ཀུན་མཁྱེན་ཕར་ཕྱིན་ལས་སྐབས་དྲུག་པ་མཐར་གྱི་སྦྱོར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-17 21:25:53     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 168526773371505757.jpg

                          ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་འཁྲུལ་སེལ་གངྒཱའི་ཆུ་རྒྱུན་མི་ཕམ་ཞལ་ལུང་ལས་སྐབས་དྲུག་པའི་མཐའ་དཔྱོད་བཞུགས་སོ། །

 ན་མཿསྭ་ར་སྭ་སྟྱཻ།

མཁྱེན་པའི་མཁའ་ལ་ཤེས་བྱའི་རྒྱུ་སྐར་བཀྲ། །

ལེགས་བཤད་བདུད་རྩིས་སྐལ་ལྡན་ཀུ་མུད་ཚོགས། །

མ་ལུས་བཞད་པའི་སྲས་བཞིའི་ཆུ་གཏེར་ཆེ 

འཕེལ་མཛད་རྒྱལ་བའི་ཡུམ་ལ་གུས་པས་འདུད། །

    བརྒྱ་དང་དོན་གསུམ་ཟབ་དོན་མ་ལུས་ཀུན། །མཐར་གྱིས་སྒོམ་བྱེད་བཅུ་གསུམ་རྩིས་ཟིན་སྨན། །མ་ལུས་ཡམས་ནད་སེལ་བའི་བདུད་རྩི་དང། །འདོད་པ་ཀུན་སྟེར་དཔག་བསམ་ལྗོན་འདིར་སྤེལ། །

 

