ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་གངྒྰའི་ཆུ་རྒྱུན་ལས་ཆོས་སྐུའི་སྤྱི་དོན།

གཉིས་པ་ལ་ཆོས་སྐུའི་རྣམ་གཞག་དང། འཕྲིན་ལས་འཆད་པ་གཉིས། དང་པོ་ལ་མཚམས་སྦྱར་བ་དང། སོ་སོའི་དོན་བཤད་པ་གཉིས། དང་པོ་འཆད་པར། འགྲེལ་བར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་གསུངས། འདིའི་དོན་འཆད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། བྱང་སེམས་རྒྱུན་མཐའ་བས་གསར་དུ་འཚང་རྒྱ་བའི་རྟེན་ལ་འདོད་གཟུགས་གཉིས་ཀའི་རྟེན་ཡོད་ཟེར་ན། འོ་ན། ལང་གཤེགས་ལས། འདོད་པ་ཁམས་དང་གཟུགས་མེད་ན། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱ་འོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འདོད་ཁམས་དང་གཟུགས་མེད་ཀྱི་རྟེན་ལ་གསར་དུ་འཚང་རྒྱ་བ་མེད་ལ་གཟུགས་ཁམས་ཀྱི་འོག་མིན་གྱི་རྟེན་ལ་གསར་དུ་འཚད་རྒྱ་དགོས་ཞེས་བསྟན་པ་མ་ཡིན་པའི་ཕྱིར་ཏེ། འདོད་པའི་རྟེན་ལ་གསར་དུ་འཚང་རྒྱ་བ་གཅིག་ཡོད་པའི་ཕྱིར་ཏེ། འདོད་པའི་རྟེན་ཅན་གྱི་རྒྱུན་མཐའ་བ་གཅིག་ཡོད་པའི་ཕྱིར། གཞན་ཡང། འོག་མིན་གྱི་རྟེན་ཅན་མ་ཡིན་པའི་རྒྱུན་མཐའ་བ་གཅིག་ཡོད་པར་ཐལ། འདོད་པའི་རྟེན་ཅན་གྱི་རྒྱུན་མཐའ་བ་གཅིག་ཡོད་པའི་ཕྱིར། རྟགས་སོང། དེར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། འོག་མིན་གྱི་རྟེན་ལ་སངས་མ་རྒྱས་པར་འདོད་པའི་རྟེན་ལ་གསར་དུ་སངས་རྒྱས་པའི་སངས་འཕགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་མ་ཐག་པའི་གང་ཟག་ཡིན་ན་འོག་མིན་གྱི་རྟེན་ཅན་ཡིན་དགོས་པར་ཐལ། འཚང་རྒྱ་བ་ཐམས་ཅད་དེའི་ཚེ་འོག་མིན་གྱི་རྟེན་ལ་འཚང་རྒྱ་དགོས་པའི་ཕྱིར་ན། ཁ་ཅིག་རེ་ཞིག་མ་ཁྱབ་ཟེར། རྩ་བར་འདོད་ན། གདུལ་བྱའི་དབང་གིས་སངས་རྒྱས་མ་ཐག་པའི་རི་བོང་གི་རྣམ་པ་ཅན་གྱི་སྤྲུལ་སྐུ་དང། ནོར་བུ་དང་ལྗོན་ཤིང་གི་རྣམ་པ་ཅན་གྱི་སྤྲུལ་སྐུ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་འདྲ་བའི་སྤྲུལ་སྐུ་ཡོད་པའི་ཕྱིར་ཏེ། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འོག་མིན་གྱི་ལུས་རྟེན་ཅན་དུ་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁམས་གསུམ་གང་གིའང་ལུས་རྟེན་ཅན་མ་ཡིན་པའི་ཕྱིར་རོ། །གོང་དུ་མ་ཁྱབ་མཚམས་ལ་རྟགས་གྲུབ་སྟེ། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །ཞེས་སོགས་གསུངས་པ་དེའི་ཕྱིར། འདོད་མི་ནུས་ཏེ། ལོངས་སྐུ་དང་དངོས་རྒྱུ་ཉེར་ལེན་རྐྱེན་རྣམས་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་འདོད་རྟེན་ཅན་གྱི་སྤྲུལ་སྐུ་ཡོད་པའི་ཕྱིར། དེར་ཐལ། ལོངས་སྐུས་བདག་རྐྱེན་བྱས་པའི་མཆོག་སྤྲུལ་སོགས་ལོངས་སྐུ་གྲུབ་མ་ཐག་གི་དུས་སུ་མེད་ཀྱང་དེ་འདྲ་བའི་འབྲེལ་གྲུབ་ཀྱི་འདོད་གཟུགས་ཀྱི་རྟེན་ཅན་གྱི་སྤྲུལ་སྐུ་ཙམ་མཐའ་ཡས་པ་ཡོད་པའི་ཕྱིར། དང་པོ་གང་ཞིག །ཕྱི་མ་དེའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ལོངས་སྐུས་བདག་རྐྱེན་བྱས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་སྐུ་དེའི་ཚེ་ཚོགས་པ་གཅིག་ཏུ་མེད་ཀྱང། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་སངས་རྒྱས་མ་ཐག་ནས་སེམས་ཅན་གང་ལ་གང་འདུལ་གྱི་ཆེད་དུ་སྣོད་བཅུད་མཐའ་ཡས་པའི་རྣམ་པ་ཅན་གྱི་སྤྲུལ་སྐུ་རབ་འབྱམས་སྟོན་པའི་ཕྱིར་ན་མ་ཁྱབ་སྟེ། འདོད་པའི་གང་ཟག་གི་རྣམ་པ་ཅན་ཡིན་ཡང་འདོད་པའི་རྟེན་ཅན་མ་ཡིན་པ་དུ་མ་ཡོད་པའི་ཕྱིར་ཏེ། རི་བོང་གི་རྣམ་པ་ཅན་གྱི་སྤྲུལ་སྐུ་དེ་ཁམས་གསུམ་གང་གིའང་རྟེན་ཅན་མ་ཡིན་པའི་ཕྱིར་ཏེ། དེ་དེའི་ལུས་རྟེན་ཅན་མ་ཡིན་པའི་ཕྱིར། གོང་དུ་མ་གྲུབ་ན། དེ་འདྲ་བའི་ལོངས་སྐུ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་ཀྱི་སྤྲུལ་བ་དེ་ལྟར་སྟོན་པར་ཐལ། མཐར་ཐུག་གི་ཡེ་ཤེས་བཞི་རྒྱུད་ལྡན་གྱི་སངས་འཕགས་ཡིན་པའི་ཕྱིར། ཁྱབ་སྟེ། མཉམ་ཉིད་ཡེ་ཤེས་ཀྱིས་དུས་ཀུན་ཏུ་གདུལ་བྱ་ལ་གང་འདུལ་གྱི་སྐུ་དང། བྱ་སྒྲུབ་ཡེ་ཤེས་ཀྱིས་ཀྱང་སྣོད་བཅུད་རབ་འབྱམས་སྤྲུལ་ནས་དེ་ལྟར་སྟོན་ཐུབ་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམ་ཀུན་ཏུ་བྱམས་པ་དང། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་དང། དེའི་འགྲེལ་བར་དབྱིག་གཉེན་གྱིས། དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང། སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ངེས་པར་སྟོན་པར་མཛད་པ་ཡིན་ཏེ། འདི་ལྟར་སེམས་ཅན་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་སྔོན་པོར་མཐོང་ཁ་ཅིག་གིས་ཁ་དོག་སེར་པོར་མཐོང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྩ་འགྲེལ་གཉིས་ཀའི་དུས་ཀུན་ཏུ། ཞེས་པ་དང། སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན། ཞེས་པའི་དོོན་ཡོད་པའི་ཕྱིར། འདིས་ནི་ཁ་ཅིག་ལོངས་སྐུའང་གདུལ་བྱ་ཐམས་ཅད་ལ་སྣང་རུང་ཟེར་ན། དེ་མི་འཐད་པར་ཐལ། དེ་ལ་ལོངས་སྤྲུལ་གཉིས་ཀ་ཡོད་པའི་ཕྱིར། གོང་གི་རྟགས་གྲུབ་སྟེ། མདོ་སྡེ་རྒྱན་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་བ་ཡིས། །སེམས་ཅན་ཀུན་གྱི་དོན་གྲུབ་པའོ། །ཞེས་དང། དེའི་འགྲེལ་བར་དབྱིག་གཉེན་གྱིས། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་སྤྲུལ་བ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་དག་གིས་སེམས་ཅན་གྱི་དོན་མཛད་པའོ། །ཞེས་དང། ཡེ་ཤེས་སྙིང་པོའི་བདེན་གཉིས་ཀྱི་འགྲེལ་བ་ལས། རྣམ་པ་གང་དང་གང་གིས་ནི། །གང་དང་གང་ན་གང་གང་ཚེ། །སྐལ་ལྡན་སྐྱེ་བོ་གང་དང་གང། །དེ་དེ་ཡོངས་སུ་སྨིན་བྱ་བར། །རྣམ་པ་དེ་དེས་དེ་དང་དེར། །དེ་ཡི་ཚེ་དང་དེ་ཡི་ཚེ། །ཐུབ་པའི་བ་སྤུའི་ཁུང་སོགས་ནས། །སྤྲུལ་བ་གདོན་མི་ཟ་བར་འབྱིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་པ་གང་དང་གང་གིས་འཇིག་རྟེན་གྱི་ཁམས་གང་དང་དུས་གང་དང་གང་གི་ཚེ། སྐལ་ལྡན་སྨིན་ཆེད་དུ་བ་སྤུའི་ཁུང་དང་ཕྱག་ཞབས་སོགས་ལས་སྤྲུལ་བ་སྣ་ཚོགས་འབྱིན་པར་བྱེད་པའི་ཕྱིར་དང། རྣམ་བཤད་ལས་ཀྱང། སངས་རྒྱས་ཀྱི་སྤྲུལ་བའི་སྐུའི་བྱེ་བྲག་འགའ་ཞིག་ལོངས་སྤྱོད་རྫོགས་པའི་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཚུལ་དུ་ཐོབ་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དུས་དེ་དང་དེའི་ཚེ་དེ་ལྟར་སྤྲུལ་ན་སངས་རྒྱས་མ་ཐག་གི་དུས་ནའང་དེ་ལྟར་ཡོད་དགོས་ཏེ། དེ་དུས་སུའང་སྤྲུལ་བས་འདུལ་དགོས་ཀྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གདུལ་བྱ་མཐའ་ཡས་ཡོད་པའི་ཕྱིར་དང། དེ་དུས་སྐུ་བཞི་མ་གྲུབ་པར་འདོད་པའང་འདིས་ཁེགས་སོ། །
ཡང་ཁ་ཅིག །སངས་རྒྱས་མ་ཐག་པའི་འདོད་རྟེན་ཅན་ཡོད་ཟེར་ན། དེ་མི་འཐད་དེ། བླ་མེད་བྱང་ཆུབ་རྙེད་མ་ཐག་གི་འདོད་རྟེན་ཅན་མེད་པའི་ཕྱིར་ཏེ། བླ་མེད་བྱང་ཆུབ་བརྙེས་མ་ཐག་པའི་ཁམས་གསུམ་གང་རུང་གི་རྟེན་ཅན་ལ་འོག་མིན་ཁོ་ནའི་རྟེན་ཅན་གྱིས་ཁྱབ་པའི་ཕྱིར་ཏེ། འཇུག་འགྲེལ་ལས། བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་སོ། །ཞེས་དང། རྗེའི་གསུང་དུ། འཚང་རྒྱ་བའི་རྟེན་ནི་ཕར་ཕྱིན་གྱི་ཐེག་པ་ལྟར་འོག་མིན་གྱི་ལྷའི་རྟེན་ཁོ་ནར་བཞེད། ཅེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བྱ་སྒྲུབ་ཡེ་ཤེས་ལོངས་སྐུའི་རྒྱུད་ལ་ཡོད་པ་དེ་མི་འཐད་པར་ཐལ། དེ་སྤྲུལ་སྐུའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས་རྣམས་ལོངས་སྐུའི་རྒྱུད་ཀྱི་མཁྱེན་པ་གང་ཞིག །བྱ་སྒྲུབ་ཡེ་ཤེས་སྤྲུལ་སྐུའི་རྒྱུད་ཀྱི་མཁྱེན་པ་ལ་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་མེ་ལོང་ཡེ་ཤེས་ལོངས་སྐུར་བཤད་པ་དང། ཙནྡྲ་གོ་མིས་ཀྱང། གང་ཡང་ཀུན་གཞི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེ་འོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཅེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་ལོངས་སྐུའི་བདག་རྐྱེན་གྱི་སྒོ་ནས་ལོངས་སྐུར་བཏགས་པ་ཙམ་ཡིན་པའི་ཕྱིར་ཏེ། གསེར་འཕྲེང་ལས། འདི་ལོངས་སྐུར་བཤད་པ་ནི། དེའི་རྒྱུ་ཡིན་པ་ལ་ངོ་བོ་ཉིད་མེད་པས་བཤད་དོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། ཙནྡྲ་གོ་མིས། བྱ་བ་སྒྲུབ་པ་ཙམ་ཉིད་ཐོབ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྤྲུལ་བྱེད་ཀྱི་ཏིང་ངེ་འཛིན་བྱེད་པ་ཙམ་ལ་དགོངས་པ་ཡིན་པའི་ཕྱིར་ཏེ། ཙནྡྲ་གོ་མིས། དེའི་རྗེས་དེ་མ་ཐག་ཏུ། སྤྲུལ་བ་ཀུན་གྱི་རྒྱུ་ཡིན་ཕྱིར། །ཞེས་གསུངས་པའི་ཕྱིར། འོ་ན་ཁྱོད་རང་ལ། ལོངས་སྐུ་ལ་རྣམ་རྟོག་མེད་ཅིང་ཅི་འདོད་འདོད་ཀྱི་སྤྲུལ་བ་སྟོན་པའི་ཏིང་ངེ་འཛིན་དང། སྤྲུལ་སྐུའི་རྒྱུད་ལ་རྟོག་པ་མེད་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་འབྱུང་བ་དང་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་སྐུ་སྟོན་པའི་ཏིང་ངེ་འཛིན་མེད་པར་ཐལ། ལོངས་སྐུ་ལ་དེ་ལྟར་མེད་པ་གང་ཞིག །སྤྲུལ་སྐུ་ལ་དེ་ལྟར་མེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་རྒྱུད་ལ་བྱ་སྒྲུབ་ཡེ་ཤེས་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སངས་རྒྱས་ཀྱིས་རྣམ་རྟོག་མེད་བཞིན་དུ་མཛད་པ་སྣ་ཚོགས་སྟོན་པ་བྱ་སྒྲུབ་ཡེ་ཤེས་ཀྱི་བྱེད་ལས་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཞེས་སོགས་སྔར་དྲངས་པ་དེའི་ཕྱིར། གཉིས་པ་མ་གྲུབ་ན། དེར་ཐལ། དེའི་རྒྱུད་ལ་མེ་ལོང་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་དང་སོར་རྟོགས་ཡེ་ཤེས་རྣམས་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེས་ཆོས་ཐམས་ཅད་བདག་ཏུ་འཛིན་པ་མེད་པའི་སྒོ་ནས་ཆོས་ཐམས་ཅད་ཡོངས་སུ་མ་ཆད་པ་དང། དུས་ཀུན་ཏུ་ཐོགས་པ་མེད་པར་མངོན་སུམ་དུ་རྟོགས་པ་དེ་མེ་ལོང་ཡེ་ཤེས་ཀྱི་ལག་རྗེས་གང་ཞིག །རྒྱལ་བ་རྣམས་ཀྱིས་སེམས་ཅན་ལ་བུ་གཅིག་པ་ལྟ་བུར་བརྩེ་བ་དང་དེའི་དབང་གིས་མྱ་ངན་ལས་མི་འདའ་བ་དེ་མཉམ་ཉིད་ཡེ་ཤེས་ཀྱི་ལག་རྗེས་ཡིན། རྒྱལ་བ་རྣམས་ཀྱིས་ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པར་མངོན་སུམ་དུ་མཁྱེན་ཅིང་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཀྱི་ཆར་འབེབས་པ་དེ་སོར་རྟོགས་ཡེ་ཤེས་ཀྱི་ལག་རྗེས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་པའི་ཕྱིར། དེ་ལ་མངོན་ཕྱོགས་མིན་ཞེས་པའི་དོན་ཡོད་དེ། གསེར་འཕྲེང་ལས། ཁྱད་པར་ཕྱི་མའི་དོན་ནི་རྣམ་པས་བར་མ་ཆོད་པར་ཡུལ་མཁྱེན་ཞེས་སམ། ཡང་ན། འཛིན་སྟངས་ཀྱི་རྣམ་པ་རིས་སུ་ཆད་པ་མེད་པས་ཡུལ་ལ་རིས་སུ་ཆད་པའི་སྒོ་ནས་ཕྱོགས་པའང་མ་ཡིན་ཞེས་པའོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མདོ་སྡེ་རྒྱན་ལས། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང། །ཞེས་སོགས་སྔར་དྲངས་པ་དེའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། མདོ་སྡེ་རྒྱན་ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་པའི་ཕྱིར།
