ཐར་དང་ཟིལ་གནོན་གྱི་དམིགས་པར་འབྱུང་བཞི་མ་བཞག་ཀྱང་ཟད་པར་གྱི་དམིགས་པར་འཇོག་པའི་ཁྱད་པར་མི་འཐད་པར་ཐལ། ཟད་པར་གྱི་དམིགས་པ་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གནས་འབྱུང་བ་དང་འབྱུང་འགྱུར་ལ་དབང་བྱ་བའི་ཆེད་དུ་ས་སོགས་འབྱུང་བ་བཞི་བཞག་པའི་ཕྱིར། ཀུན་བཏུས་ལས། ཅིའི་ཕྱིར་ཟད་པར་སྐྱེ་མཆེད་རྣམ་པ་གཉིས་ལ་སོགས་པར་གདགས་པ་ཞེ་ན་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་དར་ཊཱིཀ་ལས། རྣམ་ཐར་དང་ཟིལ་གནོན་གྱི་དམིགས་པ་ལ་འབྱུང་བཞི་མ་བཞག་པར་ཟད་པར་གྱི་དམིགས་པར་བཞག་པའི་རྒྱུ་མཚན་ཡོད་དེ་ཞེས་གསུངས་པའི་ཕྱིར། འདི་དག་ལ་ཆེན་པོ་མང་པོའང་འཁྲུལ་པར་གསེར་འཕྲེང་ལས་གསུངས་པས་ཅུང་ཟད་དཔྱད་ན། ཁ་ཅིག་ན་རེ། ཟད་པར་དང་པོ་བརྒྱད་ཀྱི་སེམས་རྟེན་བསམ་གཏན་བཞི་པའི་དངོས་གཞི་ཁོ་ན་ཡིན་པར་ཐལ། མཛོད་ལས། བསམ་གཏན་མཐའ་ན་ཞེས་དང། རང་འགྲེལ་ལས། བསམ་གཏན་བཞི་པ་ཁོ་ནར་ཡོད་དོ་ཞེས་གསུངས་པའི་ཕྱིར་ན་ཅུང་ཟད་མ་ཁྱབ་སྟེ། དེ་ཐེག་དམན་ལུགས་དང་མཐུན་ཀྱང་ཐེག་ཆེན་སྐབས་འདིར་ཉི་སྣང་ལྟར་བསམ་གཏན་བཞི་གར་བརྟེན་པ་ཡོད་དགོས་པའི་ཕྱིར། གསེར་འཕྲེང་ལས། ཉི་སྣང་ལྟར་ན་བསམ་གཏན་བཞི་ག་ལ་བརྟེན་ནོ་ཞེས་དང། ཉི་སྣང་ལས་ཀྱང། བསམ་གཏན་དང་པོ་ལ་སོགས་པ་རྣམས་ཟད་པར་ས་ལ་སོགས་པའི་དམིགས་པ་གཅིག་ལ་དམིགས་པ་མ་སྤངས་པར་རྟོག་པ་ལ་སོགས་པའི་ཡན་ལག་ལས་ཡང་དག་པར་འདའ་བར་འགྱུར་བ་དེ་ལྟར་ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཟད་པར་གྱི་རྣམ་གཞག་མདོ་དང་རྒྱ་གཞུང་གཞན་ལས་ཉི་སྣང་གསལ་བའི་ཕྱིར། དེར་ཐལ། ཟད་པར་གྱི་ངོོ་བོ་དང་དབྱེ་བ་དང་རྟེན་དང་སྦྱོང་ཚུལ་དང་མཚན་མ་དང་དེ་ཡིད་ལ་བྱེད་ཚུལ་དང་བྱེད་ལས་དང་སྐྱེ་མཆེད་གཞན་ལ་མི་འཇོག་པའི་རྒྱུ་མཚན་དང་ངེས་ཚིག་གི་བར་དགུར་གསེར་འཕྲེང་གིས་བཤད་པ་ལྟ་བུ་སྔར་མེད་པས་ནོར་འཁྲུལ་མཁས་པ་དག་ལའང་བྱུང་བའི་ཕྱིར། གསེར་འཕྲེང་ལས། ཚུལ་འདི་ལྟར་ཟད་པར་འཆད་པ་ནི་གསུང་རབ་རྣམས་ལ་ཉི་སྣང་འབའ་ཞིག་གི་ཁྱད་ཆོས་སུ་སྣང་བས་ཞེས་གསུངས་པའི་ཕྱིར།