                                           མཐར་གྱིས་སྦྱོར་བ།

    དེ་ལ་འདིར་བརྟན་པ་རྒྱུ་འབྲས་གྱི་རྣམ་གཞག་ལ། བརྟན་བྱེད་མཐར་གྱིས་སྦྱོར་བ་དང། བརྟན་པའི་འབྲས་བུ་སྐད་ཅིག་སྦྱོར་བ་གཉིས་ལས། དང་པོ་ལ། འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བཅོམ་ལྡན་འདས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆེན་མཐར་གྱིས་སྤྱོད་པ་དང། མཐར་གྱིས་སློབ་པ་དང། མཐར་གྱིས་ནན་ཏན་དུ་བགྱི། སོགས་ཀྱི་དོན་འཆད་པར་འདི་བྱུང། གཉིས་པ་ནི་བྱང་སེམས་སྦྱོར་ལམ་པའི་ཡེ་ཤེས་ཆོས་ཅན། མཐར་གྱིས་སྦྱོར་བ་ཡིན་ཏེ། ཆོས་བཅུ་གསུམ་གྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། དེ་ཆོས་ཅན། དབྱེ་བ་ཡོད་དེ། རྩ་བའི་དབྱེ་བ་གསུམ་དང། ཡན་ལག་གི་དབྱེ་བ་བཅུ་གསུམ་དང་བརྒྱ་དོན་གསུམ་ཀྱང་ཡོད་པའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། ཆོས་བཅུ་གསུམ་གོ་རིམ་གྱིས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར་དེ། མཐར་གྱིས་སྦྱོར་བའི་མཚན་ཉིད་ཟེར་ན། འོ་ན། དེ་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་གོ་རིམ་དུ་ཉམས་སུ་ལེན་པའི་རྣལ་འབྱོར་མེད་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་གོ་རིམ་ངེས་ཅན་དུ་སྒོམ་པའི་མཐར་གྱིས་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། སྦྱོར་བ་བཞི་ཀ་མཁྱེན་གསུམ་ཉམས་སུ་ལེན་པའི་ཆ་ནས་བཞག་པའི་ཕྱིར། དེར་ཐལ། མཁྱེན་གསུམ་གྱི་རྣམ་པ་རྫོགས་པར་ཡུལ་དུ་བསྡུས་ནས་སྒོམ་པའི་རྣམ་རྫོགས་སྦྱོར་བ་དང། དེ་དེ་སྒོམ་པ་རབ་ཏུ་ཕུལ་དུ་བྱུང་བར་འགྲོ་བའི་རྩེ་མོ་དང། དེ་གསུམ་གྱི་རྣམ་པ་མཐའ་དག་གོ་རིམ་དུ་སྒོམ་པར་བྱེད་པའི་མཐར་གྱིས་སྦྱོར་བ་དང། དེ་མཐར་ཐུག་པའི་སྐད་ཅིག་སྦྱོར་འཇོག་པའི་ཕྱིར། རྩ་བར། དེ་ཡི་སྦྱོར་བ་དང། །དེ་རབ་དེ་ཡི་གོ་རིམ་དང། །དེ་མཐའ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཡི་གོ་རིམ་ཞེས་པའི་དོན་ཡོད་པའི་ཕྱིར། དེའི་འགྲེལ་པ་ལས། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བླགས་ནས་བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་མཐར་གྱིས་པའི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཐའ་དག་ཏུ་སྒོམ་པའི་དོན་ཡོད་པའི་ཕྱིར། གཞན་ཡང། དེ་ལྟར་འདོད་པ་སློབ་དཔོན་གྱི་གཞུང་དང་འགལ་བར་ཐལ། མཐར་གྱིས་པའི་ཆོས་བཅུ་གསུམ་རིམ་ཅན་དུ་སྒོམ་པ་ཁོ་ན་ཡིན་པའི་ཕྱིར། མ་ཁྱབ་ན། སློབ་དཔོན་གྱིས་མཚམས་སྦྱོར་གྱི་འགྲེལ་པ་ལས། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་རིམ་ཅན་དུ་བླགས་ནས་བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས། ཞེས་གསུངས་པ་མི་འཐད་པར་ཐལ། སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་སོ་སོར་བཤད་པ་དང། བཞི་པར་སྦྱོར་བའི་ཡུལ་དུ་བསྡུས་ནས་རྣམ་པ་རིམ་ཅན་དུ་སྒོམ་པར་བྱེད་པ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་ལྟར་སྒོམ་པའི་ཕྱིར། རྣམ་བཤད་ལས། འདིའི་མཚམས་སྦྱོར། ཞེས་དང། ཡང་དེ་ཉིད་ལས། མཁྱེན་གསུམ་གྱི་རྣམ་པ་མ་ལུས་པ་རྟ་རྒྱུག་པ་ལྟར་དཀྱུས་ཐོག་གཅིག་ལ་སྒོམ་པ་མཐར་གྱིས་པའི་སྒོམ་ཚུལ་དུ་ངེས་པར་འདོད་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྤྲོས་པས་ཆོག ཡང་ཁ་ཅིག་ན་རེ། མཐར་གྱིས་བྱ་བ་ཡིན་ན་ཚོགས་ལམ་ཡིན་པས་ཁྱབ། མཐར་གྱིས་སློབ་པ་ཡིན་ན་སྦྱོར་ལམ་ཡིན་པས་ཁྱབ། མཐར་གྱིས་སྒྲུབ་པ་ཡིན་ན་བྱང་འཕགས་ཀྱི་མཁྱེན་པ་ཡིན་པས་ཁྱབ་ཟེར་ན། འོ་ན། མཐར་གྱིས་སྦྱོར་བ་ཡིན་ན་མཐར་གྱིས་བྱ་བ་ཡིན་མི་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན་མཐར་གྱིས་བྱ་བ་ཡིན་པས་ཁྱབ་པའི་ཕྱིར། རྩ་བར། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་གོ་རིམ་ངེས་ཅན་དུ་སྒོམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེའི་མཚན་ཉིད་ཟེར་ན། ས་བརྒྱད་པའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། རྩ་བར་འདོད་ན། གཞི་ཤེས་ཀྱི་རྣམ་པ་སྒོམ་པར་ཐལ། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་ཕྱིར། རྟགས་སོང། དེར་ཐལ། དེ་རིམ་ཅན་དུ་སྒོམ་པའི་ཕྱིར། རྟགས་ཁས། འཁོར་གསུམ། གོང་དུ་འདོད་མི་ནུས་ཏེ། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་གོ་རིམ་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་དེའི་མཚན་ཉིད་ཟེར་ན། བྱང་སེམས་སྒོམ་ལམ་པའི་མཐར་གྱིས་པའི་སྦྱོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་སླ། ཁྱབ་པ་ཁས། འདོད་ན། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་མ་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་བརྟན་པ་ཐོབ་ཟིན་པའི་ཕྱིར། འཁོར་གསུམ།