དེས་ན་མདོ་སྡེ་རྒྱན་དང་ཙནྡྲ་གོ་མིའི་གསུང་གི་ཚིག་ཟིན་ལ་ཡེ་ཤེས་བཞིའི་དང་པོ་གསུམ་ལོངས་སྐུ་དང། ཕྱི་མ་སྤྲུལ་སྐུར་བཤད་ཀྱང་ཡེ་ཤེས་བཞི་གས་ལོངས་སྤྲུལ་གྱི་བདག་རྐྱེན་བྱེད་ཚུལ་ལ་དགོངས་པ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་བཞིས་ལོངས་སྤྲུལ་གྱི་བདག་རྐྱེན་བྱེད་ཚུལ་གཙོ་ཆེ་ཆུང་དེ་ལྟར་ཡིན་ཀྱང། བདག་རྐྱེན་བྱེད་ཚུལ་དང་རྒྱུད་ལ་ལྡན་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། གསེར་འཕྲེང་ལས། དེ་ལྟར་གསུངས་ཀྱང་འདིར་ནི་ཡེ་ཤེས་བཞི་ཡེ་ཤེས་ཀྱི་སྐུར་བྱས་ནས་གཟུགས་སྐུ་གཉིས་དེའི་བདག་རྐྱེན་ལས་བྱུང་བའི་སྐུར་བྱའོ། །ཞེས་གསུངས་པའི་ཕྱིར། འཚང་རྒྱ་བའི་གནས་ལ། ཡང་ཁ་ཅིག །ཤིན་ཏུ་མཐོང་བའི་སྟེང་དེ་མ་ཐག་གི་འོག་མིན་དུ་སངས་རྒྱས་ཟེར་ན། འོ་ན། དེ་ཉན་ཐོས་གོང་འཕོ་བ་འགའ་ཞིག་གིས་བསམ་གཏན་སྤེལ་བསྒོམ་གྱིས་སྐྱེ་བ་ལེན་པའི་འོག་མིན་དུ་འཚང་རྒྱ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གནས་འོག་མར་བཞག་པའི་སྟེང་ན་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བའི་གནས་དེར་སངས་རྒྱས་པ་ཡིན་པའི་ཕྱིར་ཏེ། མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་བོ་གཅིག་འདིར་འཚང་རྒྱ། །ཞེས་དང། རྒྱུད་སྡེ་སྤྱི་རྣམ་ལས། འོག་མིན་དེ་གང་ན་ཡོད་ཅེ་ན། ལྷའི་གནས་རྣམས་ཀྱི་མཐར་ཐུག་པ་ནི་གཙང་མའི་གནས་ཀྱི་འོག་མིན་ཏེ། དེའི་གོང་ན་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དེ་ཡོད་དེ། ཞེས་གསུངས་པའི་ཕྱིར། གཞན་ཡང། དེར་སྐྱེ་བ་བླངས་པའི་ཉན་ཐོས་ཡོད་པར་ཐལ། དེ་བསམ་གཏན་སྤེལ་བསྒོམ་གྱིས་སྐྱེ་བ་བླངས་པའི་འོག་མིན་ལ་བྱེད་རིགས་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེར་སྐྱེ་བ་ལེན་པ་ལ་ཚོགས་གཉིས་རྒྱ་ཆེན་བསགས་ཤིང་ཏིང་ངེ་འཛིན་མཐའ་ཡས་པའི་སྒོ་ཕྱེ་བ། སྨོན་ལམ་ཆེན་པོ་འབུམ་ཕྲག་བཅུ་ལ་སོགས་པ་བཏབ་པའི་བྱང་སེམས་འཕགས་པ་ཡན་ཆད་ཅིག་དགོས་ཀྱི་ཏིང་ངེ་འཛིན་སྤེལ་བསྒོམ་གྲུབ་པ་ཙམ་གྱིས་མི་ཐུབ་པའི་ཕྱིར། དེར་ཐལ། ལོངས་སྐུའི་འཁོར་དུ་སྐྱེས་པའི་ཉན་རང་སོགས་མེད་ལ་བྱང་འཕགས་ཡན་ཆད་ཅིག་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། ཀ་མ་ལ་ཤཱི་ལས། དེར་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བ་ཁོ་ནར་སྐྱེ་བ་བཞེས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདིའི་སྲིད་པ་ཐ་མ་བ་ལ་ཞིབ་ཆ་དགོས་སོ། །འདིའི་གནས་འོག་མིན་དེ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ནང་གི་འོག་མིན་དུ་མ་གཏོགས། བྱས་པ་ལ་ཁོ་ན་རེ། དེ་ལྟ་བུའི་འཚང་རྒྱ་བའི་གནས་དེ་ཤེར་ཕྱོགས་ཀྱི་མདོ་རྩ་འགྲེལ་དང། མངོན་པའི་མདོ་དགོངས་འགྲེལ་དང་བཅས་པ་ནས་བཤད་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་གང་རུང་དུ་མ་གཏོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཁམས་ཀྱི་རྟེན་ལ་སངས་མ་རྒྱས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལོངས་སྐུ་དེ་མདོ་སྡེ་དག་ཏུ་བཤད་པའི་འོག་མིན་དུ་སངས་མ་རྒྱས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། གནས་རིགས་བཅུ་བདུན་གྱི་འོག་མིན་དང་དེ་བཅོ་བརྒྱད་དུ་བྱས་པའི་འོག་མིན་གཉིས་ཡོད་པའི་ཕྱིར་ཏེ། ས་སྡེར་བཤད་ཚུལ་འོག་ཏུ་འཆད་དོ། །འདོད་ན། དེ་མདོ་དེ་དག་ནས་བཤད་པའི་གཟུགས་ཁམས་སུ་སངས་མ་རྒྱས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཁམས་གསུམ་པོ་གང་གིའང་རྟེན་ལ་སངས་མ་རྒྱས་པར་ཐལ་ལོ། །འདོད་ན། དེ་སངས་རྒྱས་པའི་རྟེན་མེད་པར་ཐལ་ལོ། །འདིས་གཟུགས་ཁམས་གནས་རིགས་བཅུ་བདུན་དུ་མ་གཏོགས་པའི་བཅོ་བརྒྱད་པ་མི་འདོད་ཟེར་བ་ཡང་ཁེགས། དེ་ལ་ཁོ་ན་རེ། མདོ་ལས། གཙང་མའི་གནས་དག་སྤངས་ནས་ནི། །འོག་མིན། ཞེས་གསུངས་པ་མི་འཐད་པར་ཐལ། དེ་གནས་གཙང་ལྔ་ལ་མ་གཏོགས་པ་མ་ཡིན་པའི་ཕྱིར་ཏེ། དེ་འོག་མིན་ལ་མ་གཏོགས་པ་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཉན་ཐོས་ཀྱིས་སྐྱེ་བ་ལེན་པའི་གནས་གཙང་ལྔ་སྤངས་ཞེས་པའི་དོན་ཡིན་པའི་ཕྱིར། སྐུ་བཞི་ཐོབ་དུས་ལ། ཁོ་ན་རེ། སྐུ་བཞི་རིམ་ཅན་ཁོ་ན་ཡིན་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཚོལ་བ་ནི། །སྐུ་མེད་པ་དང་སྐུ་བཅས་སྐུ་ཐོབ་དང། །སྐུ་ཡོངས་རྫོགས་དང་ང་རྒྱལ་མེད་པ་དང། །ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །ཅེས་ཚོགས་ལམ་གྱི་དུས་སུ་ཆོས་སྐུ་མེད་ལ། སྦྱོར་ལམ་གྱི་དུས་སུ་ཆོས་སྐུ་དང་བཅས། མ་དག་ས་བདུན་གྱི་དུས་སུ་ཆོས་སྐུ་ཐོབ། དག་པ་ས་གསུམ་གྱི་དུས་སུ་ཆོས་སྐུ་རྫོགས་ཏེ་སངས་རྒྱས་པ་དང་ལོངས་སྐུ་ཐོབ་ཅིང། དེ་ལས་སྤྲུལ་སྐུ་འབྱུང་བ་ཡིན་པའི་ཕྱིར་ཏེ། བདེན་གཉིས་འགྲེལ་བ་ལས། དེ་ལས་སྤྲུལ་བའི་སྤྲིན་གྱི་རྒྱུན། །ཀུན་ཏུ་རབ་ཏུ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་ཟེར་ན། འོ་ན། འབྲས་བུ་ཆོས་སྐུ་ཐོབ་པའི་མཐོང་ལམ་པ་ཡོད་པར་ཐལ། ཆོས་སྐུ་ཐོབ་པའི་དེ་ཡོད་པའི་ཕྱིར། འདོད་ན། སློབ་ལམ་ན་རྫོགས་པའི་སངས་རྒྱས་ཐོབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཚང་རྒྱ་དགོས་ཡིན་པའི་ཕྱིར་ཏེ། སློབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་ཆེན་རིགས་ངེས་ཀྱིས་སངས་རྒྱས་པ་དང་མི་སློབ་ལམ་ཐོབ་པ་དུས་མཉམ་པའི་ཕྱིར་ཏེ། ཀུན་བཏུས་ལས། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ་ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར། ཞེས་གསུངས་པའི་ཕྱིར་ཏེ། དེ་སྐད་དུ་གསེར་འཕྲེང་ལས། ཞེས་བཤད་ཀྱང་སློབ་ལམ་ན་སངས་རྒྱས་ཐོབ་པ་མེད་པས་མི་འཐད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། དེས་ཆོས་སྐུ་མ་ཐོབ་པར་ཐལ། དེས་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་མ་ཐོབ་པ་གང་ཞིག །ལོངས་སྤྲུལ་ཁྱོད་རང་གིས་ཀྱང་མི་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། བྱང་སེམས་མཐོང་ལམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། རྟོགས་པ་ཡི་ནི་ཆོས་དྲུག་དང། །ཞེས་པ་ནས། འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་པའི་ཕྱིར།
གཞན་ཡང། དེས་དེ་མ་ཐོབ་པར་ཐལ། དེས་ངོ་བོ་ཉིད་སྐུ་མ་ཐོབ་པའི་ཕྱིར་ཏེ། ངོ་བོ་ཉིད་སྐུ་ཐོབ་པ་ལ་རྒྱུན་མཐའི་བར་ཆད་མེད་ལམ་ཐོབ་དགོས་པའི་ཕྱིར། དེས་འོག་མིན་དུ་རྒྱུན་མཐའི་བར་ཆད་མེད་ལམ་བྱང་སེམས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཀུན་བཅོམ་སྟེ་དེའི་རྣམ་གྲོལ་ལམ་ཐོབ་པའི་ཚེ་རང་བཞིན་གནས་རིགས་དེ་ངོ་བོ་ཉིད་སྐུ་དང། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་རྣམ་མཁྱེན་དང། མཚན་དཔེས་སྤྲས་པའི་སྐུ་ཅན་གྱི་གང་ཟག་རང་ཉིད་ལོངས་སྐུ་དང། གདུལ་བྱའི་གྲངས་སྙེད་ཀྱི་སྤྲུལ་སྐུ་ཐོབ་པ་བཞི་དུས་མཉམ་པས་སྐུ་བཞི་ཅིག་ཅར་ཐོབ་དགོས་པའི་ཕྱིར། དེར་ཐལ། དེ་འདྲ་བའིི་སྐུ་བཞི་ཐོག་མར་ཐོབ་པ་དང། འབྲས་བུ་ཆོས་སྐུ་ཐོག་མར་ཐོབ་པ་དུས་མཉམ་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཡང་ཇི་ལྟར་ཆོས་ཀྱི་སྐུ་འདི་རགས་པས་ཐོག་མ་ཉིད་དུ་འཐོབ་ཅེ་ན། ཐེག་པ་ཆེན་པོའི་ཆོས་མ་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་རྣམ་པ་ལྔ་ལེགས་པར་སྒོམ་པས་ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ། སྒྲིབ་པ་སྲབ་མོ་གཞིག་པར་དཀའ་བ་བཤིགས་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཏིང་ངེ་འཛིན་དེའི་མཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་དེ་དག་གནས་གྱུར་པས་ཐོབ་བོ། །ཞེས་དང། ཚུལ་འདི་ལ་དགོངས་ནས་རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང། དེ་ནས་སྐད་ཅིག་གཉིས་པ་ལ་རྣམ་གྲོལ་ལམ་སྐྱེས་པའི་ཚེ་ཤེས་བྱ་ཇི་ལྟ་བ་ལ་གཉིས་སྣང་ནུབ་ནས་ཆུ་ལ་ཆུ་བཞག་ཏུ་སོང་བ་དེའི་གཟིགས་པའི་ངོར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་དེའི་ཚེ་ཤེས་སྒྲིབ་ཟད་པར་སྤངས་པ་དང། ཡང་དག་པའི་མཐའ་མངོན་དུ་བྱས་པ་དང། ཆོས་ཀྱི་སྐུ་མངོན་དུ་བྱས་པ་དང། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ། །ས་བཅུ་རྒྱུན་མཐའ་ལ་གནས་པའི་ཚེ་མཚན་དཔེས་སྤྲས་པའི་སྐུ་དེ་ཉིད་ཀྱི་རིགས་འདྲ་ཕྱི་མ་ཆོས་སྐུ་ཐོབ་པའི་ཚེ་མཚན་ཉིད་ལྔ་ལྡན་དང། ཡོན་ཏན་ལྔ་ལྡན་དང། ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་ལ། ཞེས་དང། སྤྲུལ་པའི་སྐུའི་བྱེ་བྲག་འགའ་ཞིག །ཅེས་སོགས་སྔར་དྲངས་པ་དེའི་ཕྱིར། གཞན་ཡང། རང་བཞིན་གནས་རིགས་གནས་འགྱུར་མཐར་ཐུག་ཐོབ་ལ། རྒྱས་འགྱུར་གྱི་རིགས་གནས་འགྱུར་མཐར་ཐུག་མ་ཐོབ་པར་ཐལ་བ་དང། ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པའི་ལག་རྗེས་མཐར་ཐུག་ཐོབ་ལ། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པའི་ལག་རྗེས་མཐར་ཐུག་མ་ཐོབ་པར་ཐལ་བ་སོགས་བླ་མ་གོང་མའི་གཞུང་བཞིན་མཐའ་ཡས་སྤྲོས་པས་ཆོག་གོ །གཞན་ཡང། ཆོས་སྐུ་འགྲུབ་པ་ལ་ཕུང་པོ་ལྔ་གནས་འགྱུར་མཐར་ཐུག་ཐོབ་མི་དགོས་པར་ཐལ། བྱང་སེམས་ལ་ཆོས་སྐུ་ཐོབ་པ་ཡོད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་འགྲུབ་པ་ལ་དབང་འབྱོར་བ་རྣམ་པ་ལྔ་ཐོབ་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཐོབ་པ་དང་དབང་འབྱོར་ལྔ་ཐོབ་པ་ཕུང་པོ་ལྔ་གནས་འགྱུར་མཐར་ཐུག་ལྔ་ཐོབ་པ་དག་དུས་མཉམ་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཡང་དབང་འབྱོར་བ་རྣམ་པ་དུས་ཆོས་ཀྱི་སྐུ་དབང་འབྱོར་བ་འཐོབ་ཅེ་ན། མདོར་བསྡུས་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་འགྱུར་བའི་ཕྱིར་ཞིང་དང་ལུས་དང་མཚན་དང་དཔེ་བྱད་བཟང་པོ་དང། དབྱངས་མཐའ་ཡས་པ་དང། སྤྱི་གཙུག་ལྟར་མི་མཐོང་བ་ལ་དབང་འབྱོར་བ་དང། ཞེས་པ་ནས། རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར་པའི་ཕྱིར་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོགས་པ་དང། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་དབང་འབྱོར་འཐོབ་བོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་གིས། འཚང་རྒྱ་བའི་ཚེ་སྐུ་བཞི་ཅིག་ཅར་དུ་གྲུབ་པ་མི་འཐད་པར་ཐལ། རྒྱུན་མཐའ་བ་དེས་རང་དུས་སྐད་ཅིག་གཉིས་པ་ལ་རང་དོན་ཆོས་སྐུ་དང་གཞན་དོན་ལོངས་སྐུ་གཉིས་ཁོ་ན་ཙམ་ཐོབ་པ་ཡིན་པའི་ཕྱིར་ཏེ། རྒྱུད་སྡེ་སྤྱི་རྣམ་ལས། ས་བཅུ་པ་རྫོགས་མཚམས་ཀྱི་ཡེ་ཤེས་དེ་ལ་རྒྱུན་མཐའི་ཡེ་ཤེས་ཞེས་ཀྱང་བྱ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། དེ་རྒྱུད་ལ་སྐྱེས་པའི་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་བརྙེས་ཏེ་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དེ་རང་དོན་དང་གཞན་དོན་གྱི་སྐུའི་གཙོ་བོ་ཙམ་ལ་དགོངས་པའི་ཕྱིར། འདོད་མི་ནུས་ཏེ། སྐུ་བཞིའི་གོ་འཕང་ཅིག་ཅར་དུ་འགྲུབ་པ་བསྒྲུབས་ཟིན་པའི་ཕྱིར། ཡང་ཁ་ཅིག །ལོངས་སྐུའི་གནས་འོག་མིན་ལ་བྱེད་མི་རིགས་པར་ཐལ། དེ་འོག་མིན་སྟུག་པོ་བཀོད་པ་ལ་བྱེད་དགོས་པའི་ཕྱིར་ཟེར་ན། འགལ་ཁྱབ་ལ་འབུད་རིགས་ཏེ། དེ་འོག་མིན་ཡིན་པའི་ཕྱིར་ཏེ། མདོ་ལས། གཙང་མའི་གནས་དག་སྤངས་ནས་ནི། །འོག་མིན། ཞེས་དང། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པའི་ཕྱིར། ཡང་མཁས་པར་རློམ་པ་ཁ་ཅིག་ན་རེ། བདག་ཅག་གི་སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་རྒྱུན་མཐའ་བ་འོག་མིན་གྱི་རྟེན་ལ་སངས་རྒྱས། དེ་རྗེས་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་ནས་འོད་སྲུང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ལ་དམ་པ་ཏོག་དཀར་གྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱན་རྩོམ་པའི་རྗེ་བཙུན་བྱམས་པ་ནི་འོག་མིན་དུ་ཆོས་སྐུ་བརྙེས། དེ་རྗེས་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཚད་ལྡན་གྱི་ལུང་མེད། ཡོད་ན་སྟོན་ཅིག་ཟེར་ནས་ང་རྒྱལ་བྱེད་ལོ། དེ་ལ་ཁོ་ན་རེ། ཁྱོད་ཀྱི་ལུགས་ལ་ཇི་ལྟར་འཚང་རྒྱ་སྨྲས་ན། དེ་འཛམ་གླིང་འདིར་ཕེབས་པར་ཉེ་བ་ན་རང་གི་རྣམ་སྨིན་གྱི་ལུས་བཞག་ནས་འོག་མིན་དུ་ཕྱིན་ནས་འཚང་རྒྱ་ཟེར། ཁྱོད་ཀྱི་ཧམ་པ་དེ་མི་འཐད་པར་ཐལ། དེ་ལ་ལུང་རིགས་དུ་མ་ཡོད་པའི་ཕྱིར་ཏེ། རེ་ཞིག་ལུང་ནི། རྗེའི་གསུང་རབ་ལས། དགའ་ལྡན་དུ་སྐྱེས་པ་སོགས་སྔོན་སངས་རྒྱས་ཟིན་པའི་མཛད་པར་གསུངས་ལ། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། རྒྱུད་བླ་མའི་སྐབས་ཀྱི་མཛད་པ་བཅུ་གཉིས་སྟོན་མཁན་རྣམས་སངས་རྒྱས་ཟིན་པ་མ་ཡིན་པའི་ཕྱིར་ཏེ། དེ་བཅུ་གཉིས་པོ་གང་རུང་ལ་སངས་རྒྱས་ཀྱི་མཛད་པས་མ་ཁྱབ་པའི་ཕྱིར་ཏེ། དགའ་ལྡན་དུ་སྐྱེས་པའི་མཛད་པ་ལ་དེའི་ཕྱིར། དགའ་ལྡན་གྱི་རྒྱལ་ཚབ་ལ་སངས་འཕགས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། དེ་སངས་རྒྱས་པར་སྟོན་པའི་ལུང་རྣམ་དག་མེད་པའི་ཕྱིར། འཁོར་གསུམ། གཞན་ཡང། འོ་ན་རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང། །དགའ་ལྡན་གནས་ནས་འཕོ་བ་དང། །ཞེས་སོགས་དང། དེའི་དར་ཊཱིཀ་ལས། ཆེད་དུ་བྱ་བ་འཇིག་རྟེན་ཀུན་ལ་གཟིགས་ནས་ཆོས་ཀྱི་སྐུ་ལས་མ་གཡོས་པར་རྣམ་པ་སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས་གདུལ་བྱ་དང་མཐུན་པར་དོན་མཛད་དོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྤྲུལ་བ་སྤྲུལ་བར་བསྟན་ཏོ། །ཞེས་དང། དེ་ཉིད་ལས། འདོད་པའི་ཁམས་སུ་ཐོག་མར་སྐྱེ་བའི་ཚུལ་སྟོན་པ་དགའ་ལྡན་དུ་དམ་པ་ཏོག་དཀར་པོ་ལྟ་བུར་མངོན་པར་སྐྱེ་བ་དང། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་ནི་འཛམ་གླིང་དུ་འཕོ་བ་དང། ཞེས་དང། ཡང་དེ་ཉིད་ལས། དགའ་ལྡན་དུ་སྐྱེ་བ་དང་པོར་བྱེད་ན་ལྷུམས་སུ་ཞུགས་པ་དང་བལྟམས་པ་གཅིག་ཏུ་བྱའོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ལུང་དེ་དག་གིས་རྒྱུན་མཐའ་བ་རྣམས་འོག་མིན་དུ་སངས་རྒྱས་རྗེས་སུ་ཆོས་སྐུ་ལས་མི་གཡོ་བ་བཞིན་དུ་མཛད་པ་བཅུ་གཉིས་སྟོན་པར་བཤད་པ་མ་ཡིན་པའི་ཕྱིར། རྒྱལ་ཚབ་བྱམས་མགོན་དང་རྒྱུད་གཅིག་པའི་རྒྱུན་མཐའ་བས་དེ་ལྟར་བྱེད་པར་མ་བསྟན་པའི་ཕྱིར་ཏེ། དེ་ལྟར་སྟོན་པའི་ལུང་རྣམ་དག་མེད་པའི་ཕྱིར། རྟགས་ཁས། བྱས་པ་ལ་ཁོ་ན་རེ། དེ་སྤྲུལ་སྐུ་སྤྱིའི་མཛད་པ་བཅུ་གཉིས་སྟོན་བྱེད་ཡིན་གྱི། འདི་རྒྱན་རྩོམ་པ་པོ་དང་རྒྱུད་གཅིག་པའི་མཛད་པ་བཅུ་གཉིས་སྟོན་བྱེད་མིན་ཟེར་ན། འོ་ན། དེ་སངས་རྒྱས་པའི་དུས་ཀྱི་མཛད་པ་བཅུ་གཉིས་སྟོན་བྱེད་མེད་པར་ཐལ། རྒྱུད་བླ་མའི་གཞུང་གིས་དེ་བསྟན་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འདིས་མ་བསྟན་པའི་མདོ་ལུགས་འདིར་འཚང་རྒྱ་ཚུལ་ཞིག་མེད་པའི་ཕྱིར་ཏེ། འདིས་མ་བསྟན་པའི་རིགས་གཉིས་དང་དེ་གནས་འགྱུར་ཚུལ་སྟོན་བྱེད་མེད་པའི་ཕྱིར། གཞན་ཡང། སྤྲུལ་སྐུ་སྤྱིའི་མཛད་པ་དེ་ལྟར་རྗེ་བཙུན་འདིས་མི་སྟོན་པའི་ལུང་རྣམ་དག་ཡོད་ན་སྟོན་ཅིག །གཞན་ཡང། ལུང་ལས། ཡང་དག་རྫོགས་སངས་དེར་སངས་རྒྱས། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འཚང་རྒྱ་བ་རྣམས་དེ་ལྟར་འཚང་རྒྱ་བར་མ་བསྟན་པའི་ཕྱིར་ཏེ། རྗེ་བཙུན་ལ་དེའི་ཕྱིར། སོགས་དང། གཞན་ཡང། ཐོགས་མེད་ཀྱི་ཐེག་བསྡུས་ལས། སྤྲུལ་བའི་སྐུ་ནི་གང་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། འཕོ་བ་དང། བལྟམས་པ་དང། འདོད་པ་ལ་སྤྱོད་པ་དང། མངོན་པར་འབྱུང་བ་དང། མུ་སྟེགས་ཅན་གྱི་གན་དུ་གཤེགས་པ་དང། དཀའ་བ་སྤྱད་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར། ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། སྤྲུལ་སྐུའི་མཛད་པ་བཅུ་གཉིས་ཀྱི་ཐོག་མ་དགའ་ལྡན་དུ་གནས་པ་ནས་འཛིན་པར་བསྟན་པ་མ་ཡིན་པའི་ཕྱིར། དེར་ཐལ། སྤྲུལ་བའི་སྐུ་དགའ་ལྡན་གྱི་རྒྱལ་བའི་རྟེན་ཅན་རྣམས་ཀྱིས་ཆོས་སྐུ་ལ་གནས་བཞིན་དུ་དགའ་ལྡན་ན་བཞུགས་པ་སོགས་བྱེད་པ་པོར་སྟོན་པ་མ་ཡིན་པའི་ཕྱིར་ཏེ། དམ་པ་ཏོག་དཀར་གྱི་རྒྱལ་ཚབ་དེས་དེ་ལྟར་མཛད་པ་མི་སྟོན་པའི་ཕྱིར་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།
གཞན་ཡང། མདོ་སྡེ་རྒྱན་གྱི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པ་ལས། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ། ཞེས་སོགས་དང། སེང་བཟང་གིས་ཀྱང། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ། ཞེས་པའི་དོན་མེད་པར་ཐལ། མཛད་པ་བཅུ་གཉིས་ཀྱི་ཐོག་མ་དགའ་ལྡན་དུ་རྒྱལ་ཚབ་ལ་བཞུགས་པ་ནས་འཕོ་བ་གཅིག་ཏུ་བྱས་ཏེ་མཛད་པ་བཅུ་གཉིས་སྟོན་པར་འཆད་པ་མ་ཡིན་པའི་ཕྱིར་ཏེ། རྒྱན་རྩོམ་པ་པོ་ལ་དེའི་ཕྱིར་ཏེ། དེ་མཛད་པ་དང་པོ་ལ་གནས་མཁན་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དང་པོར་འོག་མིན་དུ་སངས་རྒྱས་ནས་དེ་རྗེས་འདོད་ཁམས་སུ་སངས་རྒྱས་པའི་མཛད་པ་མཛད་པར་ཐལ། དེ་འདོད་ཁམས་སུ་སྤྲུལ་བའི་སྐུའི་མཛད་ཆེན་བཅུ་གཉིས་ཀྱི་དང་པོ་མཛད་མཁན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། འོག་མིན་དུ་སངས་མ་རྒྱས་པར་དེ་ལྟར་སྟོན་པ་མི་སྲིད་པའི་ཕྱིར་ཏེ། རྒྱན་སྟུག་པོ་བཀོད་པ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པ་དེའི་ཕྱིར། འཁོར་གསུམ་སོང། རིགས་པས་སྒྲུབ་ནའང། འོ་ན་གཞུང་འདིས་བསྟན་པའི་དོན་སྤྲུལ་སྐུའི་བྱེ་བྲག་རྣམས་ལའང་ཚང་པར་ཐལ། འདི་སྤྲུལ་སྐུ་སྤྱིའི་རྣམ་གཞག་སྟོན་བྱེད་ཡིན་པའི་ཕྱིར། རྟགས་སོང། ཁྱབ་སྟེ། སྤྱིའི་སྒྲ་བྱེ་བྲག་ལ་འཇུག་ཚུལ་ཡོད་པའི་ཕྱིར། འདོད་ན། དེའི་དོན་བསྐལ་བཟང་གི་མཆོག་སྤྲུལ་སྟོང་ལ་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་དོན་དེ་སྟོང་གི་ལྔ་པ་ལ་ཚང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དེའི་བསྟན་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བརྗོད་བྱ་རྗོད་བྱེད་དུ་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྟོན་བྱེད་ཀྱི་གཞུང་རྣམ་དག་ཡོད་པར་ཐལ་ལོ། །འཁོར་གསུམ་ཁས། གཞན་ཡང། དེས་སྤྲུལ་སྐུ་གཞན་རྣམས་དང་མཛད་པ་མི་མཐུན་པ་ཞིག་སྟོན་པར་ཐལ། སྤྲུལ་སྐུ་སྤྱིའི་མཛད་པ་བཅུ་གཉིས་སྟོན་བྱེད་འདིས་དེའི་མཛད་པ་མི་སྟོན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེ་བཞིན་དུ་གཞུང་འདིས་དེའི་མཛད་པ་མི་སྟོན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེ་བཞིན་དུ་གཞུང་འདིས་དུས་གསུམ་གྱི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་སངས་རྒྱས་པའི་སྤྲུལ་སྐུའི་མཛད་པ་བསྟན་མ་བསྟན་དང། མ་འོངས་པའི་གདུལ་བྱ་སངས་རྒྱས་པའི་དེ་བསྟན་མ་བསྟན་སོགས་དང། དེ་དག་གི་ལམ་དང་རིགས་སོགས་ལ་དཔྱད་ནས་འཁོར་གསུམ་གྱི་ཕྲེང་བ་སྟེར་བ་ཡིན་པས་ཤིན་ཏུ་སྤྲོས་པས་ཆོག །ཡང་ཁ་ཅིག །ལོངས་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་མཆོག་སྤྲུལ་ཡོད་པར་ཐལ། རང་གི་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་དེ་འདྲའི་མཆོག་སྤྲུལ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་སོ་སོར་བསྐོར་བའི་སྤྲུལ་སྐུ་དེ་འདྲ་དུ་མ་ཡོད་པའི་ཕྱིར། དེར་ཐལ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་ཆོས་འཁོར་བསྐོར་བའི་སྤྲུལ་སྐུ་ལ་མཆོག་སྤྲུལ་གྱིས་མ་ཁྱབ་པའི་ཕྱིར། དེ་གཞན་གཉིས་ལའང་འདྲ། ཡང་ཁ་ཅིག་ན་རེ། བྱང་སེམས་རྒྱུན་མཐའ་བས་རང་དུས་སྐད་ཅིག་གཉིས་པར་ཆོས་སྐུ་ཐོབ་པའི་ཚེ་ལོངས་སྐུའི་གོ་འཕང་མངོན་དུ་བྱས་པ་མི་འཐད་པར་ཐལ། ལོངས་སྐུས་མངོན་དུ་བྱེད་རྒྱུའི་ལོངས་སྐུ་མེད་པའི་ཕྱིར། དེས་ན་བྱང་སེམས་རྒྱུན་མཐའ་བ་རང་དུས་སྐད་ཅིག་གཉིས་པར་འཚང་རྒྱ་བའང་མི་འཐད་ཟེར་རོ། །འོ་ན་བྱང་སེམས་རྒྱུན་མཐའ་བ་དུས་ནམ་དུའང་འཚང་མི་རྒྱ་བར་ཐལ། དེ་རང་དུས་སུ་འཚང་མི་རྒྱ་བ་གང་ཞིག །དེ་རང་དུས་སྐད་ཅིག་གཉིས་པར་ཡང་འཚང་མི་རྒྱ་བའི་ཕྱིར། རྟགས་གཉིས་པ་དངོས། དང་པོ་གྲུབ་སྟེ། སེམས་ཅན་གྱི་དུས་སུ་འཚང་རྒྱ་བའི་གང་ཟག་མེད་པའི་ཕྱིར། སྒྲིབ་པ་མ་སྤངས་པའི་དུས་སུ་དེའི་ཕྱིར། མ་གྲུབ་ན། དེ་འཚང་རྒྱ་བ་ལ་མངོན་དུ་ཕྱོགས་པའི་དུས་དེ་འཚང་རྒྱ་དུས་ཡིན་པར་ཐལ། དེའི་དུས་ཡོད། དེ་སངས་རྒྱས་མ་ཐག་པའི་དུས་དེ་དེ་མ་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་གྲུབ་སྟེ། དེ་ལོངས་སྐུར་སངས་རྒྱས་མ་ཐག་པའི་དུས་དེ་དེ་མ་ཡིན་པའི་ཕྱིར། འཁོར་གསུམ་སོང། འདོད་ན། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་དུས་དེ་མྱུ་གུ་སྐྱེ་དུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུའི་རྒྱུ་དུས་སམ་དེའི་ས་བོན་གྱི་དུས་དེ་དེ་སྐྱེ་དུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུའི་རྒྱུ་འགག་པ་དང་མྱུ་གུ་སྐྱེ་བ་དུས་མི་མཉམ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལུང་རིགས་མཐའ་ཡས་པའི་གནོད་བྱེད་ཀྱི་འབྱུང་གནས་ཡིན་པའི་ཕྱིར། དེ་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། དེ་ལ་དངོས་པོ་རྣམས་རང་གྲུབ་ཙམ་ནས་འཇིག་པ་ལ་མངོན་དུ་ཕྱོགས་པར་སྐྱེས་པས་དངོས་པོ་ཡིན་ན་འཇིག་པ་ཡིན་པས་ཁྱབ་ཀྱང། དངོས་པོ་དེའི་རང་དུས་དེ་ཉིད་དངོས་པོ་དེའི་འཇིག་དུས་མ་ཡིན་ཏེ། དངོས་པོ་གཅིག་གི་འཇིག་དུས་དང་གནས་དུས་གཅིག་ཏུ་མི་རུང་ཞིང། ཞེས་པ་ནས། ཁོ་རང་གི་རྒྱུ་དུས་ན་སྐྱེའོ་ཞེས་འཇོག་ཏུ་མི་རུང་བས། འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་དང་འབྲས་བུའི་སྐྱེ་དུས་དོན་མི་གཅིག་སྟེ། དཔེར་ན། བྱང་སེམས་ཕྱིར་མི་ལྡོག་པའི་ལམ་གྱི་གནས་སྐབས་ཐམས་ཅད་བྱང་སེམས་དེ་དང་དེ་འཚང་རྒྱ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡིན་ཀྱང། ལམ་གྱི་གནས་སྐབས་དེ་ཐམས་ཅད་བྱང་སེམས་དེ་འཚང་རྒྱ་དུས་སུ་བཞག་ཏུ་མི་རུང་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར།
བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། རང་དུས་སྐད་ཅིག་གཉིས་པའི་དུས་སུ་འཚང་མི་རྒྱ་བར་ཐལ། དེ་དུས་སུ་སླེབས་པ་ན་སངས་རྒྱས་ཚར་བའི་ཕྱིར་ན་མ་ཁྱབ། ཁོ་རང་ལ་འོ་ན། བུམ་པ་ཆོས་ཅན། རང་དུས་སྐད་ཅིག་གཉིས་པར་མི་འཇིག་པར་ཐལ། དེ་དུས་སུ་སླེབས་པ་ན་ཞིག་ཟིན་པའི་ཕྱིར། ཁྱབ་པ་འགྲིག །འདོད་མི་ནུས་ཏེ། དེ་ནམ་འཇིག་ན་རང་དུས་སྐད་ཅིག་གཉིས་པར་འཇིག་ཅེས་ཁས་ལེན་དགོས་པའི་ཕྱིར་ཏེ། འབྲས་བུ་དེ་ནམ་སྐྱེ་ན་རང་རྒྱུ་འཇིག་དུས་སམ་འགག་དུས་སུ་སྐྱེ་ཟེར་དགོས་པ་བཞིན་ཡིན་པའི་ཕྱིར་ཏེ། ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། དངོས་པོ་དེ་དུས་ནམ་གྱི་ཚེ་འཇིག་ན་རང་གི་དུས་གཉིས་པར་འཇིག་གོ་ཞེས་འཇོག་དགོས་ཀྱི་རང་དུས་ན་འཇིག་གོ་ཞེས་འཇོག་མི་རུང་བའི་ཕྱིར་རོ། །ཞེས་དང། འབྲས་བུ་སྐྱེ་བའི་དུས་ནི་རྒྱུ་འགག་དུས་ལ་བྱ་དགོས་ཀྱི། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་རང་དུས་སྐད་ཅིག་གཉིས་པར་འཚང་རྒྱ་དགོས་མ་ཡིན་པར་ཐལ། དེ་རང་དུས་སྐད་ཅིག་གཉིས་པར་སངས་རྒྱས་ཚར་བའི་ཕྱིར་ཏེ། དེའི་དུས་སུ་དེའི་ཕྱིར་ན་རྣམ་པ་གཅིག་ཏུ་མ་ཁྱབ། འདོད་མི་ནུས་ཏེ། རང་དུས་སྐད་ཅིག་གཉིས་པར་འཚང་རྒྱ་དགོས་ཡིན་པའི་ཕྱིར་ཟེར་ན། བུམ་པ་ཆོས་ཅན། རང་དུས་སྐད་ཅིག་གཉིས་པར་འཇིག་དགོས་མ་ཡིན་པར་ཐལ། རང་དུས་གཉིས་པར་ཞིག་ཚར་བའི་ཕྱིར་ཏེ། དེའི་དུས་སུ་དེའི་ཕྱིར། ཁྱབ་པ་འགྲིག རྟགས་གྲུབ་སྟེ། དེའི་དུས་སུ་ཞིག་ཚར་རྒྱུ་གཅིག་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་དུས་གཉིས་པར་འཇིག་དགོས་ཡོད་པའི་ཕྱིར། འཁོར་གསུམ། ཡང་སྔར་གྱི་བོད་ཁ་ཅིག །སངས་རྒྱས་ཀྱི་སའི་8སེམས་སེམས་བྱུང་གི་རྒྱུ་བ་མེད་པའི་ཆོས་གང་ཡང་མ་གཟིགས་པ་དེ། སྤྱོད་འཇུག་ལས། དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང། འཇུག་པ་ལས། སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོགས་ཀྱི་དོན་ཟེར་ན། འོ་ན་འཇུག་པ་ལས། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །ཅེས་དང། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་འཕགས་པ་དང་བྱང་སེམས་ཀྱི་རྒྱུད་ཀྱི་བདེན་གཉིས་མངོན་སུམ་དུ་རྟོགས་པའི་མཁྱེན་པ་མེད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། གཞན་ཡང། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་མེད་དྲིས་པས་མེད་ཟེར་ན། རྒྱང་ཕན་དང་དཔྱོད་པ་པ་དངོས་པོ་འདི་སངས་རྒྱས་རང་སྣང་ལ་མ་གཟིགས་ལ། གཞན་ངོར་9གཟིགས་ཟེར་བའང་ཁེགས་ཤིང་འདི་དག་འགོག་སླ། ཡང་སྔོན་གྱི་ཐང་སག་པ་སོགས་འགའ་ཞིག་དང། སྟག་ཚང་ལོ་ཙྪ་བ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་པའི་སྣང་བ་གཏན་མི་འཆར་ཏེ། ཆོས་ཉིད་འབའ་ཞིག་གཟིགས་པའི་ཕྱིར། འཇུག་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་དུ་མཛད་དེ། དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་དང། སྐྱབས་གསུམ་བདུན་ཅུ་པ་ལས་ཀྱང། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་བརྗོད། །ཅེས་གསུངས་པའི་ཕྱིར་དང། འབའ་ཞིག་དང་རང་བཞིན་ཁོ་ནའི་རྣམ་བཅད་ཀྱི་དོན་ཡོད་པའི་ཕྱིར། དེ་ཡང་ཆོས་ཉིད་ཀྱང་རྣམ་མེད་དང་སྣང་མེད་གཟིགས་པ་མདོ་དང། སྤྱོད་འཇུག་སོགས་ཀྱི་དགོངས་པ་ཟེར་ན། ལུང་དྲངས་མཚམས་ལ་མ་ཁྱབ་སྟེ། ཆོས་ཉིད་ལ་བློས་གཟིགས་པའི་ངོར་དངོས་པོ་སོགས་ཆོས་ཅན་ཀུན་རྫོབ་པ་མ་གཟིགས་པར་ཆོས་ཉིད་འབའ་ཞིག་དང་ཆོས་ཉིད་10ཁོ་ནར་གཟིགས་ནས་མཉམ་བཞག་མཐར་ཐུག་པའི་ཕྱིར་ཏེ། དེ་ལ་གནས་པའི་ཡེ་ཤེས་ལ་སངས་རྒྱས་སུ་འཆད་པ་ཙམ་ཡིན་པའི་ཕྱིར། ཁྱོད་རང་དག་ལ་འོ་ན། མངོན་རྟོགས་རྒྱན་དང་མདོ་ལས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བཤད་པ་དང། འཇུག་པ་རྩ་འགྲེལ་དང་དེའི་ཤེས་བྱེད་ཀྱི་མདོ་སོགས་ལས་སྟོབས་སོགས་ཀྱི་ཡོན་ཏན་མཐར་ཐུག་བཤད་པ་དག་མི་འཐད་པར་ཐལ། ཇི་ལྟ་ཇི་སྙེད་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་མཐར་ཐུག་མེད་པའི་ཕྱིར་ཏེ། དེ་རྒྱུད་ལྡན་གྱི་སངས་འཕགས་ཀྱང་མེད་པའི་ཕྱིར་དང། སེམས་ཅན་ནི་གཏན་ནས་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་གདུལ་བྱ་འགའ་ཞིག་གི་ངོ་ཙམ་ཡིན་གྱི་སངས་རྒྱས་པ་དང་དུས་མཉམ་དུ་སེམས་སེམས་བྱུང་མཐའ་དག་ཞི་འགྲོ་ཟེར་ན། འོ་ན། སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐར་ཐུག་དེ་དག་རབ་རིབ་ཅན་ལ་ནམ་མཁའི་སྐྲ་ཤད་སྣང་བ་བཞིན་གཞི་མ་གྲུབ་ཀྱང་གདུལ་བྱ་ལ་སྣང་ཙམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མེད་པར་ཐལ་ལོ། །ཡང་ཁ་ཅིག །ཆོས་ཉིད་ལས་མི་ལྡང་བའི་རྒྱུ་མཚན་གྱིས་ཀུན་རྫོབ་མི་སྣང་ཟེར་ན། འདི་དང་སྔ་མ་ཀུན་ལ་སྐྱོན་ནི། འོ་ན། མཉམ་བཞག་དང་རྗེས་ཐོབ་ཡེ་ཤེས་ངོ་བོ་གཅིག་ཏུ་སོང་བའི་གང་ཟག་མེད་པརཐལ། སངས་འཕགས་ལ་ཀུན་རྫོབ་མི་སྣང་བའི་ཕྱིར། འཁོར་གསུམ། འདོད་ན། རྒྱུད་བླ་མ་ལས། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་གསུངས་པའི་དོན་མ་གྲུབ་པར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་ཡེ་ཤེས་གཅིག་པོ་དེ་ཉིད་ཆོས་ཉིད་ལ་ཆུ་ལ་ཆུ་བཞག་ཏུ་མཉམ་པར་བཞག་པའི་སྒྲིབ་མུན་སེལ་བའི་བྱ་བ་དང་ལྡན་པས་ན་འོད་གསལ་བ་དང་མཚུངས། ཡེ་ཤེས་དེ་ཉིད་ཇི་སྙེད་པའི་ཆོས་མཐའ་དག་གཉིས་སྣང་དང་བཅས་པར་གཟིགས་པའི་རྗེས་ཐོབ་ཡེ་ཤེས་ནི་ཁྱད་པར་འཕྲོ་བའི་ཟེར་དང་མཚུངས་པས་ཡེ་ཤེས་དེ་ཉིད་ཉི་མ་དང་དཔེ་དོན་སྦྱོར་མི་རིགས་པའི་ཕྱིར། ཁྱབ་སྟེ། གསལ་དང་ཞེས་པས་མཉམ་བཞག་དང། འཕྲོ་དང་ཞེས་པས་རྗེས་ཐོབ་ཡེ་ཤེས་དང། ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་པས་ངོ་བོ་གཅིག་ཚུལ་བཤད་པའི་ཕྱིར་ཏེ། ཡེ་ཤེས་དེ་ཉིད་དོན་དམ་ལ་ལྟོས་ཏེ་ཇི་ལྟ་བ་ལ་གཉིས་སྣང་ནུབ་པའི་ཆ་ནས་མཉམ་བཞག་ཡེ་ཤེས་དང། དེ་ཉིད་ཇི་སྙེད་པ་ལ་ལྟོས་ཏེ་གཉིས་སྣང་དང་བཅས་པའི་ཆ་ནས་རྗེས་ཐོབ་ཡེ་ཤེས་སུ་བཞག་པའི་ཕྱིར་ཏེ། རྒྱུད་བླ་མའི་ལུང་དེའི་ཐད་ཀྱི་ཐོགས་འགྲེལ་ལས། དེ་ལ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བའི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་དམ་པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར་འོད་གསལ་བ་དང་ཆོས་མཚུངས་སོ། །དེའི་རྗེས་ལ་ཐོབ་པའི་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཤེས་བྱའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ལ་འཇུག་པས་ན་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །ཞེས་གསུངས་པའི་ཕྱིར་དང།
(8) དཔར་ཐེངས་གཉིས་པ། སངས་རྒྱས་ཀྱི་སའི་སེམས་བྱུང་།
དེ་སྐད་དུ། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། གཉིས་སྣང་ནུབ་པའི་སྒོ་ནས་ཆོས་ཉིད་ལ་ཇི་ལྟ་བ་མཁྱེན་པར་སོང་བའི་ཆ་དེ་ལ་མཉམ་བཞག་དང། གཉིས་སྣང་དང་བཅས་པའི་སྒོ་ནས་ཀུན་རྫོབ་ལ་ཇི་སྙེད་པ་མཁྱེན་པར་སོང་བའི་ཆ་དེ་ལ་རྗེས་ཐོབ་ཅེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། འདིས་ནི་ཡེ་ཤེས་འདི་གཉིས་ངོ་བོ་གཅིག་ཚུལ་དང་ལྡོག་པ་ཐ་དད་ཚུལ་གཉིས་བསྟན་ཏོ། །ཡང་བོད་རྒན་བླུན་པོ་མང་པོ་ཞིག །མཉམ་པར་བཞག་བཞིན་དུ་འགྲོོ་འདུག་སོགས་ནུས་པ་མཉམ་རྗེས་འདྲེས་པའི་དོན་ཟེར་ན། འོ་ན། མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བའི་སོ་སྐྱེ་ཡོད་པར་ཐལ། དོན་དེ་ལྟར་ཐུབ་པའི་སོ་སྐྱེ་ཡོད་པའི་ཕྱིར་ཏེ། དོན་དེ་འདྲ་བསམ་གཟུགས་བརྒྱད་ཐོབ་ཚེ་ལྟ་ཅི་སྨོས། སེམས་གནས་དགུ་པའི་རྗེས་ཞི་གནས་གྲུབ་མ་ཐག་ནས་འོང་བར་ས་སྡེ་དང་ཀུན་བཏུས་འགྲེལ་པ་དང་ཉན་སར་བཤད་པའི་ཕྱིར་རོ། །འདོད་ན། བདེན་གཉིས་མངོན་སུམ་དུ་འཇལ་བའི་བློ་གཉིས་ངོ་བོ་གཅིག་པའི་དེ་ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། གསལ་དང་འཕྲོ་དང། ཞེས་པའི་ལུང་དོན་ཡོད་པའི་ཕྱིར། གཞན་ཡང། འཇུག་པ་ལས། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང། མ་ཏི་ཙི་དྲའམ་དཔའ་བོས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང། བདེན་གཉིས་ཀྱི་མདོ་ལས་ཀྱང། བདེན་པ་གཉིས་ཐུགས་སུ་ཆུད་པས་སངས་རྒྱས་སུ་བཤད་པ་རྣམས་མི་འཐད་པར་ཐལ། དཔའ་བོ་དང་ཞི་བ་ལྷ་དང་ཟླ་བའི་ཞབས་ཀྱི་ལུགས་ལ་སངས་འཕགས་ཀྱི་མཁྱེན་པས་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པས་ཁྱབ་ལ། བྱང་འཕགས་མན་ཆད་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པས་མ་ཁྱབ་པས་ཤེས་བྱ་ལྷག་པ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཀྱི་ལུགས་ལ་སངས་འཕགས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་མི་མཁྱེན་པའི་ཕྱིར་ཏེ། དེ་བཞིན་ཉིད་འབའ་ཞིག་ལས་གཞན་མི་མཁྱེན་པའི་ཕྱིར་སོགས་མཐའ་ཡས་པ་སྤྲོས་ལ་ཚར་བཅད་པ་ཁོ་ནའོ། །
གཞན་ཡང། བྱང་སེམས་ཀྱིས་རིག་གནས་མཐའ་དག་ལ་སློབ་པ་དེ་ཐམས་ཅད་མཁྱེན་པ་ཐོབ་ཕྱིར་མ་ཡིན་པར་ཐལ་བ་དང། བྱང་སེམས་ས་བཅུ་པ་བ་དང་སངས་འཕགས་གཉིས་ཇི་སྙེད་པ་ལ་ལྟོས་ཏེ་བྱང་སེམས་ས་བཅུ་པ་བ་མཁྱེན་པ་རྒྱ་ཆེ་བར་ཐལ་ལོ། །སངས་འཕགས་ཀྱིས་དེ་བཞིན་ཉིད་ཙམ་ལས་མི་མཁྱེན་པའི་ཕྱིར་དང། དེས་ན་ཉན་རང་སོགས་དང་མཚུངས་པར་འགྱུར་ལ། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་མི་མངའ་བར་ཐལ་བ་སོགས་ཀྱིས་ཁེགས་སོ། །ཞེས་པར་ཁོ་བོས་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་རྣམ་གཞག་ཐམས་ཅད་མཁྱེན་པའི་ལམ་རབ་ཏུ་གསལ་བའི་སྒྲོན་མེར་བཤད་ཟིན་པས་དེར་བལྟའོ། །དེ་ལ་ཁོ་ན་རེ། བདེན་གྲུབ་ཏུ་སྣང་བ་ཆོས་ཅན། ཀུན་མཁྱེན་ཡེ་ཤེས་ལ་སྣང་བར་ཐལ། ཡོད་པའི་ཕྱིར། འདོད་ན། ཀུན་མཁྱེན་ཡེ་ཤེས་ལ་བདེན་གྲུབ་ཏུ་སྣང་བ་ཡོད་པར་ཐལ། དེ་ལ་བདེན་གྲུབ་ཏུ་སྣང་བ་སྣང་བའི་ཕྱིར་ན་འགལ་ཁྱབ་བོ། །འདོད་མི་ནུས་ཏེ། འཁྲུལ་བ་མཐའ་དག་ཟད་པའི་ཡེ་ཤེས་ཡིན་པའི་ཕྱིར། དེས་ན་དེ་ལྟར་འཐད་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ལ་གཟུགས་སོགས་བདེན་པར་མ་གྲུབ་བཞིན་དུ་དེར་གྲུབ་པར་སྣང་བ་སྣང་བ་གང་ཞིག །དེ་ལ་གཟུགས་སོགས་བདེན་གྲུབ་ཏུ་མི་སྣང་བའི་ཕྱིར། དང་པོ་གྲུབ་སྟེ། དེས་གདུལ་བྱ་ཡུལ་དེ་དག་ལ་འཁྲུལ་བའི་རྒྱུ་དང་རྒྱུ་དེའི་དབང་གིས་ཇི་ལྟར་སྣང་བ་དང་འཁྲུལ་བ་དེ་དག་གི་གཉེན་པོ་ཕྲ་རགས་མཐའ་དག་མངོན་སུམ་དུ་མཁྱེན་པའི་ཕྱིར་ཏེ། དེ་ལྟར་མཁྱེན་པའི་ཡེ་ཤེས་ཡོད་པའི་ཕྱིར་ཏེ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་རང་གིས་མངོན་སུམ་དུ་རྟོགས་ནས་གདུལ་བྱར་འདོམས་པའི་བདག་རྐྱེན་བྱེད་པའི་ཡེ་ཤེས་ཡོད་པའི་ཕྱིར་དང། སྟོབས་བཅུ་སོགས་ཡོད་པའི་ཕྱིར་དང། དེ་མེད་ན་གཞན་ལ་རང་དབང་གིས་བཤད་མི་ཐུབ་པར་བ་གླང་རྫིས་ཀྱང་ཤེས་པའི་ཕྱིར་ཏེ། དེ་སྐད་དུ། བྱང་ཆུབ་ལམ་རིམ་ལས། ཡོད་པ་དང་སངས་རྒྱས་ཀྱིས་མི་མཁྱེན་པ་གཉིས་འགལ་བའི་ཕྱིར་རོ། །ཞེས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པ་ཤེས་རབ་ཉམས་པ་མེད་པའི་ཐད་ཀྱི་མདོ་གཟུངས་རྒྱལ་གྱིས་ཞུས་པ་ལས། རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་དོ་ཤེས་རབ་གང་ཞེ་ན། ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ། ཞེས་པ་ནས། ཚིག་གཅིག་ལ་འཇུག་པས་བསྐལ་བ་བརྒྱ་སྟོང་དུ་གནས་ཤིང་སྟོན་པ་ཤེས་པའོ། །ཇི་ལྟར་དྲིས་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཤེས་པའོ། །ཐམས་ཅད་དུ་ཆགས་པ་མེད་པའི་ཤེས་པའོ། །ཐེག་པ་གསུམ་རྣམ་པར་དགོད་པ་བསྟན་པ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའོ། །ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སོ་སོ་ཅི་རིགས་པར་སྟོན་པ་ཤེས་པའོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྟོབས་རེ་རེའི་མདོ་དང་འགྲེལ་བར་ལྟོས་དང་ཤེས་པར་འགྱུར་རོ། །གོང་གི་རྟགས་གཉིས་པ་གྲུབ་སྟེ། དེས་འཁྲུལ་རྒྱུ་བག་ཆགས་དང་བཅས་པ་སྤངས་པས་དེར་མ་གྲུབ་བཞིན་དུ་གྲུབ་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བའི་ཕྱིར་ཏེ། དེ་ལ་བདེན་གྲུབ་ཏུ་སྣང་བ་སྣང་ཡང་གདུལ་བྱ་ལ་སྣང་བའི་དབང་གིས་སྣང་བ་ཡིན་གྱི་རྒྱལ་བ་རང་ངོས་ནས་མི་སྣང་བའི་ཕྱིར་ཏེ། རྒྱལ་བ་རང་ངོས་ནས་གཟུགས་སོགས་བདེན་པར་མ་གྲུབ་པ་དང་བདེན་པར་མེད་པར་སྣང་བའི་ཕྱིར་ཏེ། བྱང་ཆུབ་ལམ་རིམ་ལས། དེའི་ཕྱིར་གཟུགས་སོགས་རང་བཞིན་གྱིས་མ་གྲུབ་བཞིན་དུ་དེར་སྣང་བ་སངས་རྒྱས་ཀྱིས་མཁྱེན་པ་ཡང་མ་རིག་པ་དང་ལྡན་པ་ལ་དེ་ལྟར་སྣང་བའི་ངོས་ནས་ཡིན་གྱི། གང་ཟག་དེ་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་རང་ངོས་ནས་དེ་ལྟར་སྣང་བའི་ཚུལ་གྱིས་མཁྱེན་པ་མིན་པས། ཞེས་པ་ནས། དེ་ལྟར་ཇི་སྙེད་པ་མཁྱེན་པའི་རང་ངོས་ནས་ནི་དངོས་པོ་ཐམས་ཅད་བདག་མེད་པ་དང་རང་བཞིན་གྱིས་མེད་པའི་ངོ་བོར་སྣང་བས་རྫུན་པ་སྒྱུ་མ་བཞིན་དུ་སྣང་གི་བདེན་པར་མི་སྣང་ལ། ཀླུ་སྒྲུབ་ཀྱིས་ཀྱང། དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བར་མཐོང། །ཞེས་དང། དེའི་འགྲེལ་བར་ཟླ་བའི་ཞབས་ཀྱིས། འདི་ལྟར་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི། དངོས་པོ་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཡང། ཕྱིན་ཅི་ལོག་ལས་རང་གི་རྟོག་པའི་དྲི་མས་སྦགས་ཤིང་ལོག་པར་ཁོང་དུ་ཆུད་ཀྱི་འཕགས་པ་རྣམས་ཀྱིས་ནི་དེ་ལྟར་མ་ཡིན་ཏེ། དེ་དག་གིས་ནི་ཡང་དག་པ་མ་ཡིན་པ་སྒྲོ་མི་འདོགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