    གཞན་ཡང་ཟད་པར་ས་ལ་ས་དངོས་གནས་པ་ཞིག་མེད་པར་ཐལ། དེ་ལ་གཟུགས་ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པའི་ཕྱིར། རྟགས་ཁས། དེར་ཐལ། ཁྱོད་ཀྱི་མཛོད་འགྲེལ་གྱི་ལུང་དོན་ལྟར་འཐད་པའི་ཕྱིར། རྩ་བར་འདོད་ན། འཕགས་པས་སྤྲུལ་བའི་སྲ་བ་དངོས་གནས་པ་མེད་པར་ཐལ། དེས་སྤྲུལ་བའི་ཟད་པར་ལ་ས་དངོས་གནས་པ་མེད་པའི་ཕྱིར། མ་གྲུབ་ན་འགལ་ཞིང། ཟད་པར་ས་ལ་གཟུགས་ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པར་བུད། འདོད་ན། གསེར་ལ་སོགས་པ་གང་མོས་མོས་ལྟར་གསེར་སོགས་སུ་བསྒྱུར་མི་ཐུབ་པར་ཐལ། དེ་ལ་གསེར་དངོས་གནས་པར་གྱུར་པ་ཞིག་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲ་ཞིག་ཡོད་པའི་ཕྱིར། གསེར་འཕྲེང་ལས། སའི་དངོས་གཞིར་གསེར་ལ་སོགས་པ་གང་མོས་མོས་སུ་ཟད་པར་བསྒྱུར་བ་རྣམས་དེ་ཁོ་ན་བཞིན་དུ་འགྱུར་ཞིང་ཞེས་གསུངས་པའི་ཕྱིར། གཞན་ཡང་སའི་དངོས་གཞི་ལས། འཕགས་པས་མོས་པ་དང་ཞེས་པ་ནས། དེ་ཇི་ལྟ་ཇི་ལྟར་མོས་པ་དང་ཇི་སྲིད་ཀྱི་བར་དུ་བསྒྱུར་བ་དེ་ཁོ་ན་བཞིན་དུ་དེར་འགྱུར་ཏེ་ཞེས་པའི་དོན་མི་འཐད་པར་ཐལ། ས་ཆུ་མེ་སོགས་གང་དུ་ཇི་སྲིད་མོས་པ་དེ་སྲིད་ཀྱི་བར་དངོས་གནས་པར་འགྱུར་བ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་སྲིད་ཀྱི་བར་དུ་ཞེས་པས་གང་དང་གང་ལ་ཇི་སྲིད་དུ་བསྒྱུར་བ་དེ་བསྟན། དེ་ཁོ་ན་བཞིན་དུ་འགྱུར་ཏེ་ཞེས་པས་དེ་དངོས་གནས་པར་འགྱུར་བ་དེ་བསྟན་པའི་ཕྱིར། གཞན་ཡང་འཕགས་པའི་གང་ཟག་གིས་ཟད་པར་སེར་པོའི་དབང་གིས་དངོས་པོ་དེ་གསེར་དུ་བསྒྱུར་བ་མ་ཡིན་པར་ཐལ། འཕགས་པས་སྤྲུལ་པས་ས་སོགས་གསེར་དུ་བསྒྱུར་བ་ཞིག་མེད་པའི་ཕྱིར། མ་གྲུབ་ན། གཟུགས་ཅན་གྱི་ཟད་པར་ལ་གཟུགས་ཀྱི་སྐྱེ་མཆེད་ཀྱིས་ཁྱབ་པར་བུད། འདོད་ན། ཉི་སྣང་ལས། ཟད་པར་སེར་པོའི་དབང་གིས་ནི་གཟུགས་སེར་པོར་སྤྲུལ་བ་དང་གསེར་དུ་རྣམ་པར་འགྱུར་བར་བྱེད་པ་ལ་སོགས་པའོ་ཞེས་གསུངས་པ་མི་འཐད་པར་ཐལ། ཟད་པར་སེར་པོས་ས་སོགས་གསེར་དུ་རྣམ་པར་འགྱུར་བར་བྱེད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། གསེར་དུ་རྣམ་པར་འགྱུར་བར་བྱེད་ཅེས་པའི་དོན་ཞིག་ཡོད་པའི་ཕྱིར། ཡང་ཁ་ཅིག །འཕགས་པས་གསེར་དུ་སྤྲུལ་པ་ཡོད་ཀྱང་དེ་གསེར་མིན་ཟེར་ན། འོ་ན་སའི་དངོས་གཞི་ལས། ཇི་སྲིད་ཀྱི་བར་དུ་བསྒྱུར་བ་དེ་ཁོ་ན་བཞིན་དུ་འགྱུར་ཞེས་གསུངས་པ་མི་འཐད་པར་ཐལ། དེས་དེ་གསེར་དུ་བསྒྱུར་བ་གསེར་མ་ཡིན་པའི་ཕྱིར། ཁྱབ་སྟེ། ས་ལས། ཇི་སྲིད་ཀྱི་བར་དུ་བསྒྱུར་བ་དེ་ཁོ་ན་བཞིན་དུ་དེར་འགྱུར་ཏེ་གསེར་ལ་སོགས་པ་དེ་དག་གིས་ཀྱང་བྱ་བ་བྱེད་ནུས་སོ་ཞེས་གསུངས་པའི་ཕྱིར། གཞན་ཡང། འཕགས་པས་ཟད་པར་མེས་བསྲེག་མི་ནུས་པར་ཐལ། དེས་སྤྲུལ་པའི་ཟད་པར་མེ་མེ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་རང་རྒྱལ་གྱིས་མྱ་ངན་འདའ་དུས་རང་གི་གདུང་མེས་བསྲེག་པ་སོགས་འགྲུབ་པའི་ཕྱིར། ཉི་སྣང་ལས། ཟད་པར་མེའི་དབང་གིས་ནི་ཞེས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་མེའི་ཁམས་ཀྱིས་ལུས་སྲེག་པ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། གཞན་ཡང་ཉི་སྣང་ལས། ཟད་པར་མེའི་དབང་གིས་ནི་ནས། མེ་ཀུན་ཏུ་ལེན་པ་དང་གང་དང་གང་འདོད་པ་དེ་དང་དེ་བསྲེག་པར་ནུས་པ་ཉིད་དང་ཞེས་པའི་དོན་ཞིག་མེད་པར་ཐལ། ཟད་པར་མེའི་སྐྱེ་མཆེད་ཀྱི་མེ་དངོས་གནས་པ་སྤྲུལ་པ་ཞིག་མེད་པའི་ཕྱིར། ཁྱབ་སྟེ། དེའི་མེ་དངོས་གནས་པ་སྤྲུལ་པ་ཡོད་པའི་ཕྱིར། དེར་ཐལ། དེས་གང་དང་གང་འདོད་པ་དེ་དང་དེ་བསྲེག་ནུས་པ་དངོས་སུ་སྤྲུལ་པ་ཡོད་པའི་ཕྱིར། ཁྱབ་སྟེ། ཚ་ཞིང་སྲེག་པ་མེའི་མཚན་ཉིད་ཡིན་པའི་ཕྱིར། ཀུན་བཏུས་ལས། མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ་ཞེས་དང། ཀུན་བཏུས་དར་ཊཱིཀ་ལས། མཚན་ཉིད་ནི་རིམ་པ་བཞིན་དུ་ཞེས་པ་ནས་ཚ་ཞིང་སྲེག་པ་དང་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཟད་པར་སྒོམ་པའི་རྟེན་མི་ཁོ་ན་ལ་སྐྱེ་ཟེར་ན། གཟུགས་མེད་ཀྱི་ཟད་པར་ནམ་མཁའ་དང་རྣམ་ཤེས་ཀྱི་དེ་གཉིས་ཆོས་ཅན། མི་ཁོ་ནར་སྐྱེ་བར་ཐལ། ཟད་པར་སྒོམ་པའི་རྟེན་མི་ཁོ་ནར་ཟད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་བསྒོམ་པའི་ཁམས་གསུམ་གའི་རྟེན་ཅན་ཡོད་པའི་ཕྱིར། མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ཞེས་དང། གནད་སྒྲོན་ལས། གཟུགས་མེད་པའི་རྣམ་པར་ཐར་པ་དང། གཟུགས་མེད་པའི་ཟད་པར་དག་ནི་ཁམས་གསུམ་པའི་རྟེན་ཅན་དག་གོ་ཞེས་གསུངས་པའི་ཕྱིར། ཟད་པར་ལྷག་མ་བརྒྱད་ཀྱང་ཁམས་གསུམ་གའི་རྟེན་ལ་སྐྱེ་