འོ་ན། འདིར་ཡང་སངས་འཕགས་རང་སྣང་ལ་བདེན་སྣང་དང་གཉིས་སྣང་མི་སྣང་བར་ཐལ། དེ་གདུལ་བྱ་ལ་ལྟོས་ཏེ་སྣང་བ་ཡིན་གྱི་རང་ལ་ལྟོས་ཏེ་སྣང་བ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སངས་འཕགས་རང་སྣང་ལའང་ཤེས་བྱ་ཀུན་མཁྱེན་པའི་ཕྱིར་རོ། །ཁྱབ་སྟེ། བོད་དག་གིས་སངས་རྒྱས་རང་སྣང་ལ་མི་སྣང་ཟེར་བའི་དོན། སངས་རྒྱས་ལ་སྣང་བ་དེ་མི་སྣང་ཡང་གདུལ་བྱའི་ངོ་བོར་ཚུལ་བསྟན་ཙམ་ལ་འདོད་པའི་ཕྱིར། དེས་ན་དེ་གཏན་ནས་མི་འདྲ་ཡང། ལམ་རིམ་ཆུང་བ་འདིར། འབྲས་བུའི་སྐབས་སུ་ཡེ་ཤེས་གཉིས་ཀྱིས་ཡུལ་འཇལ་བ་ན། དེ་ཙམ་དུ་མ་ཟད་ཡུལ་དེ་ལ་ཚད་མ་གཉིས་གང་དུ་སོང་ལེགས་པར་ཤེས་ན། ཡུལ་སོ་སོར་མ་ངེས་ཀྱང་ཡུལ་ཅན་གཉིས་ཀའི་གཞི་མཐུན་མི་འོང་བ་ཡང་ཤེས་པར་ནུས་ཏེ། ཞེས་གསུངས་པའི་དོན་ལ་རང་རེའི་མཁས་པ་མང་པོས་ཀྱང། སངས་རྒྱས་ཀྱི་སའི་རིགས་ཤེས་གཉིས་འགལ་ཡང་ཡུལ་ཡིན་ཁྱབ་མཉམ་དུ་11བསྟན་ཟེར། སྟག་ཚང་བ་སོགས་མང་པོས་ཀྱང་དེ་ལྟར་བསྟན་སྙམ་ནས་རྩོད་པ་ལྟར་སྣང་སྨྲའོ། །དེ་དག་ལ་འོ་ན། ཇི་ལྟ་བ་འཇལ་བའི་རིགས་ཤེས་ཚད་མ་ཆོས་ཅན། ཇི་སྙེད་པ་ལའང་གསར་དུ་མི་སླུ་བའི་རིག་པར་ཐལ། ཆོས་ཐམས་ཅད་རེ་རེ་ལའང་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན་སོང། དེར་ཐལ། ཆོས་ཐམས་ཅད་རེ་རེ་ལའང་མངོན་སུམ་ཚད་མར་སོང་བའི་བློ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སོང་བའི་བློ་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་སོང་བའི་སངས་རྒྱས་འཕགས་པའི་བློ་བྱེ་བྲག་པ་ཞིག་ཡོད་པའི་ཕྱིར། ཆོས་ཀུན་མངོན་སུམ་དུ་རྟོགས་པའི་ཀུན་མཁྱེན་ཡེ་ཤེས་གཅིག་ཡོད་པའི་ཕྱིར་ཏེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར་དང། རྒྱལ་ཚབ་རྗེས་རྣམ་མཁྱེན་ལ་ཚད་མ་མིན་པ་མི་རྙེད་གསུངས་པའི་དོན་ཡོད་པའི་ཕྱིར། འདོད་ན། ཇི་སྙེད་པ་ལ་ཐ་སྙད་དཔྱོད་པའི་རིགས་ཤེས་སུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཇི་སྙེད་པ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ་སོང། ཆོས་རེ་རེ་ནས་མངོན་སུམ་དུ་རྟོགས་པའི་ཚད་མར་ཁས་བླངས་ནས་ཡང་བདེན་གཉིས་འཇལ་བའི་ཚད་མར་འགལ་བར་སྨྲའམ། དེས་ན་ལུང་དེས་ཡུལ་དེ་གཉིས་ལ་ལྟོས་ཏེ་ཚད་མར་སོ་སོར་སོང་བ་འགལ་ཚུལ་བཤད་པ་ཙམ་མོ། །ཡང་ཁ་ཅིག །ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་ཟེར། ཡང་ལ་ལས། དེས་ཇི་ལྟ་བ་ལ་གཟིགས་པའི་གཟིགས་ངོར་དེ་མ་གཟིགས་ལ། དེས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་གཟིགས་ཞེས་ཟེར་ན། ཁྱེད་ཅག་གིས་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་ཡོད་མེད་བརྩད་པའི་དོན་མེད་པར་ཐལ། གཟིགས་པའི་གཟིགས་ངོར་ཞེས་སྨོས་པ་དོན་ཆུང་བའི་ཕྱིར། དེར་ཐལ། དེས་ཇི་ལྟ་བ་ལ་གཟིགས་པའི་གཟིགས་རྒྱུ་གཅིག་ཀྱང་མེད་དེ། དེས་ཇི་ལྟ་བ་གཟིགས་ཤིང་ཡེ་ཤེས་དེའི་གཟིགས་ངོར་ཇི་སྙེད་པ་ཡོད་མེད་རྩོད་པའང་མིན། ཡེ་ཤེས་དེས་ཇི་ལྟ་བ་ལ་གཟིགས་པའི་ངོ་དེ་རང་ལ་བློ་རྩེ་གཏད་ནས་དེ་ལྟར་སྨྲས་ན་ཟློས་སྐྱོན་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པ་ཆོས་ཅན། ཁྱོད་ཀྱི་གཟིགས་ངོ་ཞིག་གམ་གཟིགས་རྒྱུ་ཞིག་མེད་པར་ཐལ། ཁྱོད་ཡུལ་གང་ཡང་མི་འཛིན་པའི་ཆོས་ཡིན་པའི་ཕྱིར། འཁོར་གསུམ། འདི་ལ་ཚིག་འཁྲི་ཟེར་ན། འོ་ན། རྣམ་མཁྱེན་གྱིས་གཟིགས་པའི་བུམ་པའི་གཟིགས་པ་ཡོད་པ་དོན་ཐོབ་ཡིན་པར་ཐལ་ལོ། །འདིས་ཤེས་པས་རང་ཡུལ་འཛིན་པའི་འཛིན་ངོར་ཞེས་པའང་ཁེགས་སོ། །གཉིས་པ་མ་གྲུབ་ན། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པ་དང་རྣམ་མཁྱེན་གྱི་གཟིགས་ངོར་ཇི་སྙེད་པ་མེད་པར་ཐལ། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མེད་པ་གང་ཞིག །དེའི་དོན་འཐད་པའི་ཕྱིར། འཁོར་གསུམ། འདོད་ན། རྣམ་མཁྱེན་གྱི་གཟིགས་ངོར་ཇི་སྙེད་པ་མེད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྣམ་མཁྱེན་གྱིས་ཇི་ལྟ་བ་ལ་གཉིས་སྣང་ནུབ་ཅིང་རྣམ་མཁྱེན་གྱིས་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་གཟིགས་པ་གཉིས་ཀ་ཡིན་པའི་ཕྱིར་ཏེ། རྣམ་མཁྱེན་སྐད་ཅིག་དང་པོས་དེ་ལྟར་གཟིགས་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་ནས་སྐད་ཅིག་གཉིས་པར་རྣམ་གྲོལ་ལམ་སྐྱེས་པའི་ཚེ་ཤེས་བྱ་ཇི་ལྟ་བ་ལ་གཉིས་སྣང་ནུབ་ནས་ཆུ་ལ་ཆུ་བཞག་ཏུ་སོང་བ་དེའི་གཟིགས་པའི་ངོར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་ཏུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་དེའི་ཚེ་ཤེས་སྒྲིབ་ཟད་པར་སྤངས་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་གཟིགས་ངོར་ཞེས་པའི་དེ་སྒྲ་རྣམ་མཁྱེན་སྐད་ཅིག་དང་པོ་ལ་སྦྱོར་དགོས་པའི་ཕྱིར་ཏེ། ཇི་ལྟ་བ་ལ་ཆུ་ལ་ཆུ་བཞག་ཏུ་སོང་བའི་ངོ་ལ་མི་རུང་བའི་ཕྱིར་དང། དེའི་དོན་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། རྣམ་མཁྱེན་གྱིས་ཇི་ལྟ་བ་ལ་གཟིགས་ངོར་ཇི་སྙེད་པ་ལ་མ་གཟིགས་བྱས་པ་འདིས་ཆོག་པའི་ཕྱིར། ཁྱབ་སྟེ། དེས་ཆོག་བཞིན་དུ་གཟིགས་པ་གཉིས་སྨོས་པ་ལ་དགོས་པ་མེད་པའི་ཕྱིར་དང། རྗེ་ཡབ་སྲས་སུས་ཀྱང། དེའི་ཇི་ལྟ་བ་ལ་གཟིགས་ངོར་ཞེས་པ་ཙམ་ལས་མ་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། གཉིས་སྨོས་ན་རྣམ་མཁྱེན་གྱི་ཡུལ་གྱི་ཡུལ་བྱས་པ་བཞིན་དུ་འབྲེལ་མེད་ཡིན་པར་དགོངས་པའི་ཕྱིར། ཁྱེད་ཅག་ཚིག་དོན་གང་ལའང་ཕལ་ཆེར་རྟོག་དཔྱོད་མེད་པར་ཁར་ཐོན་ཚད་བྲིས་པས་བཀའ་བརྒྱུད་པའི་བླུན་སྒོམ་མང་པོས་ཆབ་ལ་དང་ཧད་དེ་བ་དོད་ལྟ་བུ་འབྲེལ་མེད་ཀྱང་བྲིས་འདུག་པས་བག་ཡོད་ཀྱིིས།
(11) དཔར་ཐེངས་གཉིས་པ། ཡུལ་ཡིན་ཁྱབ་མཉམ་དུ་ཟེར།
གཉིས་པ་རང་ལུགས་ལ། འབྲས་བུ་ཆོས་སྐུའི་མཚན་ཉིད། སྒྲ་བཤད། དབྱེ་བ། ས་མཚམས་དང་བཞི་ལས། དང་པོ་ཡོད་དེ། སྦྱོར་བཞི་སྒོམ་སྟོབས་ཀྱིས་འཐོབ་པའི་ཐོབ་བྱ་མཐར་ཐུག་དེ་དེ་ཡིན་པའི་ཕྱིར་ཏེ། སྐུ་བཞི་རེ་རེ་ནས་མཚན་གཞི་འཇོག་པའི་ཕྱིར་ཏེ། རྩ་བར། དེ་ཡི་རྣམ་སྨིན། ཞེས་དང། ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །ཞེས་གསུངས་པའི་ཕྱིར། གཉིས་པ་སྒྲ་བཤད་པ་ལ་སྒྲ་སྒྲུབ་པ་དང། བཤད་པ་གཉིས། དང་པོ་ནི། བྱིངས་མདོ་ལས། དྷྲྀཉ་འཛིན་པ་ལའོ། །ཞེས་པས་དྷྲྀཉ་བཞག ཉ་རྗེས་འབྲེལ་ཕྱིས། ཨརྟི་ཧུ་སུ་དྷཱི་ཎི་ཀཱི་སརྟ་བྷུ་ཡཱ་སཱུ་རྣམས་ལས་མའོ། །ཞེས་པས་མ་རྐྱེན་བྱིན། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ཞེས་པས་དྷྲྀའི་སྲོག་གི་རྀ་དེའི་ཡོན་ཏན་ཨར་དུ་བྱས་མཚམས་སྦྱར་བས། བྱིངས་སམ་དབྱིངས་དང་རྣལ་འབྱོར་ཞེས་པས་དྷརྨ་གྲུབ་སྟེ། ཆོས་ཞེས་པའོ། །ཙིཉ་གསོག་པ་ལའོ། །ཞེས་གསོག་པའི་བྱིངས་སམ་ཁམས་ཙིཉ་བཞག ཉ་སྔར་ལྟར་ཕྱིས། རྐྱེན་གྷ་ཉཏ་བྱིན། ཉ་ཎ་འཕེལ་བའི་དོན་ཡིན་པས། ཙིའི་ཨི་ཨཻ་གྷ་དང་ཉ་ཕྱིས། ལུས་དང་གནས་དག་ལ་དང་པོའི་ཀའང་ངོས་ཙ་ཀར་བྱས། རྐྱེན་གྱི་ཨ་དང་མཚམས་སྦྱར་བས། ཀཱ་ཡ་གྲུབ་སྟེ། མཆོག་དང་འབྲེལ་ན་སྐུ་དང་ཕལ་ཆེར་ལུས་ལ་འཇུག འདི་ཚོགས་པ་ལ་འཇུག་པའི་དོན་ནོ། །ཡང། ཀཻ་སྒྲ་ལའོ། །ཞེས་སྒྲའི་བྱིངས་ཀཻ ཨ་ཙ་བྱིན། ཙ་ཕྱིས་མཚམས་སྦྱར་བས། ཨཻ་ཨཱ་ཡར་བསྒྱུར། དྲངས་པས་ཀཱ་ཡ་སྟེ་སྒྲོག་པས་ན་སྐུ། འདི་སྒྲོག་པ་ལ་འཇུག་གོ །
གཉིས་པ་སྒྲ་དོན་བཤད་པ་ནི། རྣམ་མཁྱེན་དེ་ཆོས་ཅན། ཁྱོད་ལ་ཆོས་སྐུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་དེ་བཞིན་ཉིད་དམ་རང་བཞིན་གྱི་མྱང་འདས་སམ་ལམ་གྱི་བགྲོད་པ་རྣམས་ཀྱིས་འདུས་ཏེ་བསགས་པ་མཐར་ཐུག་ཡིན་པས་དེ་ལྟར་བརྗོད། བསམ་གཏན་སོགས་འཇིག་རྟེན་དང་དམིགས་མེད་སོགས་འཇིག་རྟེན་ལས་འདས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་བྱེད་པས་ན་དེ་ལྟར་བརྗོད། རིགས་པས་རྗེས་འབྲང་སྟེ་དེའི་རྣམ་པར་བཞག་པའམ་དེ་12ཐོབ་པར་གནས་པའི་སྐུ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཆོས་སྐུར་འདོད། ཅེས་དང། དེའི་རང་འགྲེལ་ལས། ཆོས་ཐམས་ཅད་ཀྱི་ལུས་ནི་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ལས་མི་འདའ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་དང། ཤན་ཏི་པས་ཀྱང། ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཚོགས་ཞེས་བརྗོད་དེ། གང་གི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ནི་སངས་རྒྱས་རྣམས་ཀྱི་སྐུ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་སོ། །འདིར་ནི་ཙིཉ་བསྒྲུབ་པའི་བཤད་པ་དང། ལུས་ལ་བསྒྱུར་བའི་བཤད་པ་སྟེ་ལུས་ཀྱི་དོན་ངོ་བོ་ཉིད་ལ་འཇུག་པར་གསེར་འཕྲེང་ལས་ཚོགས་སོགས་ཀྱི་སྒྲ་གཞུང་གི་དོན་བཤད་པ་ལས་ཤེས་སོ། །གཉིས་པ་གྲུབ་སྟེ། ཡོན་ཏན་དེ་དག་རྒྱ་མཚོ་ལ་ཆུ་བོ་དག་བཞིན་དུ་འདུས་ནས་རྟེན་ཅིང་བསགས་ནས་གནས་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། བདེན་གཉིས་ལས། ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །ཆོས་སྐུར་འདོད། ཅེས་དང། དེའི་རང་འགྲེལ་ལས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནམ་ལུས་ནི་ཚོགས་ཡིན་པའི་ཕྱིར་རམ། ཞེས་དང། སྒྲ་བཤད་པ་དག་གིས་ཀྱང། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །ཞེས་གསུངས་པའི་ཕྱིར། འདི་གཙོ་བོར་ངོ་བོ་ཉིད་སྐུ་ལ་འདི་འདྲ་ཞིག་གིས་བཤད་དགོས་ཏེ། དེ་ཡང། ཀཱ་ཡ་ཚོགས་པར་བྱས་ཚེ་ཐོབ་བྱེད་ལ་སྦྱོར་བ་མ་གཏོགས་བསགས་སྒྲ་དེ་ལ་མི་རུང་བས་སོ། །གསུམ་པ་གྲུབ་སྟེ། བདེན་གཉིས་ལས། རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་དང། འགྲེལ་པར། ཆོས་ཀྱི་སྐུ་ནི་རིགས་པས་རྣམ་པར་གནས་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཉིད་རིགས་པ་དང་ལྡན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདིའི་ཚེ་ཆོས་སྐུ་ཞེས་པའི་ཆོས་ནི་དེ་བཞིན་ཉིད་ལ་བྱས་ནས་དེའི་གནས་སྐབས་མཐར་ཐུག་པར་བྱས་པའི་ཆ་ནས་བཤད་དགོས་སོ། །གཙོ་བོ་རང་བཞིན་རྣམ་དག་ཡིན་ཡང་བློ་བུར་རྣམ་དག་ཀྱང་རིགས་པའི་ལག་རྗེས་ཡིན་པས་སྒྲ་བཤད་རུང་ལ། གཟུགས་སྐུ་གཉིས་དང་ཐུབ་པའི་གསུང་དབྱངས་དག་ལ་ཆོས་ཅན། དེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་ལ་དམ་ཆོས་ཀྱི་སྒྲ་སྒྲོག་པས་དེ་ལྟར་བརྗོད་པའི་ཕྱིར། སྒྲ་སྒྲོག་པའི་དབྱིངས་ལས་ཀྱང་ཀཱ་ཡ་སྒྲུབ་ཏུ་ཡོད་པའི་ཕྱིར་ཏེ། བདེན་གཉིས་རང་འགྲེལ་ལས། ཡང་ན་འདིར་ཆོས་རྣམས་སྒྲོག་པའི་ཕྱིར་རོ། །ཞེས་གསུངས་པའི་འདི་གཻ་ལས་སྒྲུབ་པའི་བཤད་པའོ། །དེས་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་དུ་ཕྱེ་བའི་སྐུའི་སྒྲ་འདི་དག་ལ་ཞུགས་པར་ནི་མི་སེམས་ཏེ། ཀཱ་ཡ་ཞེས་པ་ལུས་ཁོ་ནར་བསྒྱུར་མི་དགོས་པའི་ཕྱིར་ཏེ། དེ་ཚོགས་པ་དང་བསགས་པ་དང་འདུས་པ་དང་སྒྲོག་པ་དང་རིས་ལའང་བཤད་ཆོག་པའི་ཕྱིར་ཏེ། སཏྐཱ་ཡ་འཇིག་ཚོགས་དང་ནི་ཀཱ་ཡ་རྒྱལ་ཆེན་རིས་བཞིའི་རིས་སུ་བསྒྱུར་བའི་ཕྱིར་རོ། །
(12) དཔར་ཐེངས་གཉིས་པ། དེ་ཐེབ་པར།
གསུམ་པ་དབྱེ་ཚུལ་དུ་མ་ཡོད་དེ། གཉིས་སུ་དང། གསུམ་དུ་དང། བཞི་རུ་དང། ལྔར་དབྱེ་བ་རྣམས་ཡོད་པའི་ཕྱིར། གཉིས་སུ་དབྱེར་ཡོད་དེ། རང་དོན་དོན་དམ་ཆོས་སྐུ་དང་གཞན་དོན་རྒྱུ་མཐུན་ཀུན་རྫོབ་གཟུགས་སྐུ་གཉིས་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང། །དེ་ཡི་རྒྱུ་མཐུན་ཟབ་པ་དང། །སྣ་ཚོགས་ཚུལ་ནི་སྟོན་པ་འོ། །ཞེས་བྱུང། འདིའི་ཟབ་པ་ལོངས་སྐུ་དང། སྣ་ཚོགས་པ་སྤྲུལ་སྐུའོ། །ཡང་དེ་ཉིད་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དོ། །ཞེས་གསུངས་པའི་ཕྱིར། རིགས་གཉིས་གནས་འགྱུར་བས་སྐུ་དེ་གཉིས་ཐོབ་པ་ཡིན་ཏེ། དེ་ཡང་རང་བཞིན་གནས་རིགས་ལས་ངོ་བོ་ཉིད་སྐུ་དང་རྒྱས་འགྱུར་གྱི་རིགས་ལས་གཟུགས་སྐུ་གཉིས་ཐོབ་པ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་གསུངས་པའི་ཕྱིར། གཉིས་པ་གསུམ་དུ་དབྱེར་ཡོད་དེ། རང་དོན་ལོངས་སྐུ་དང་གཞན་དོན་སྤྲུལ་སྐུ་དང། དེ་གཉིས་ཀའི་རྟེན་ངོ་བོ་ཉིད་སྐུ་དང་གསུམ་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གི་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་དང། རྒྱུད་བླ་མ་ལས། དེའི་དབྱེ་ཟབ་དང་རྒྱ་ཆེ་དང། །བདག་ཉིད་ཆེན་པོའི་ཡོན་ཏན་གྱིས། །ཆོས་ཀྱི་རབ་དབྱེ་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཅེས་གསུངས་པའི་ཕྱིར་དང། ཐོགས་མེད་དང་ཀླུ་སྒྲུབ་ཀྱིས་ཀྱང་སྐུ་གསུམ་དུ་བཤད་པ་མེད་པའི་ཕྱིར། གསུམ་པ་བཞིར་དབྱེར་ཡོད་དེ། ངོ་བོ་ཉིད་སྐུ་ལོངས་སྐུ་སྤྲུལ་སྐུ་ཆོས་སྐུ་དང་བཞིར་ཡོད་པའི་ཕྱིར་ཏེ། འགྲེལ་བར། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བའི་རྣམ་པ་བཞི་ཡིན་པས། ཞེས་དང། རྩ་བར། ངོ་བོ་ཉིད་ལོངས་རྫོགས་བཅས་དང། །ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར། བཞི་པ་སྐུ་ལྔར་དབྱེར་ཡོད་དེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། མཆོག་སྤྲུལ་རྣམ་སྨིན་གྱི་སྐུ། སྐྱེ་བཟོའི་སྤྲུལ་སྐུ་རྣམ་སྨིན་མ་ཡིན་པ་སྟེ་ལྔའང་རུང། ཡང་ཆོས་ལོངས་སྤྲུལ་བའི་སྐུ་གསུམ་གྱི་ནང་ནས་ཆོས་སྐུ་ལ་ངོ་བོ་ཉིད་སྐུ་ཡེ་ཤེས་ཆོས་སྐུ་དེ་བཞི་གང་རུང་མ་ཡིན་པའི་ཆོས་སྐུ་སྟེ་གསུམ་དབྱེ་བས་ལྔར་ཡང་རུང། ངོ་བོ་ཉིད་ལོངས་སྤྲུལ་བ་རྣམ་སྨིན་ཆོས་ཀྱི་སྐུ་ལྔ་ཡང་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། གཞན་དག་ནི་སྤྲུལ་བའི་སྐུ་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད་དོ། ཞེས་གསུངས་པའི་ཕྱིར། འདིའི་ལྔ་འདྲེན་ཚེ་ལོངས་སྐུ་དངོས་བཏགས་གཉིས་སམ། ཡང་ན་སྤྲུལ་སྐུ་གཉིས་བྱས་ནས་ལྔར་བྱེད། ལོངས་སྐུ་བཏགས་པ་བ་མི་ལེགས་པར་འོག་ཏུ་འཆད་དོ། །གཉིས་པ་གྲུབ་སྟེ། ལེགས་བཤད་གསེར་འཕྲེང་ལས། སློབ་དཔོན་འཇམ་དཔལ་གྲགས་པས། ངོ་བོ་ཉིད་སྐུ་དང་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ། ཆོས་སྐུའི་དབྱེ་བ་གསུམ་དང། ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་སྐུའོ། །ཞེས་དང། ཞེས་གསུངས་པའི་ཕྱིར། འདི་ལ་མཁས་པ་ཁ་ཅིག །དབྱེ་གཞི་ཡ་གྱལ་དུ་མི་རིགས་གསུངས་པ་མི་འཐད་པར་ཐལ། ཆོས་སྐུ་བྱས་པ་ཙམ་གྱིས་དབྱེ་གཞི་འདྲེན་མི་དགོས་པའི་ཕྱིར་ཏེ། ཆོས་ལོངས་སྤྲུལ་གསུམ་བཞིན་ནོ། །གསུམ་པ་གྲུབ་སྟེ། ལེགས་བཤད་གསེར་འཕྲེང་ལས། སྒེག་པའི་རྡོ་རྗེས་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་རྣམ་པར་སྨིན་པ་དང་སྤྲུལ་བ་དང་ཆོས་སྐུའོ། །ཞེས་པ་ལྟར་རོ། །ཞེས་གསུངས་པའི་ཕྱིར། འདི་དག་གོ་ན་མདོ་དང་རྒྱ་གར་མཁས་པའི་གཞུང་མང་པོ་གོ་བ་ལ་ཕན་པར་སྣང་བས་བྲིས་ཀྱི་བྱིས་པའི་གྱི་ན་དག་དོར་བར་བྱས་སོ། །བཞི་པ་ས་མཚམས་ནི། ཤེས་བྱ་ཆོས་ཅན། དེ་བཞིའི་ས་མཚམས་མཉམ་པར་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དེ། གདུལ་བྱ་རིགས་ངེས་མ་ངེས་གང་ཡིན་ཀྱང་འཚང་རྒྱ་ཚེ་སྐུ་བཞི་ཅིག་ཅར་དུ་ཐོབ་དགོས་པའི་ཕྱིར་ཏེ། རིགས་གཉིས་གནས་འགྱུར་མཐར་ཐུག་གྲུབ་དུས་ཀྱང་གཅིག ཚོགས་གཉིས་ལག་རྗེས་མཐར་ཐུག་གྲུབ་པ་ཡང་དུས་མཉམ། ཕུང་པོ་ལྔ་གནས་འགྱུར་བ་མཐར་ཐུག་པའི་དབང་འབྱོར་ལྔ་དང་ཡེ་ཤེས་ལྔ་དག་གྲུབ་པ་དུས་མཉམ་པར་ལུང་རིགས་དུ་མས་བསྒྲུབས་ཟིན་པ་དེའི་ཕྱིར། དེ་བཞི་གསར་གྲུབ་ཀྱི་རྟེན་ཡོད་དེ། དེ་བཞི་འགྲུབ་ཁ་མའི་རྟེན་ཅན་ལ་སྤྱིར་གཟུགས་ཁམས་པ་དང་དེའི་ནང་ནས་ཀྱང་གནས་རིགས་བཅོ་བརྒྱད་པའི་རྟེན་ཅན་གྱིས་ཁྱབ་པའི་ཕྱིར་དང། གནས་རིགས་བཅུ་བདུན་པ་མན་ཆད་ཀྱི་འདོད་གཟུགས་ཀྱི་རྟེན་ཅན་དང་གཟུགས་མེད་ཀྱི་རྟེན་ཅན་གྱི་འཚང་རྒྱ་ཁ་མའམ་རྒྱུན་མཐའ་བ་མེད་པའི་ཕྱིར་ཏེ། དེ་ལ་གནས་གཙང་ལྔ་ལས་ཀྱང་འདས་པའི་རྟེན་ཅན་གྱིས་ཁྱབ་པའི་ཕྱིར་ཏེ། མདོ་ལས། གཙང་མའི་གནས་དག་སྤངས་ནས་ནི། །ཞེས་སོགས་དང། ལང་གཤེགས་ལས། འདོད་པ་ཁམས་དང་གཟུགས་མེད་ན། །སོགས་དང། ས་སྡེ་ལས་ཀྱང་བཤད་པ་དེའི་ཕྱིར། འོན་ཀྱང། དེ་གཟུགས་ཁམས་གནས་རིགས་བཅུ་བདུན་པ་མན་ཆད་ཀྱི་གཟུགས་ཁམས་པ་དང་འོག་མིན་པ་མ་ཡིན་ཀྱང་གཟུགས་ཁམས་པ་དང་འོག་མིན་པའི་རྟེན་ཅན་ཡིན་ཏེ། མདོ་ལས། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་དང། ས་སྡེ་ལས། གཟུགས་ཀྱི་ཁམས་ནི་གནས་གཞན་བཅོ་བརྒྱད་དེ། ཞེས་གསུངས་པའི་ཕྱིར། དངོས་གཉེན་གྱིས་སྤང་བྱར་གནོད་ཚུལ་འདི་སྐོར་གལ་ཤིན་ཏུ་ཆེ་ཡང་རང་གཞན་གྱི་མཁས་རློམ་མང་པོས་རྣམ་བཤད་དག་གི་ཚིག་བྲིས་པ་ཙམ་ལས་མི་སྣང་བས་ཉུང་གསལ་བརྗོད་ན། སྒོམ་ལམ་གྱི་གནས་སྐབས་གཞན་དང་གཞན་དུ་མཁྱེན་གསུམ་བསྡུས་སྒོམ་ལྟ་བུའི་ཐེག་ཆེན་གྱི་ཆོས་མ་འདྲེས་པ་བསྒོམ་པའི་བྱང་སེམས་ཀྱི་ལམ་ཤིན་ཏུ་མཐར་ཐུག་པའི་མཉམ་བཞག་ཐ་མ་དེ་ལ་རྒྱུན་མཐའི་ཡེ་ཤེས་དང་བྱང་སེམས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཞེས་བྱ་ལ། རྡོར་ཏིང་གི་ཡེ་ཤེས་དེ་ཡུལ་སྟོང་ཉིད་ལ་ཆུ་ལ་ཆུ་བཞག་གི་མཉམ་པར་བཞག་པའི་ཚེ་ཡེ་ཤེས་དེའི་གཟིགས་ངོ་ན་ཤེས་བྱ་ཇི་སྙེད་པའི་རྣམ་པ་ཕྲ་མོ་ཙམ་མི་གཟིགས་ཏེ། དེའི་ཚེ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་རྣམ་རྟོག་ངན་པའི་ལག་རྗེས་སམ་དྲི་མ་མེད་ཀྱང་ད་དུང་མ་སྤངས་པའི་ཕྱིར། ཁྱབ་སྟེ། དེ་མ་སྤངས་ཀྱི་བར་དུ་ཤེས་བྱའི་ཡུལ་མཐའ་དག་མངོན་དུ་འགྱུར་མི་ཐུབ་ཅིང། དེ་དང་བྲལ་བ་ན་ཤེས་བྱ་མཐའ་དག་མངོན་གྱུར་གྱི་ཡེ་ཤེས་རྣམས་ཀུན་སློང་སོགས་གཞན་ལ་ལྟོས་མེད་དུ་སྐྱེ་བའི་ཕྱིར་ཏེ། དཔེར་ན། སྒྲིབ་བྱེད་ཀྱིས་བཀབ་པའི་མིག་བཞིན་ནོ། །
སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། སློབ་ལམ་གྱི་གནས་སྐབས་སུ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི་དྲི་མ་མ་སྤངས་པས་བློ་གཅིག་ལ་དོན་དམ་དང་ཀུན་རྫོབ་གཉིས་ཅིག་ཅར་མངོན་སུམ་དུ་སྣང་བ་མི་སྲིད་པའི་ཕྱིར་ཏེ། མཉམ་རྗེས་རེས་འཇོག་ཁོ་ན་དང་མཉམ་རྗེས་ངོ་བོ་ཐ་དད་པ་ཡིན་ནོ། །ཞེས་དང། རྣམ་བཤད་ལས། ཇི་སྲིད་ཀུན་སློང་གི་རྟོག་པ་ཡོད་པ་དེ་སྲིད་དུ་མི་ནུས་ལ། ཞེས་དང། ས་བཅུའི་རྒྱུན་གྱི་མཐའ་མའི་བར་ཆད་མེད་ལམ་དེ་ཉིད་དེ་བཞིན་ཉིད་ལ་ཆུ་ལ་ཆུ་བཞག་ཏུ་མཉམ་པར་བཞག་བཞིན་པ་ན་བར་ཆད་མེད་ལམ་གྱི་དུས་དེའི་ཚེ་མཉམ་བཞག་དེའི་གཟིགས་ངོ་ན་ཤེས་བྱ་ཇི་སྙེད་པའི་རྣམ་པ་ཅུང་ཟད་ཀྱང་མི་འཆར་ཏེ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་མ་སྤངས་པའི་ཕྱིར། ཞེས་དང། ཐོགས་མེད་ཞབས་ཀྱིས་ཀྱང། ཇི་ལྟར་ཆོས་ཀྱི་སྐུ་འདི་རེག་པས་ཐོག་མ་ཉིད་དུ་འཐོབ་ཅེ་ན་ཐེག་པ་ཆེན་པོའི་ཆོས་མ་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང། ནས། ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ་དང་སྒྲིབ་པ་སྲབ་མོ་གཞིག་པར་དཀའ་བ་བཤིག་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཞེས་གསུངས་པའི་ཕྱིར་རོ། །མ་ཁྱབ་མཚམས་ལ། དེར་ཐལ། བར་ཆད་མེད་ལམ་གྱི་ཚེ་དེ་འགག་ཚར་ཀྱང་གཏན་ནས་སྐྱེ་མི་རུང་མ་བྱས་པའི་ཕྱིར་ཏེ། མི་གཅིག་གིས་རྐུན་པོ་ཕྱིར་དབྱུང་བ་དང་སྒོ་འཕར་གཅོད་པར་མ་བྱས་ཚེ་རྐུན་པོ་ཕྱིར་དབྱུང་ཐུབ་ཀྱང་སྒོ་གཅོད་མ་ཐུབ་པས་ད་དུང་རྐུན་པོ་འོང་རུང་ལྟ་བུ་ཡིན་པའི་ཕྱིར། བརྟགས་པ་མཐའ་བཟུང་བྱས་ན། བར་ཆད་མེད་ལམ་དེ་ལས་ལངས་ཏེ་དེའི་རྣམ་གྲོལ་ལམ་མ་ཐོབ་ན་སྒྲིབ་པ་དེ་སྐྱེ་རུང་ཡིན་པའི་ཕྱིར་ཏེ། བར་ཆད་མེད་ལམ་གྱིས་ལག་རྗེས་འཇོག་མ་ཐུབ་པའི་ཕྱིར་ཏེ། རྣམ་བཤད་ལས། བར་ཆད་མེད་ལམ་གྱི་དུས་ན་ངོས་སྐལ་གྱི་སྤང་བྱ་དེ་མེད་ཅིང་སྐྱེར་མི་རུང་བའི་ཆོས་ཅན་ཡིན་ཡང་རྐྱེན་མ་ཚང་བས་ཡིན་གྱི་སོ་སོར་བརྟགས་འགོག་ཐོབ་པ་ནི་མ་ཡིན་ནོ། །འདི་ལ་དཔགས་ནས་ས་བཅུའི་རྒྱུན་གྱི་ཐ་མའི་བར་ཆད་མེད་ལམ་གྱི་དུས་ན་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་རྡུལ་ཙམ་ཡང་མེད་ཀྱང་ཟད་པར་སྤངས་པ་ཞེས་མི་བྱ་སྟེ། དངོས་གཉེན་གྱིས་ལག་རྗེས་བཞག་པའི་ཆ་ནས་སྐྱེར་མི་རུང་བའི་ཆོས་ཅན་དུ་སོང་བའི་ལམ་མ་ཐོབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་ན་འགོག་བདེན་དང་རྣམ་གྲོལ་ལམ་གཉིས་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ལག་རྗེས་ཡིན་ནོ། །བྱས་པ་ལ་ཁོ་ན་རེ། བར་ཆད་མེད་ལམ་དུས་ན་ལག་རྗེས་གྲུབ་ཚར་བར་ཐལ། བར་ཆད་མེད་ལམ་གྱི་དུས་ནས་དེ་གཏན་ནས་སྐྱེར་མི་རུང་བྱས་ཟིན་པའི་ཕྱིར་ཏེ། རྣམ་བཤད་ལས། ངོས་སྐལ་གྱི་སྤང་བྱ་དེ་མེད་ཅིང་སྐྱེར་མི་རུང་བའི་ཆོས་ཅན་ཡིན་ཡང། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དུས་ན་མེད་ཅིང་དེ་ཕྱིན་ཆད་སྐྱེ་མི་སྲིད་ཀྱང་ཞེས་པའི་དོན་ཡིན་ལ་དེ་ཙམ་ལ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ཐེག་ཆེན་རིགས་ངེས་ཀྱིས་སྦྱོར་ལམ་བཟོད་པ་ནས་ངན་སོང་དུ་སྐྱེ་བའི་ཡན་ལག་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པར་ཐལ་ལོ། །དེ་ནས་དེར་དེའི་དབང་གིས་སྐྱེ་མི་སྲིད་པའི་ཕྱིར། འདོད་ན། དེ་མཐོང་སྤང་མ་ཡིན་པར་ཐལ་ལོ། །དོན་འདི་ཅུང་ཟད་མ་མཁྱེན་ནས་ཀུན་མཁྱེན་རོང་པོས་ཀྱང་མཐོང་ལམ་ལ་འགག་འགྱུར་དང། རྒྱུན་མཐར་སྐྱེ་འགྱུར་གྱིས་སྤོང་ཚུལ་བཤད་སྣང་ངོ། །དེ་ལ་དཔྱོད་ལྡན་ན་རེ། འོ་ན། དེའི་ཚེ་རྒྱུན་མཐའ་བའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ལམ་མ་གཏོགས་ཀུན་རྫོབ་པའི་རྣམ་པ་ཅན་གྱི་ལམ་རྣམས་ལྐོག་གྱུར་བག་ལ་ཞ་བ་ལྟར་གྱུར་པར་ཐལ། བདེན་གཉིས་ཀྱི་འགྲེལ་པར། བཅོམ་ལྡན་འདས་འདི་རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ་རྩད་ནས་བཏོན་པ་ཉིད་ཀྱི་ཕྱིར། ཞེས་དང། འཇུག་པར། སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དང། མདོ་ལས། གང་ལ་སེམས་ཀྱི་རྒྱུ་བ་ཞེས་སོགས་ཀྱི་རྣམ་རྟོག་འགག་པར་བཤད་དུས་དེ་ཡོད་པའི་ཕྱིར། འདོད་ན། དེའི་སྐད་ཅིག་གཉིས་པའི་དུས་ཀྱི་རྣམ་གྲོལ་ལམ་པ་བ་དེའི་རྒྱུད་ཀྱི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཀུན་རང་གི་དངོས་ཀྱི་ཉེར་ལེན་ལས་དངོས་སུ་མི་སྐྱེ་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཚེ་འཁྲུལ་བའི་རྣམ་རྟོག་གི་ངོ་བོའི་ལམ་ཀུན་ལྐོག་གྱུར་དུ་འགག་ཅིང་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དངོས་གནས་མ་ཐོབ་ཀྱང་དེ་དང་དེའི་རིགས་འདྲ་སྔ་མ་རེ་དེ་དུས་ནས་ཐོབ་ཡོད་པའི་ཕྱིར་ཏེ། དེ་དུས་ཀྱི་ལམ་གཞན་ལྟ་ཅི་སྨོས། བར་ཆད་མེད་ལམ་དེས་ཀྱང་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ཉེ་རྒྱུ་བྱེད་ཐུབ་པའི་ཕྱིར་ཏེ། རྒྱུན་མཐའི་དུས་སུ་རྒྱུན་མཐའ་བ་གཅིག་ཡིན་ཀྱང། དེའི་སྐད་ཅིག་གཉིས་པའི་ཚེ་ལོངས་སྐུར་འགྱུར་བར་མ་ཟད་སྤྲུལ་སྐུ་རབ་འབྱམས་ཀྱི་ཉེ་རྒྱུ་བྱེད་པའི་ཕྱིར་ཏེ། རྣམ་བཤད་ལས། འོན་ཀྱང་དེའི་ཚེ་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་པོའི་མངོན་པར་རྟོགས་པའི་རིགས་མ་ལུས་པ་ཐོབ་པའི་བདག་ཉིད་དུ་གནས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིའི་འོན་ཀྱང་གི་ནུས་པ་དེ་ལྟར་འདོན་དགོས་པ་ནི་སྔར་ཇི་སྲིད་ཀུན་སློང་གི་ཞེས་སོགས་ཀྱི་མདོ་དེ་དག་དང་འགལ་དོགས་དང། རྣམ་རྟོག་སངས་རྒྱས་སར་མི་འགྲོ་བར་འགག་པའི་དམིགས་བསལ་གྱི་དོགས་སེལ་རྗེ་བླ་མའི་ཕྱིས་སུ་མདོ་སྔགས་ཀྱི་དཔྱད་པ་རྫོགས་པའི་མདོ་སྔགས་སེང་གེ་འཇིང་བསྣོལ་གྱི་ཆོས་སྐད་སྔོན་མེད་ཅིག་ཡིན་ཡང་མཚན་ཉིད་པ་རྒན་པོ་དག་གིས་སོ་མ་ཐེབས་པར་བཞག་འདུག་པ་ཁོ་བོས་ལེགས་པར་འཆད་པ་འདི་རྗེ་བླ་མ་ཁྱེད་མཉེས་པའི་རོལ་མོར་འབུལ་གྱི་ཐུགས་རྗེའི་སྤྱན་རས་གཟིགས་འཚལ་ཞུས་སོ། །སྔར་གྱི་ཞེན་རིག་གི་ལམ་རྣམས་འདིའི་དུས་སུ་འཁྲུལ་བའི་རྟོག་པའི་ངོ་བོ་འགག་ནས་དེའི་རྟོག་མེད་དུ་འགྱུར་ཉེ་ཡང་མངོན་གྱུར་དུ་སྐྱེ་མ་ཐུབ་པ་ཙམ་ཡིན་ཏེ། དེའི་དུས་སུ་མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཡོད་ཀྱང་མངོན་དུ་གྱུར་མ་ཐུབ་པ་བཞིན་ཡིན་པའི་ཕྱིར། དེས་ན། རྗེའི་རྣམ་ཐར་ལས། ཕ་རོལ་ཏུ་ཕྱིན་པའི་དཔྱད་པ་སྔ་མོ་ནས་རྫོགས་རྒྱུ་ཡིན་ཀྱང་ཡང་དག་མཐའ་དཔྱིས་ཕྱིན་པར་གོ་བ་སྔགས་ལ་རག་ལས་འདུག་གསུངས་པ་ནི་འདི་འདྲའི་དོགས་པ་ཟབ་མོ་འགའ་ཡིན་ནོ། །