ཟེར་ན། དེ་མི་འཐད་པར་ཐལ། ལྷག་མ་ལུང་ལས་སྐྱེ་དགོས་ཤིང་ལྷ་སོགས་ལ་ལུང་མེད་པས་མིའི་རྟེན་ཁོ་ནར་ངེས་པའི་ཕྱིར། རྩ་བར། ལྷག་མ་མི་ལ་སྐྱེ་ཞེས་དང། གང་སྤེལ་ལས། དེ་དག་ནི་མིའི་རྟེན་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུང་གི་མཐུས་བསྐྱེད་པའི་ཕྱིར་དང། ལྷ་ལ་སོགས་པ་གཞན་ན་ལུང་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར

    རང་ལུགས་ལ། ཟད་པར་སྐྱེ་མཆེད་ལ་མཚན་ཉིད། དབྱེ་བ། རྟེན་སྦྱོང་ཚུལ། མཚན་མ། དེ་ཡིད་ལ་བྱེད་ཚུལ། བྱེད་ལས། སྐྱེ་མཆེད་གཞན་ལ་མི་འཇོག་པའི་རྒྱུ་མཚན། ངེས་ཚིག་དགུ་ལས། ངོ་བོ་ཉིད་ནི་ཆོས་བཅུ་ཅི་རིགས་ལ་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་དང་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་རིག་པ་དེ། དེའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། ཏིང་ངེ་འཛིན་དང་ཤེས་རབ་དང་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་ཟད་པར་གྱི་སྐྱེ་མཆེད་ཅེས་བྱའོ་ཞེས་སོ། །གཉིས་པ་ནི། དབྱེ་བ་བཅུ་ཡོད་དེ། ཟད་པར་ས་དང། ཆུ་དང། མེ་དང། རླུང་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་སྟེ་ཟད་པར་བརྒྱད་དང། ནམ་མཁའ་དང་རྣམ་ཤེས་ཀྱི་ཟད་པར་གཉིས་དང་བཅུ། རྟེན་གཟུགས་མེད་གཉིས་ཁམས་གསུམ་གའི་རྟེན་ཅན། ལྷག་མ་བརྒྱད་མིའི་རྟེན་ཅན་ཁོ་ནར་མཛོད་འགྲེལ་འགྲེལ་བཤད་དག་གིས་སོ། །སེམས་རྟེན་དང་པོ་བརྒྱད་བསམ་གཏན་བཞི་པ་དང་ཐ་མ་གཉིས་གཟུགས་མེད་དང་པོ་གཉིས་ལ་བརྟེན་པར་མཛོད་དང་བསམ་གཏན་བཞི་ག་ལའང་བརྟེན་པ་ལེགས། བཞི་པ་ནི། སྔར་གོམས་པར་དམིགས་པ་ཅུང་ཟད་དེ་དེའི་ཏིང་ངེ་འཛིན་འབྱུང་སྟེ། ཆུ་མཐོང་ཙམ་གྱིས་ཟད་པར་ཆུའི་ཏིང་ངེ་འཛིན་འབྱུང་བ་ལྟ་བུའོ། །གསར་དུ་སྒྲུབ་ཚུལ་ཡོད་དེ། བཅུ་ཀའི་དམིགས་རྟེན་དང། དེ་ཡིད་ལ་བྱེད་ཚུལ་གཉིས་ཡོད་པའི་ཕྱིར། དམིགས་རྟེན་ཡོད་དེ། རྩིག་པའམ་རིབ་མས་བསྐོར་པ་སོགས་ཡིད་མཐུན་གནས་སུ་སྡེ༷་སོགས་བྲལ་བའི་སྣོད་ཆུས་གང་བ་དང། རྩིག་པ་སོགས་ལ་མཐོ་གང་སོར་བཞིའི་ཚད་ཀྱི་བུ་ཁང་འོག་ཁང་གི་མེ་འབར་བ་མཐུག་པོའི་ཕུང་པོ་དང། རྩིག་པ་སོགས་ཀྱི་བུ་ག་ནས་རླུང་འབྱུང་བ་ཡན་