འདིའི་རྟོག་པ་དང་རྟོག་བྲལ་ལ་རྣམ་གྲངས་མང་བས་མགོ་མ་འཁོར་ཅིག །འདི་དུས་སུ་དམིགས་བསལ་ལ་འདི་འདྲ་དགོས་ཏེ། རྟོག་པ་གནས་འགྱུར་གྱི་དུས་ཡིན་པའི་ཕྱིར། འདི་འདྲ་བའི་ཞིབ་ཆ་མ་གོ་བར་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་སེམས་བསྐྱེད་མེད་ཟེར་བ་དང། དེ་ཡང་དེའི་སེམས་དེ་རེས་སྒྲ་དོན་འཛིན་པའི་ཞེན་རིག་དང། རེས་རྟོག་བྲལ་དུ་འགྱུར་སྙམ་པ་ནི་ཆོས་གྲགས་ཀྱིས་རྣལ་འབྱོར་མངོན་སུམ་དང་ཀུན་མཁྱེན་སྒྲུབ་ལུགས་བཤད་པ་སོགས་མི་ཤེས་པའི་ཅ་ཅོ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སླར་རྟོག་པར་འགྱུར་ན་རྣམ་མཁྱེན་ཀྱང་སླར་རྟོག་པར་འགྱུར་དགོས་པའི་ཕྱིར་ཏེ། རྟོག་པ་གནས་འགྱུར་གྱི་རྣལ་འབྱོར་མངོན་སུམ་ཙམ་དུ་མཚུངས་པའི་ཕྱིར་ཏེ། གང་ཟག་དེའི་རྒྱུད་ལ་རྟོག་པ་གཅིག་ཀྱང་མེད་ན་ཕྱིན་ཆད་དེའི་རྒྱུད་ལ་མི་འབྱུང་བས་ཁྱབ་པའི་ཕྱིར་ཏེ། དཔེར་ན་གཞོན་དུས་ལྟ་བུའི་ཚེ་དེའི་རྒྱུད་ལ་རྟོག་པ་གཅིག་ཀྱང་མེད་ན་རྒན་པོའི་དུས་སུའང་རྟོག་པ་མི་འབྱུང་བས་ཁྱབ་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བརྡ་ཡི་རྒྱུ་དང་བྲལ་བའི་ཕྱིར། །དེ་ནི་ཕྱིས་ཀྱང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་དུས་ཀྱི་ཡེ་ཤེས་རྟོག་མེད་ཅིག་སླར་རྟོག་པར་འགྱུར་ན། དེ་དུས་ཀྱི་དབང་ཤེས་རྟོག་མེད་ཀྱང་སླར་རྟོག་པར་འགྱུར་དགོས་ཏེ་མཚུངས་པའི་ཕྱིར། ཞེས་འཆད་པར། རྣམ་འགྲེལ་ལས། ཡིད་ཡོད་དེས་ན་དེ་འདོད་ན། །དེ་བཞིན་དབང་སྐྱེས་ལ་ཡང་འགྱུར། །ཞེས་གསུངས་པའི་ཕྱིར། དེ་འདྲ་བའི་ངོ་ཚའང་ཐར་ལམ་གསལ་བྱེད་ལ་བལྟས་ན་ཤེས་པས་དོར་ཅིག དེ་ནས་རྒྱུན་མཐའི་སྐད་ཅིག་གཉིས་པར་རྣམ་གྲོལ་ལམ་སྐྱེས་པའི་ཚེ་ཡུལ་དེ་བཞིན་ཉིད་དམ་ཇི་ལྟ་བ་ལ་གཉིས་སྣང་ནུབ་ནས་ཆུ་ལ་ཆུ་བཞག་ཏུ་སོང་ཡང་ཡེ་ཤེས་དེའི་གཟིགས་ངོར་ཤེས་བྱ་ཇི་སྙེད་པ་ལག་མཐིལ་གྱི་སྐྱུ་རུ་ར་རློན་པ་བཞིན་དུ་ཕྱི་གསལ་ནང་གསལ་དུ་མངོན་སུམ་དུ་གཟིགས་པ་ཡིན་ཏེ། དེའི་ཚེ་ཤེས་བྱ་དེ་ལྟར་གཞལ་བ་ལ་སྒྲིབ་བྱེད་ཀྱི་ཤེས་སྒྲིབ་རྡོ་རྗེ་ལྟ་བུའི་བྱང་སེམས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་གྱིས་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ཏེ་ཟད་པར་སྤངས་པའི་ཕྱིར། ཁྱབ་སྟེ། སྒྲིབ་པ་དེ་དག་མ་ཟད་བར་དུ་ཡུལ་མཐའ་དག་མངོན་དུ་འགྱུར་མི་ཐུབ་ཀྱང་ཟད་པ་ན་མངོན་སུམ་དུ་རྟོགས་པའི་གེགས་བྱེད་མེད་པའི་ཕྱིར་ཏེ། མིག་སྒྲིབ་བྱེད་དང་བྲལ་བའི་ལག་གི་སྐྱུ་རུ་ར་རློན་པ་བཞིན་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་ནས་སྐད་ཅིག་གཉིས་པ་ལ་རྣམ་གྲོལ་ལམ་སྐྱེས་པའི་ཚེ་ཤེས་བྱ་ཇི་ལྟ་བ་ལ་གཉིས་སྣང་ནུབ་ནས་ཆུ་ལ་ཆུ་བཞག་ཏུ་སོང་བ་དེའི་གཟིགས་པའི་ངོར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་དེའི་ཚེ་ཤེས་སྒྲིབ་ཟད་པར་སྤངས་པ་དང། ཞེས་གསུངས་པའི་ཕྱིར་དང། དེ་བཞིན་དུ། རང་ལག་སྐྱུ་རུ་ར་བཞིན། ཞེས་སོགས་མདོ་ལས་བཤད་པའི་སྟོབས་ཀྱི་སྐབས་སོགས་ཤེས་བྱེད་མང་ལ། སྐྱུ་རུ་ར་རློན་པ་ནི་ནང་ཆུའི་རང་བཞིན་ཡིན་པས་ཕྱི་ནང་ཀུན་གསལ་བ་འདི་དཔེ་ཡིན་པ་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་རྒྱུན་ཡིན། ཞེས་འཇམ་མགོན་ཁྲི་རིན་པོ་ཆེ་ཡབ་སྲས་དག་གསུང་ངོ་། །གོང་དུ་མ་ཁྱབ་མཚམས་ལ། དེར་ཐལ། དཔེར་ན་མི་གཅིག་པུ་དེས་རྐུན་པོ་ཕྱིར་ཕྱུང་བར་མ་ཟད་སྒོ་ཡང་བཅད་ཟིན་ནས་སླར་འོང་མི་ཐུབ་པར་བྱས་པ་བཞིན་དུ་དེའི་གཉེན་པོ་བར་ཆད་མེད་ལམ་གྱིས་སྒྲིབ་པ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ལག་རྗེས་ཀྱི་རྣམ་གྲོལ་ལམ་སྐྱེས་པའི་དུས་ཡིན་པའི་ཕྱིར་ཏེ། འགྲེལ་བར། དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་དུ་གཉེན་པོ་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འགག་པ་དུས་མཉམ་པ་དག་གོ །ཞེས་དང། རྣམ་བཤད་ལས། མཐོང་སྒོམ་གྱི་ལམ་དེ་དག་གིས་བསྡུས་པའི་བར་ཆད་མེད་ལམ་སྐྱེས་པའི་སྟོབས་ཀྱིས་ངོས་སྐལ་གྱི་སྤང་བྱའི་ས་བོན་ཟད་པ་དུས་མཉམ་པ་ནི་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་དུ་འབྱུང་ལ། ཞེས་དང། གཉེན་པོའི་ལག་རྗེས་ཀྱིས་སྐྱེར་མི་རུང་བའི་ཆོས་ཅན་དུ་སོང་བའི་འགོག་བདེན་ཐོབ་པའི་ལམ་གྱི་ཐོག་མ་དེ་ལ་རྣམ་གྲོལ་ལམ་ཞེས་བྱ་ལ་དེ་བར་ཆད་མེད་ལམ་གྱིས་བསྐྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ལྟར་མི་འཐད་པར་ཐལ། སྒོ་འཕར་གཅོད་པ་རྣམ་གྲོལ་ལམ་གྱི་དུས་ལ་སྦྱོར་མི་རིགས་པའི་ཕྱིར་ཏེ། དེ་རྣམ་གྲོལ་ལམ་གྱིས་སྤང་བྱའི་གཉེན་པོ་བྱེད་ཚུལ་ལ་སྦྱོར་མི་རིགས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དེ་གཉིས་ཀ་བར་ཆད་མེད་ལམ་རང་དུས་སུ་དང་དེའི་རྗེས་སུ་རང་གི་ལག་རྗེས་ཀྱི་དཔེ་ཡིན་གྱི། རྣམ་གྲོལ་ལམ་གྱིས་སྤང་བྱའི་དངོས་གཉེན་བྱེད་ཚུལ་ལ་སྦྱོར་མི་རིགས་པའི་ཕྱིར་ཏེ། དེས་དེའི་དངོས་གཉེན་མི་བྱེད་པའི་ཕྱིར་དང། དེའི་བྱེད་ལས་གཞུང་འདིའི་འོག་ཏུ་འབྱུང་བའི་ཕྱིར་ཏེ། རྣམ་བཤད་ལས། དེས་ན་གཞུང་འདིས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཀའི་སྤང་བྱ་སྤོང་ཚུལ་ལ་འཆད་པ་དོན་དུ་མ་མཐོང་ངོ། །ཞེས་གསུངས་པའི་ཕྱིར།
རྒྱུན་མཐའ་བས་རྣམ་གྲོལ་ལམ་དེའི་ཚེ་སྐུ་བཞི་ཅིག་ཅར་དུ་མངོན་དུ་བྱེད་པ་ཡིན་ཏེ། དེའི་ཚེ་སྔར་དེ་མ་ཐག་པའི་གཉིས་སྣང་ནུབ་པའི་མཉམ་བཞག་ཡེ་ཤེས་དེ་མཉམ་རྗེས་ངོ་བོ་གཅིག་པའི་ཡེ་ཤེས་ཆོས་སྐུར་གྱུར། དེའི་སྔ་རོལ་གྱི་བར་ཆད་མེད་ལམ་གྱི་ཆོས་ཉིད་དེ་སྒྲིབ་བྲལ་གྱི་ངོ་བོ་ཉིད་སྐུར་གྱུར། དེའི་ཚེ་མཚན་དཔེས་སྐུ་བརྒྱན་པའི་རྒྱུན་མཐའ་བ་དེ་ལོངས་སྐུར་གྱུར་ཅིང། དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཀུན་སློང་མེད་པར་ཕྱོགས་བཅུའི་སྤྲུལ་སྐུའི་ཞིང་སོ་སོར་སྤྲུལ་སྐུ་མཐའ་ཡས་པ་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཡུལ་དེ་བཞིན་ཉིད་ལས་གཡོ་བྱེད་ཀྱི་རྟོག་པ་མེད་པས་སླར་མི་ལྡང་བའི་ཚུལ་གྱིས་ཡང་དག་མཐའ་དང་དེ་བཞིན་ཉིད་དང་ཆོས་སྐུ་མངོན་དུ་བྱས་པ་གང་ཞིག །དེའི་ཚེ་སྒྲིབ་པ་ཟད་པ་དང་མཉམ་བཞག་ཡེ་ཤེས་དེ་ཆོས་ཐམས་ཅད་ལ་མངོན་སུམ་དུ་སྒྲུབ་འཇུག་གི་བློར་སོང་བས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། དེའི་ཚེ་ཤེས་སྒྲིབ་ཟད་པར་སྤངས་པ་དང། ཡང་དག་པའི་མཐའ་མངོན་དུ་བྱས་པ་དང། ཆོས་སྐུ་མངོན་དུ་བྱས་པ་དང། ཞེས་དང། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བས། །དེ་ནི་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང། དེའི་རང་འགྲེལ་ལས། བཅོམ་ལྡན་འདས་འདི་རྟོག་པའི་ས་བོན་མཐའ་དག་བག་ཆགས་དང་བཅས་ཏེ་རྩད་ནས་བཏོན་པ་ཉིད་ཀྱི་ཕྱིར་མཚན་མ་མི་འབྱུང་ན་བཞེངས་པ་ལྟ་ག་ལ་ཡོད། བསྐལ་བ་གྲངས་མེད་པ་དུ་མར་གུས་པར་མཛད་དེ་བར་ཆད་མེད་ལམ་ལེགས་པར་བསྒོམ་པའི་ཏིང་ངེ་འཛིན་བརྟན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང། སྔར་གྱི་ཤེས་བྱེད་དགོད། དེས་ན་སངས་རྒྱས་ཀྱི་སར་ཡང་རྣམ་མཁྱེན་གྱིས་ཀྱང། ཇི་ལྟ་བ་ལ་ལྟོས་ཏེའམ་དེ་ལ་གཟིགས་པའི་ངོར་ཇི་སྙེད་པ་ཅུང་ཟད་ཀྱང་མ་གཟིགས་ཏེ། དེ་དེ་ལ་གཉིས་སྣང་ནུབ་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར་དང། དེའི་ངོར་དེ་དག་མ་གཟིགས་པ་དེའི་གནས་ལུགས་ཡིན་པའི་ཕྱིར་ཏེ། དེ་སློབ་མི་སློབ་ཀྱི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཙལ་ནས་མ་རྙེད་པ་དེ་དག་གི་གནས་ལུགས་ཡིན་པའི་ཕྱིར་ཏེ། སྐལ་བཟང་མིག་འབྱེད་ལས། དེས་ན་ཡེ་ཤེས་དེ་ཉིད་སྤྱིར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀ་ཡིན་ཀྱང་ཡེ་ཤེས་དེ་ཆོས་ཉིད་ལ་ཇི་ལྟ་བ་མཁྱེན་པ་ཡིན་གྱི་ཇི་སྙེད་པ་མཁྱེན་པ་མ་ཡིན་ལ། ཀུན་རྫོབ་ལ་ཇི་སྙེད་པ་མཁྱེན་པ་ཡིན་གྱི་ཇི་ལྟ་བ་མཁྱེན་པ་མ་ཡིན་ཞིང། ཞེས་དང། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་དུ་མཛད་པས། ཞེས་གསུངས་པའི་ཕྱིར་ཏེ། མ་རེག་དང་འབའ་ཞིག་གི་དོན་རེ་ཡོད་པའི་ཕྱིར་དང། མདོ་ལས་ཀྱང། གཟུགས་རྣམས་མི་མཐོང། ཞེས་པ་ནས། ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། ཞེས་དང། ལེགས་བཤད་སྙིང་པོ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་རྟོགས་གསུངས་པ་ནི་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་དོན་ཆོས་ཅན་ཡོད་པ་འགོག་པ་ཡིན་ཏེ། ཞེས་སོགས་ཤིན་ཏུ་མང་བའི་ཕྱིར་རོ། །དེས་ན་བར་ཆད་མེད་ལམ་གྱིས་རང་ཉིད་ཤུགས་ལ་རྟོགས་ཟེར་བ་ཡང་མི་འཐད་པར་ཐལ། དེས་ཀུན་རྫོབ་གང་ཡང་མ་གཟིགས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེས་དེ་གང་ཡང་ཤུགས་ལའང་མ་གཟིགས་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁྱབ་སྟེ། ཤུགས་ལ་གཟིགས་ནའང་གཟིགས་པར་ཁས་ལེན་དགོས་པའི་ཕྱིར་ཏེ། ཤུགས་ལ་རྟོགས་ན་རྟོགས་པས་ཁྱབ་པའི་ཕྱིར། ཤིན་ཏུ་ལྐོག་གྱུར་སངས་འཕགས་ཀྱི་མཁྱེན་པ་འབའ་ཞིག་གིས་མངོན་སུམ་དུ་རྟོགས་པའི་ཆོས་དེ་འཇལ་བའི་རྗེས་དཔག་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་སྐལ་བཟང་མིག་འབྱེད་ལས། གཞན་དུ་ན་ཤུགས་ལ་རིག་པས་རིག་པའི་གོ་མི་ཆོད་པར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ། ཞེས་གསུངས་པའི་ཕྱིར་དང། བྱང་ཆུབ་ནི་ཁོང་དུ་ཆུད་པ་རྟོགས་པའི་དང། རྫོགས་པར་ནི་མ་ལུས་པའི་དོན་དང། མངོན་པར་ནི་མངོན་སུམ་དུ་ཤེས་པའི་དོན་ཡིན་པའི་ཕྱིར་དང། སྟོང་ཐུན་ལས། སངས་རྒྱས་ཀྱི་སར་ནི་གཉིས་སྣང་འཁྲུལ་བའི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར་ཡེ་ཤེས་གཅིག་གིས་བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་དུ་མཁྱེན་པ་ཡིན་ཞིང། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང། མཉམ་རྗེས་ཀྱི་ཡེ་ཤེས་གཉིས་ཀྱང་ངོ་བོ་གཅིག་ལ་ལྡོག་པས་འབྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །སོགས་སོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་དེའི་ཚེ་སྒྲིབ་ཟད་ཀྱི་ཆོས་དབྱིངས་སུ་སོང་བའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། དེ་དེའི་ཚེ་13ངེས་པ་ལྔ་ལྡན་གྱི་གཟུགས་སྐུར་གྱུར་པའི་ཕྱིར། རྩ་རྟགས་བཞི་བ་གྲུབ་སྟེ། དེའི་ཚེ་ཀུན་སློང་མེད་པར་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་ལོངས་སྐུ་དེའི་སྤྲུལ་བར་གྱུར་པའི་དེ་འདྲ་མཐའ་ཡས་གྲུབ་པའི་ཕྱིར། དེའི་བདག་རྐྱེན་བྱས་པའི་དུས་མཉམ་གྱི་དེ་མེད་ཀྱང་དེའི་སྤྲུལ་བ་ཙམ་མཐའ་ཡས་པར་དེ་དུས་སུ་འབྱུང་བའི་ཕྱིར། རང་དང་དུས་མཉམ་རྫུ་འཕྲུལ་ཡ་མ་ཟུང་སྤྲུལ་བ་བཞིན་ནོ། །བདེན་གཉིས་ལས། དེའི་ཚེ་རྣམ་རྟོག་མེད་པ་དེའི། །སྔོན་གྱི་ཤུགས་ཀྱིས་སེམས་ཅན་དོན། །རྟག་ཏུ་ཕྱོགས་རྣམས་ཐམས་ཅད་དུ། །རྣམ་པ་ཀུན་ཏུ་ཐམས་ཅད་འབྱུང། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཚེ་ཞེས་པ་དེའི་གོང་གི་སངས་རྒྱས་མ་ཐག་ལ་སྙེགས་དགོས་པའི་ཕྱིར་ཏེ། འདིས་ནི་དེ་ཚེ་འདོད་ཁམས་སུའང་སྤྲུལ་སྐུ་འབྱུང་བར་བཤད་དེ། ཕྱོགས་རྣམས་ཐམས་ཅད། ཅེས་གསུངས་པའི་ཕྱིར། མར་མེ་ལས་འོད་བྱུང་བས་ཀྱང་སྔ་ཕྱི་མི་དགོས་པ་བཞིན། ཁ་གདེངས་ནས་ཉལ་བྱས་པ་ཡང་སྔ་ཕྱིའི་ཚིག་མ་ཡིན་པར་རྣམ་བཤད་རིགས་པ་དང་མཛོད་འགྲེལ་སོགས་དང་སྒྲ་དག་ལས་བཤད་པ་བཞིན་དུ། འདིའི་སྤྲུལ་བར་ཡང་མཚུངས་ལ་སྤྲུལ་མཁན་མེད་པའི་སྤྲུལ་བ་གྲུབ་མཐའ་སུས་ཀྱང་མི་འདོད་པས་དེ་མ་སྤྲོས། འོག་ཏུ་ཡང་ཅུང་ཟད་འཆད་དོ། །འོ་ན། སངས་རྒྱས་ཀྱི་སར་རྟོག་པ་ཞེས་བཤད་པ་གང་ཡང་མི་14འགོད་པའམ་དེའི་རྟོག་བྲལ་གྱི་རྟོག་པ་དེ་གང་སྙམ་ན། སྤྱིར་རྟོག་པ་ཞེས་པ་ལ་དུ་མ་ཡོད་དེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་དང། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་སྒྲ་སྤྱི་དང་དོན་སྤྱི་འཛིན་པའི་རྟོག་པ་དང། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གཉིས་སྣང་འཁྲུལ་བ་ཅན་གྱི་སེམས་སེམས་བྱུང་ལ་རྟོག་པར་བཤད་པ་ལྟ་བུ་གཉིས་སྣང་འཁྲུལ་བའི་རྟོག་པ་དང། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །ཞེས་བདེན་འཛིན་ལ་རྟོག་པར་བཤད་པ་དང། གཞན་ལའང། སེམས་བྱུང་ལྔ་བཅུ་རྩ་གཅིག་གི་ནང་གི་རྩིང་བར་རྟོག་པར་བཤད་པའི་གཞན་འགྱུར་གྱི་རྟོག་པ་དང། ཆོས་རྣམས་ལ་སོ་སོར་དཔྱོད་པའི་ཤེས་རབ་ལ་སོ་སོར་རྟོག་པ་ཞེས་པའི་སོར་རྟོག་གི་རྟོག་པ་དང། ཀུན་སློང་ལ་ཞིབ་པར་རྟོག་པའི་འཕགས་ལམ་ཡན་ལག་གི་ཡང་དག་པའི་རྟོག་པའི་ཐ་སྙད་བྱས་པ་སོགས་ཡོད་པ་ལས། སྤྱི་འཛིན་རྟོག་པ་དང་གཉིས་སྣང་འཁྲུལ་པའི་རྟོག་པ་གཉིས་འདིར་མི་འོང་རྒྱུ་དང་ཁྱད་པར་དུ་ཞེན་རིག་ལ་རྟོག་བྲལ་ཡིན་པར་བཤད་དོ། །དུག་གསུམ་གྱི་རྟོག་པ་དགྲ་བཅོམ་ལའང་མེད་ལ་གཞན་འགྱུར་གྱི་རྟོག་པ་སངས་རྒྱས་ལའང་ཡོད་དེ། སངས་རྒྱས་ཀྱི་སར་སྙོམས་འཇུག་དགུ་ཡོད་པའི་ཕྱིར། སོར་རྟོག་གི་རྟོག་པའང་ཡོད་དེ། ཤེས་རབ་ནང་ན་ཀུན་མཁྱེན་ལྷག །ཅེས་གསུངས་པའི་ཕྱིར། སོ་སོ་ཡང་དག་རིག་པ་བཞི་ཡོད་པའི་ཕྱིར། འཕགས་ལམ་ཡན་ལག་གི་ཡང་དག་རྟོག་པའང་ཡོད་དེ། འདི་སློབ་ལམ་དུ་སྤྱོད་ལམ་སོགས་ཀྱི་ཀུན་སློང་ཞེན་རིག་ཡིན་ཀྱང་སངས་རྒྱས་ཀྱི་སར་རྟོག་མེད་ཀྱི་ཤེས་པ་ཡིན་ཏེ། འདི་ལས་བཟང་པོའོ། །འདི་ལས་ནག་པོའོ། །འདི་ལས་འདྲེས་མའོ་སྙམ་པ་ལྟ་བུའི་མངོན་སུམ་གྱི་མཁྱེན་པ་ཞིག་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་སར་བྱང་ཕྱོགས་སོ་བདུན་ཡོད་པའི་ཕྱིར་དང་སངས་རྒྱས་ལ་དེ་འདྲ་བའི་ཐུགས་ཡོད་པར་གྲུབ་མཐའ་བཞི་ཀའི་སྐབས་སུ་བརྗོད་པའི་ཕྱིར། དེས་ན་བོད་མང་པོས་འདིའོ་སྙམ་པའི་བློ་ཀུན་སློང་བདེན་འཛིན་ཡིན་ཟེར་བ་དང། ཡང་ཁ་ཅིག །དེ་རྟོག་པ་ཡིན་ཟེར་བ་དག་མི་འཐད་དེ། སངས་རྒྱས་ལ་འདི་ངའི་ཆོས་གོས་སོ་སྙམ་པའི་ཐུགས་ཡོད་པའི་ཕྱིར་དང། རྟོག་བྲལ་གྱི་དབང་ཤེས་དང། རྟོག་བྲལ་གྱི་ཡིད་ཤེས་གཉིས་ཀྱིས་བསམ་སྒོམ་བྱེད་ཐུབ་མི་ཐུབ་དང་མཁས་བླུན་ཁྱད་ཆེ་བའི་ཕྱིར་རོ། །འོ་ན། མདོ་ལས། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་ཞེས་ནི་མ་ཡིན་ནོ། །ཞེས་བཤད་པ་མི་འཐད་པར་ཐལ། རྟོག་བྲལ་ལ་དེ་འདྲས་མ་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དབང་ཤེས་ཀྱི་རྟོག་བྲལ་ཙམ་བསྟན་གྱི་ཡིད་ཤེས་ལ་དེ་ལྟར་མི་རུང་བའི་ཕྱིར་རོ། །དེས་ན་བོད་ཀྱི་པཎྜི་ཏ་ཆེན་པོ་འགའ་ཞིག །མངོན་སུམ་གྱིས་ཡུལ་གང་ཡང་ངེས་པ་མེད་དེ། དེ་ལ་ངེས་ཤེས་མེད་པའི་ཕྱིར་ཟེར་ནའང་མ་ཁྱབ། འོ་ན། རྣམ་འགྲེལ་ལས། བློ་གྲོས་ཆེན་པོའི་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ལ་ལན་མེད་དོ། །ངེས་ཤེས་འདྲེན་པར་དགོངས་ཟེར་ན། སངས་རྒྱས་ཀྱི་སར་ངེས་ཤེས་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་གསུམ་སོང། སངས་རྒྱས་ཀྱི་སར་མཉམ་རྗེས་ངོ་བོ་གཅིག་ཚུལ་ཡོད་དེ། མཉམ་བཞག་ཡེ་ཤེས་དང་རྗེས་ཐོབ་ཡེ་ཤེས་གཉིས་མཁྱེན་པ་གང་ཡིན་ཐམས་ཅད་ལའང་ཚང་འདུག་པ་དེའི་ཕྱིར། བདེན་སྣང་སོགས་འཁྲུལ་སྣང་ཐམས་ཅད་གདུལ་བྱ་ལ་སྣང་བའི་སྒོ་ནས་རྣམ་མཁྱེན་ལ་སྣང་ལ། རྣམ་མཁྱེན་ལ་རང་ངོས་ནས་མི་སྣང་ཚུལ་ཡོད་དེ། གཟུགས་སོགས་བདེན་པར་མེད་ཀྱང་གདུལ་བྱ་སོ་སྐྱེ་ལ་བདེན་སྣང་འདི་ལྟ་བུ་ཞིག་ཤར་བྱུང་སྙམ་དུ་རྟོགས་པའི་ཕྱིར་ཏེ། དཔེར་ན་མིག་སེར་ཅན་ལ་དུང་དང་སོལ་བ་གསེར་རྣམས་བསྟན་ཚེ་འདི་རྣམས་སེར་པོར་སྣང་ཞེས་སྨྲས་ཚེ། དེ་དག་ཇི་བཞིན་མཐོང་མཁན་གྱིས་ཀྱང་རང་གི་ངོས་ནས་དེ་ཀུན་སེར་པོར་མི་སྣང་ཡང། དེའི་ངག་ལ་བརྟེན་ནས་སེར་པོའི་རྣམ་པ་འཆར་བ་བཞིན་ཡིན་པའི་ཕྱིར་ཏེ། དེའི་ཚེ་རང་གི་ངོས་ནས་དེ་ལྟར་སྣང་མཁན་འཁྲུལ་ཡང་ཁོའི་སྣང་ཚུལ་སྨྲས་པ་ལ་ལྟོས་ཏེ་དེ་ལྟར་སྣང་མཁན་མ་འཁྲུལ་བ་བཞིན་དུ་གདུལ་བྱ་དང་སངས་རྒྱས་ལའང་འཁྲུལ་མ་འཁྲུལ་ཁྱད་པར་འབྱེད་ཐུབ་པའི་ཕྱིར་ཏེ། ལམ་རིམ་ལས། མ་རིག་པ་དང་ལྡན་པ་ལ་དེ་ལྟར་སྣང་བའི་ངོས་ནས་ཡིན་གྱི། གང་ཟག་དེ་ལ་དེ་ལྟར་སྣང་བ་ལ་མ་ལྟོས་པར་སངས་རྒྱས་རང་གི་ངོས་ནས་དེ་ལྟར་སྣང་བའི་ཚུལ་གྱིས་མཁྱེན་པ་མ་ཡིན་པས། དེ་ལྟར་སྣང་བས་འཁྲུལ་བར་འགྱུར་བའི་དོན་མེད་དེ། དེ་ནི་ཡེ་ཤེས་ལ་སླད་པ་ཡོད་ནས་སྣང་བ་མ་ཡིན་ཀྱང་ཡེ་ཤེས་དེས་ཤེས་བྱ་ཐམས་ཅད་མཁྱེན་དགོས་པའི་གནད་ཀྱིས་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདི་མ་ཤེས་ན་ཡང་ན་ཤེས་བྱ་ཡིན་ན་དེས་མཁྱེན་པས་མ་ཁྱབ་པ་དང། ཡང་ན་བོད་དག་གིས་སངས་རྒྱས་ལའང་དཔྱད་མི་བཟོད་པའི་འཁྲུལ་བ་ཡོད་ཟེར་བ་ལྟར་འགྱུར་བའི་ཕྱིར་རོ། །དེ་དག་གདུལ་བྱ་ལ་སྣང་བའི་སྒོ་ནས་སྣང་ཡང་སངས་འཕགས་རང་གི་ངོས་ནས་མི་སྣང་བར་ཐལ། དུང་སེར་དང་གངས་རི་སྔོར་སྣང་དང་རི་རྒྱུག་པར་སྣང་བའི་གང་ཟག་དེ་དང་དེ་ལ་སྣང་ཚུལ་སྨྲས་ཚེ། དེ་ལྟར་མ་འཁྲུལ་བ་ལའང་དེ་ལ་སྣང་ཚུལ་གྱི་རྣམ་པ་འཆར་ཡང་རང་གི་ངོས་ནས་དུང་དཀར་དང་གངས་རི་དཀར་པོ་དང་རི་མི་རྒྱུག་པར་སྣང་བ་བཞིན་དུ་ཐུབ་པ་དང་རང་གི་ངོས་ནས་བདེན་པར་སྒྲོ་མ་བཏགས་པར་ཇི་ལྟར་གནས་པ་ལྟར་སྣང་པའི་ཕྱིར་ཏེ། དེ་ལྟར་སྣང་བའི་འཁྲུལ་རྒྱུ་ཟད་པར་སྤངས་པའི་ཕྱིར་ཏེ། བདེན་གཉིས་ལས། བརྟགས་པའི་ངོ་བོས་དབེན་པ་ཡིས། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དང། དེའི་རང་འགྲེལ་ལས། ཡང་དག་པར་སྐྱེ་བ་ལ་སོགས་པས་དབེན་པ། བརྟེན་ནས་སྐྱེས་པ་ཁོ་ནའི་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཅིག་ཅར་མངོན་སུམ་དུ་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་དང། རྟོག་པ་དང་ནི་ཉོན་མོངས་དང། །བག་ཆགས་མ་ལུས་གཏན་བཅད་ཅན། །ཤེས་བྱའི་ཡུལ་རྣམས་མི་ཤེས་པའི། །ཚོགས་ནི་མཐའ་དག་རྣམ་སྤངས་ཅན། །ཞེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་སངས་རྒྱས་འཕགས་པའི་ཀུན་རྫོབ་དང་དོན་དམ་དཔྱོད་པའི་ཚད་མ་གཉིས་ཀྱི་གཞལ་བྱ་ཡིན་ཀྱང་ཡུལ་སོ་སོ་ལ་ལྟོས་ཏེ་རིགས་ཤེས་དང་ཐ་སྙད་པའི་ཚད་མ་གཉིས་འགལ་ཚུལ་ཡོད་དེ། ཇི་ལྟ་བ་ལ་ལྟོས་ཏེ་རྣམ་མཁྱེན་དེ་རིགས་ཤེས་ཡིན་ཀྱང་ཐ་སྙད་པའི་ཚད་མ་མ་ཡིན་པ་གང་ཞིག །ཇི་སྙེད་པ་ལ་ལྟོས་ཏེ་རྣམ་མཁྱེན་དེ་ཐ་སྙད་པའི་ཚད་མ་ཡིན་ཀྱང་རིགས་ཤེས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཇི་ལྟ་བ་གཅིག་བུ་ལ་ལྟོས་ཏེ་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཚད་མ་མ་ཡིན་པའི་ཕྱིར་ཏེ། དེ་གཅིག་པུ་ལ་ཆོས་ཐམས་ཅད་མ་ཚང་བའི་ཕྱིར་ཏེ། ཆོས་ཐམས་ཅད་དེ་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཇི་སྙེད་པ་ལ་ལྟོས་ཏེ་བདེན་གཉིས་ཀྱི་ཆོས་ཐམས་ཅད་མཁྱེན་པའི་ཚད་མར་མ་སོང་བའི་ཕྱིར་ཏེ། དེར་ཇི་ལྟ་བའི་ཆོས་ཐམས་ཅད་མ་ཚང་བའི་ཕྱིར། ཁྱབ་སྟེ། རྣམ་མཁྱེན་ཡུལ་དེ་དང་དེ་བདེན་གཉིས་གང་ཡིན་ལ་ཚད་མར་སོང་ལ། དེ་མ་ཡིན་པ་ལ་ཡིན་པར་ཚད་མར་འགྲོ་མི་སྲིད་པའི་ཕྱིར་ཏེ། སྒྲུབ་ཚུལ་དེ་སྐད་དུ། ལམ་རིམ་ལས། འབྲས་བུའི་སྐབས་སུ་ཡེ་ཤེས་གཉིས་ཀྱིས་ཡུལ་འཇལ་བ་ན། དེ་ཙམ་དུ་མ་ཟད་ཡུལ་དེ་ལ་ཚད་མ་གཉིས་གང་དུ་སོང་ལེགས་པར་ཤེས་ན་ཡུལ་སོ་སོར་མ་ངེས་ཀྱང་ཡུལ་ཅན་གཉིས་གཞི་མཐུན་དུ་མི་འོང་བ་ཡང་ཤེས་པར་ནུས་ཏེ། ཞེས་གསུངས་པའི་ཕྱིར།
གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། སངས་རྒྱས་མ་ཐག་པའི་འདོད་རྟེན་ཅན་གྱི་སྤྲུལ་སྐུ་མེད་པར་ཐལ། སངས་རྒྱས་མ་ཐག་པའི་ཁམས་གསུམ་པོ་གང་རུང་གི་རྟེན་ཅན་ལ་འོག་མིན་གྱི་རྟེན་ཅན་གྱིས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། སངས་རྒྱས་མ་ཐག་པའི་འདོད་པའི་གང་ཟག་གི་རྣམ་པ་ཅན་གྱི་སྤྲུལ་སྐུ་མེད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་ཅིང། འདོད་མི་ནུས་ཏེ། དེ་འདྲ་བའི་རྣམ་ཅན་གྱི་བཟོ་དང་སྐྱེ་བ་སྤྲུལ་སྐུ་དུ་མ་ཡོད་པའི་ཕྱིར་ཏེ། དེ་འདྲ་བའི་རྣམ་ཅན་གྱི་བཟོ་དང་སྐྱེ་བ་སྤྲུལ་སྐུ་ལ་ཁམས་གསུམ་གང་རུང་གི་རྟེན་ཅན་གྱིས་མ་ཁྱབ་པའི་ཕྱིར་ཏེ། དེ་འདྲ་བའི་རྣམ་ཅན་གྱི་བཟོ་བ་སྤྲུལ་སྐུ་ལའང་མ་ཁྱབ། དེ་འདྲ་བའི་རྣམ་ཅན་གྱི་སྐྱེ་བ་སྤྲུལ་སྐུ་ལའང་མ་ཁྱབ་པའི་ཕྱིར། དང་པོ་མ་གྲུབ་ན། ཀླུའི་རྣམ་པ་ཅན་གྱི་ཡི་གེ་བའམ་གར་མཁན་གྱི་རྣམ་པ་ཅན་གྱི་སྤྲུལ་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་ན། འདོད་རྟེན་ཅན་དུ་ཐལ། འདོད་པ་གང་ཞིག །གཞན་གཉིས་གང་རུང་གི་རྟེན་ཅན་མ་ཡིན་པའི་ཕྱིར། འདོད་ན། ཀླུའི་ལུས་རྟེན་ཅན་དུ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་ལ་འདོད་གཟུགས་གང་རུང་གི་རྟེན་ཅན་གྱིས་ཁྱབ་པའི་ཕྱིར། འདོད་ན། དུད་འགྲོའི་ལུས་རྟེན་དུ་ཐལ། འདོད་པའི་ཕྱིར། གཉིས་པ་གྲུབ་སྟེ། རི་བོང་གི་རྣམ་པ་ཅན་གྱི་སྐྱེ་བ་སྤྲུལ་སྐུ་དང་ཤིང་ལྗོན་པའི་རྣམ་པ་ཅན་གྱི་སྐྱེ་བ་སྤྲུལ་སྐུ་ཡོད་པའི་ཕྱིར་ཏེ། སྡོང་བོ་བཀོད་པའི་མདོ་ལས། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང། །ཡིད་བཞིན་ནོར་བུ་འདོད་པ་འབྱིན་ཤིང་དང། །ལམ་གོལ་འཁྱམས་པ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དག་འདོད་རྟེན་ཅན་མ་ཡིན་པར་སྔར་བཞིན་སྒྲུབ་ཆོག་པ་དེའི་ཕྱིར། ཡང་ཁོ་ན་རེ། སངས་འཕགས་ཀྱི་མཉམ་རྗེས་རིམ་ཅན་དུ་འབྱུང་བར་ཐལ། སློབ་ལམ་ན་དེའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། རྗེས་ཐོབ་ཅེས་པའི་དོན་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། སྟོང་ཐུན་ལས། དེ་ཡང་སློབ་ལམ་གྱི་གནས་སྐབས་ལྟར་མཉམ་བཞག་ལས་དུས་ཕྱིས་བྱུང་བའི་རྗེས་ཐོབ་མ་ཡིན་གྱི་མཉམ་བཞག་དེའི་སྟོབས་ལས་ཐོབ་པས་རྗེས་ཐོབ་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། དར་ཊཱིཀའང་འདི་ལྟར་ཡོད།
འདིར་སྨྲས་པ།
སྐུ་བཞིའི་རི་མོ་ཆེས་བཀྲའི་སྟོང་གསུམ་དར། །
ཉེས་བཤད་རྡུལ་གྱི་ནང་དུ་མི་མངོན་པ། །
རྣམ་དཔྱོད་མེ་ཞལ་མིག་གིས་ལེགས་རྟོགས་ནས། །
ལེགས་བཤད་རྒྱལ་མཚན་ཆེན་པོ་ལྷབ་ལྷུབ་གཡོ། །
བཀའ་དང་དགོངས་འགྲེལ་ལས་འོངས་སྐུ་བཞིའི་མཚོ། །མ་མཐོང་བློས་བྱས་ཁྲོན་པའི་ཆུ་ཙམ་གྱིས། །ཡབ་སྲས་རྣམ་དཔྱོད་རྒྱ་མཚོ་གཞལ་འདོད་པ། །ཀྱེ་མ་བྱིས་པའི་ཀུརྨ་བཞད་གད་རྒྱུ། །བསམ་བཞིན་དཔྱད་ན་འཕགས་ཡུལ་རྒྱན་དྲུག་ཀྱང། །གང་གིས་རྒོལ་བའི་རྦ་རླབས་བཟོད་དཀའ་བའི། །གངས་ལྗོངས་ནོར་འཛིན་ལྟོ་ངལ་ཡོན་ཏན་ལྕིད། །ཀུན་མཁྱེན་ཚད་མའི་སྲང་གིས་འདེགས་སམ་སྙམ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