ལག་ལ་ཕོག་པས་རླུང་དང་གོས་དང་སྣོད་དང་ཟ་མ་ཏོག་གང་རུང་སྔོན་པོ་དང་སེར་པོ་མདོང་ཀའི་མེ་ཏོག་དང་རས་སེར་པོ་ལྟ་བུ་དང་དམར་པོ་བན་ཛི་24པ་ཀའི་མེ་ཏོག་དང། རས་དམར་པོ་དང་དཀར་པོ་ལ་སྐར་མ་པ་སངས་སམ་རས་དཀར་པོ་ལྟ་བུའི་ཟད་པར་དང་པོ་བརྒྱད་དང། རྩིག་པ་དང་རེ་ལྡེ་དང་སྣམ་བུ་གང་རུང་གིས་གཡོགས་པའི་གནས་སུ་མཐོ་གང་སོར་བཞིའི་བུ་ག་གཏོད་པའི་ནམ་མཁའ་དང། བུམ་ནང་དུ་མར་མེ་སྦར་ཞིང་ཁ་བཅད་ནས་དེ་ལ་བུ་ག་ཧ་ཅང་མི་ཆེ་བ་བཏོད་པའི་མར་མེའི་འོད་ཀྱིས་རྩིག་པ་ལ་ཕོག་པས་སྣང་བའི་དཀྱིལ་འཁོར་ཟད་པར་རྣམ་ཤེས་ཀྱི་དམིགས་རྐྱེན་བར་བཅུ་ཡོད་པའི་ཕྱིར། ཡིད་ལ་བྱེད་ཚུལ་ཡོད་དེ། རྩིག་པའམ་རེ་ལྡེའམ་སྣམ་བུ་གང་རུང་གིས་གཡོགས་པའི་གནས་སམ་ཤིང་དྲུང་སོགས་དམིགས་པ་དེ་དག་མཐོང་བའི་གནས་ཡིད་དང་མཐུན་པར་སྟན་བདེ་བར་འདུག་ནས་བསམ་གཏན་ལ་བརྟེན་ནས་ས་ས་ཆུ་ཆུ་ཞེས་སོ་སོའི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་དུ་གོམས་པར་བྱེད་པ་དེ་ཡིན་པའི་ཕྱིར། བདུན་པ་ཟད་པར་གྱི་བྱེད་ལས་ཡོད་དེ། ཟད་པར་གཟུགས་ཅན་བརྒྱད་ཀྱིས་སྤྲུལ་པ་དང་ས་གསེར་དུ་བསྒྱུར་བ་སོགས་ཀྱི་བསྒྱུར་བའི་རྫུ་འཕྲུལ་བསྒྲུབ། ཟད་པར་ནམ་མཁས་ནམ་མཁའ་ལ་འགྲོ་འོང་བྱེད། ཟད་པར་རྣམ་ཤེས་ཀྱིས་ཉོན་མོངས་སྤོང་བ་དང་སོ་སོ་ཡང་དག་རིག་པ་སྨོན་ནས་ཤེས་པ་ལ་སོགས་པ་བསྒྲུབ་པར་སའི་དངོས་གཞིར་བཤད། ཟད་པར་སྐྱེ་མཆེད་བཞི་བཞི་ཁོ་ནར་འཇོག་རིགས་ཏེ། གཟུགས་རེག་གཉིས་གཟུགས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་ཅིང་དབང་པོ་ལྔ་གཞན་རྒྱུད་ལ་མེད། དྲི་རོ་གཉིས་གཟུགས་ཁམས་ན་མེད་པས་མ་བཞག་པར་སའི་དངོས་གཞིར་བཤད་པའི་ཕྱིར། སྒྲ་བཤད་ཡོད་དེ། ཉི་སྣང་ལས། རྒྱུན་མི་འཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་སྐྱེ་མཆེད་དོ་ཞེས་གསུངས་པའི་ཕྱིར

(24) དཔར་ཐེངས་གཉིས་པ། བན་ཛི་བ་ཀའི།

    རྩོད་སྤོང་ལ་བོད་ཁ་ཅིག་ན་རེ། སངས་རྒྱས་ལ་དཔྱད་མི་བཟོད་པའི་རྫུན་སྣང་ཡོད་དེ། སངས་རྒྱས་ཀྱི་མི་སྡུག་པའི་ཏིང་ངེ་འཛིན་ལ་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བའི་ཕྱིར་ཟེར་ན། སངས་རྒྱས་ཀྱི་མི་སྡུག་པའི་ཏིང་ངེ་འཛིན་ལ་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་མི་སྣང་བར་ཐལ། དེ་ལ་ས་གཞི་ཀེང་རུས་སུ་མི་སྣང་བའི་ཕྱིར། དེར་ཐལ། དེ་ལ་ཀེང་རུས་ཀྱི་གཟུགས་བརྙན་གཟུགས་བརྙན་དུ་སྣང་བ་ཙམ་ཡིན་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། ཀེང་རུས་ཀྱི་གཟུགས་བརྙན་གཟུགས་བརྙན་དུ་སྣང་བ་ཡིན་གྱི་ཀེང་རུས་སུ་མི་སྣང་བས་འཁྲུལ་བ་མངའ་བ་ག་ལ་འགྱུར་ཞེེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སངས་རྒྱས་ལ་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་ཟེར་ན། འོ་ན་སངས་རྒྱས་ལ་གཟུགས་བརྙན་རང་རེ་ལ་སྣང་བ་ལྟར་སྣང་བར་ཐལ། སངས་རྒྱས་ལ་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་དེ་འཁྲུལ་བ་གཏན་ཟད་མ་ཡིན་པར་ཐལ། དེ་ལ་གཟུགས་བརྙན་སྣང་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། སངས་འཕགས་དེ་ཟག་པ་ཀུན་ཟད་ཀྱི་སྟོབས་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། འཆི་མེད་མཛོད་ལས་ཀྱང༌། མངོན་ཤེས་དྲུག་དང་སྟོབས་བཅུ་པ་ཞེས་དང༌། བདེན་གཉིས་ལས། ཉེས་པ་ཀུན་གྱི་ས་མ་ཡིན། །ཡོན་ཏན་རྒྱ་མཚོ་ཀུན་གྱི་ས་ཞེས་གསུངས་པའི་ཕྱིར། མི་སྡུག་པའི་ཏིང་ངེ་འཛིན་ལ་ཡང་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བ་སྣང་ཙམ་ཡིན་ཚུལ་སོགས་ཤེས་པར་གྱིས།

 

    སྨྲས་པ།

      ཇི་ལྟ་ཇི་སྙེད་མངོན་གཟིགས་ཡེ་ཤེས་སྐུའི། །ཡོན་ཏན་མཁའ་ལྟར་རྒྱ་ཆེ་གྲངས་མེད་ཀུན། །ཤེས་པར་དཀའ་ཡང་སྡེ་ཚན་ཉེར་གཅིག་ཏུ། །རྒྱན་ལས་གསུངས་པའི་དཀའ་གནད་ཤིང་རྟ་ཆེ། །སོ་སོའི་ལུགས་བཞིན་མ་འདྲེས་མ་ནོར་བར། །མེ་ལོང་ཚུལ་བཞིན་བཤད་འདིས་རྒྱལ་རྣམས་མཆོད། །བདག་ཉིད་ཆེན་པོ་ཡབ་སྲས་ལེགས་བཤད་ཀྱིས། །འཕགས་སེང་དགོངས་འགྲེལ་མ་ལུས་ལེགས་བཤད་སྐབས། །བློ་གསལ་རྐང་དྲུག་མང་རྣམས་ལེགས་བཤད་དབྱངས། །དར་དིར་ད་སྒྲོགས་གྲགས་སྙན་རྔ་གསང་ལྡིར། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                              རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                        དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།