    རང་ལུགས་ལ། མཁྱེན་གསུམ་གང་རུང་གི་རྣམ་པ་གོ་རིམ་ངེས་ཅན་དུ་ཉམས་སུ་ལེན་པའི་ཆ་ནས་བཞག་པའི་སེམས་དཔའི་རྣལ་འབྱོར་དེ་མཐར་གྱིས་སྦྱོར་བའི་མཚན་ཉིད། དབྱེ་ན་མཐར་གྱིས་བྱ་བ་དང། མཐར་གྱིས་སློབ་པ་དང། མཐར་གྱིས་སྦྱོར་བ་གསུམ་ཡོད། དང་པོ་ནི། གཙོ་བོ་ཚོགས་ལམ་ལ་འཇོག །གཉིས་པ་ནི། གཙོ་བོ་སྦྱོར་ལམ་ལ་འཇོག །གསུམ་པ་ནི། གཙོ་བོ་སྒོམ་ལམ་ལ་འཇོག་ཀྱང། སྤྱིར་ཡོད་ཙམ་ལ་དེ་གསུམ་ཀ་ཚོགས་ལམ་ནས་ས་བཅུ་པའི་བར་དུ་ཡོད། ཡང་དེ་ལ་དབྱེ་ན་ཕར་ཕྱིན་དྲུག་གི་མཐར་གྱིས་སྦྱོར་བ་དྲུག །རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་བ་དྲུག།། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་གཅིག་དང་བཅུ་གསུམ་ཡོད་པའི་ཕྱིར། བཅུ་གསུམ་བྱེད་པའི་རྒྱུ་མཚན་ཡོད་དེ། སྤྱོད་པའི་རྟེན་སེམས་བསྐྱེད་ནས་ཕྱིན་དྲུག་ལ་སློབ་པའི་དབང་དུ་བྱས་ནས་དང་པོ་དྲུག །དེ་དག་གི་རྟེན་དཀོན་མཆོག་རྗེས་སུ་དྲན་པ་གསུམ་དང། མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ་ཁྲིམས་དང། དགེ་བ་ལ་འཇུག་པའི་གཏོང་བ་དང་དབང་པོ་ཉིད་དུ་ལྷ་དང་བླ་མ་རྗེས་སུ་དྲན་པ་དང། དེ་བཅུ་གཉིས་པོ་ཐམས་ཅད་བདེན་མེད་ཀྱི་རྒྱས་འདེབས་པའི་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་དང་བཅུ་གསུམ་ཡོད་པའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་དེ་མེད་པར་ཐལ། དེ་ལ་རྩེ་སྦྱོར་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། འགྲེལ་པར་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པ་བཤད་པའི་ཚིག་འགྲེལ་ཡིན་གྱི་དོན་གྱི་འགྲེལ་བ་མ་ཡིན་པའི་ཕྱིར། གསེར་འཕྲེང་ལས། སློབ་དཔོན་ལྟར་ན་རྩེ་མོ་ཐོབ་ནས་སྒོམ་པར་མངོན་ཡང་དེ་སྦྱོར་བ་རྣམས་ཀྱི་གོ་རིམ་འཆད་པའི་ཡན་ལག་ཙམ་དུ་དགོངས་པ་བརྟགས་ནུས་ཤིང། ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །རྩ་བར་འདོད་མི་ནུས་ཏེ། དེ་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་དུ་ཡོད་པ་མདོ་དང་འཕགས་པས་བཞེད་པ་གང་ཞིག །དེ་རྗེ་ཡབ་སྲས་གཉིས་ཀས་ཀྱང་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་བར་བ་ལས་ཀྱང། བྱང་ཆེན་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པ་ན་མཐར་གྱིས་བགྱིི་བ་དང། མཐར་གྱིས་སློབ་པ་དང། མཐར་གྱིས་སྒྲུབ་པར་ཇི་ལྟར་གདགས་པར་འགྱུར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཐར་གྱིས་བྱ་བའི་སྦྱོར་བ་སེམས་བསྐྱེད་མ་ཐག་ནས་འཇོག མཐར་གྱིས་སློབ་པ་སྦྱོར་ལམ་ནས་འཇོག མཐར་གྱིས་སྒྲུབ་པ་མཐོང་སྒོམ་ལ་གཙོ་བོར་འཇོག་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཉི་སྣང་ལས། བགྱི་བ་སྨོས་པས་ནི་སེམས་སྐྱེད་པ་གཟུང་བའི་དོན་དུའོ ཞེས་གསུངས་པའི་ཕྱིར་དང། སེམས་སྐྱེད་ཙམ་ལས་ཟུར་གཞན་མི་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལ། སློབ་པ་སྨོས་པས་ནི་ངེས་པར་བྱེད་པའི་ཆ་དང་མཐུན་པར་ཤེས་པར་བྱ་བའི་དོན་དུའོ། །ཞེས་སོ། །གསུམ་པ་གྲུབ་སྟེ། ཉི་སྣང་ལས། སྒྲུབ་པ་སྨོས་པས་ནི་མཐོང་བའི་ལམ་དང། སྒོམ་པའི་ལམ་ཤེས་པའི་ཆེད་དུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་སྨོས་པས་མཐར་གྱིས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཉི་སྣང་ལས། གསུམ་སྨོས་པས་ནི་མངོན་པར་རྟོགས་པའི་མཐར་གྱིས་པ་ཤེས་པའི་དོན་དུའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། གསེར་འཕྲེང་ལས། གསུམ་སྨོས་ནས། ཡིན་ནོ། །ཞེས་གསུངས་པའི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད། ཅེས་དང། རྣམ་བཤད་ལས། ས་མཚམས་ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འཕགས་པའི་ལུགས་ལ་ཡིན་ཀྱང་སློབ་དཔོན་ལུགས་ལ་དེ་མི་རུང་བར་ཐལ། སློབ་དཔོན་གྱིས་སྦྱོར་ལམ་ཡན་ཆད་ཁོ་ནར་བཤད་པའི་ཕྱིར། འགྲེལ་ཆེན་ལས། གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། མཐོང་བ་དང། སྒོམ་པའི་ལམ་སྟོན་པར་བྱེད་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འགྲེལ་པ་འདི་གཉིས་ཀྱིས་ལམ་དེ་གསུམ་ལས་མ་སྦྱར་ཡང་འཕགས་པའི་ལུགས་དང་མི་འགལ་བ་སློབ་དཔོན་འདིའི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། ཉི་སྣང་ལས་བཤད་ཚུལ་ལ་འདིར་དགག་པ་ཟུར་ཙམ་ཡང་མེད་པའི་ཕྱིར། གསེར་འཕྲེང་ལས། སློབ་དཔོན་འདིའི་དེ་ལྟར་དྲན་པའི་གནས་སྐབས་གསུམ་དུ་མཛད་པ་ནི། ཞེས་པ་ནས། དེའི་ཚིག་དང་བསྟུན་པར་སྣང་ཡང་འཕགས་པ་དང་མི་འགལ་བར་ཚོགས་ལམ་ནས་ཀྱང་བཞག་གོ །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། འོ་ན་སངས་རྒྱས་རྗེས་དྲན་ལྔར་བྱེད་པར་སློབ་དཔོན་གྱིས་མི་བཞེད་པར་ཐལ། འགྲེལ་པ་གཉིས་སུ་བྱང་ཕྱོགས་སོ་བདུན་ཚན་པ་གསུམ་དུ་བཅད་ནས་སྦྱོར་མཐོང་སྒོམ་གསུམ་དུ་སངས་རྒྱས་དྲན་ཚུལ་བྱས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། གསེར་འཕྲེང་ལས། དེ་ལྟར་འགྲེལ་བ་གཉིས་སུ་ནི་སངས་རྒྱས་རྗེས་སུ་དྲན་པ་གསུམ་དང། ཞེས་པ་ནས། ཆོས་སོ་བདུན་པོ་དེ་ཚན་པ་གསུམ་དུ་བཅད་ནས་ལམ་གསུམ་དུ་སངས་རྒྱས་དྲན་ཚུལ་དེའི་སྟོན་པར་བཞེད་དོ། །ཞེས་གསུངས་པའི་ཕྱིར་དང། འགྲེལ་ཆེན་ལས་ཀྱང། དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་གསུམ་པོ་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བ་དང་སྒོམ་པའི་ལམ་སྟོན་པར་བྱེད་པས། ཞེས་གསུངས་པའི་ཕྱིར་དང། འགྲེལ་ཆུང་ཡང་འདྲའོ། །རྩ་བར་འདོད་ན། དེ་བཞིན་གཤེགས་པ་གཟུགས་སོགས་སུ་ཡིད་ལ་མི་བྱེད་པ་དང། དེ་བཞིན་དུ་མཚན་དཔེ་སོགས་ཟག་མེད་ཀྱི་ཕུང་པོ་ལྔར་དང། སྟོབས་སོགས་སུ་དང། རྟེན་འབྲེལ་དུ་དོན་དམ་པར་ཡིད་ལ་མི་བྱེད་པའི་སངས་རྒྱས་རྗེས་སུ་དྲན་ཚུལ་ལྔ་བྱས་ནས་དང་པོ་ཚོགས་ལམ། གཞན་བཞི་སྦྱོར་ལམ་བཞི་ལ་འཇོག་པར་འཕགས་སེང་གཉིས་ཀས་བཤད་པའི་ཕྱིར། གསེར་འཕྲེང་ལས། སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔ་ཉི་སྣང་དང་ལེ་བརྒྱད་མར་གསུངས་ཏེ། དང་པོ་ཚོགས་ལམ་དང་ལྷག་མ་སྦྱོར་བ་བཞི་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལེ་བརྒྱད་མ་སློབ་དཔོན་འདིས་མཛད་པའི་ཕྱིར། ཉི་སྣང་ལས་ཀྱང། དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔའོ། །དེ་ལ་དང་པོར་ནི་སེམས་བསྐྱེད་པའོ། །བཞི་པོ་རྣམས་ཀྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའོ། །ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

སྲ་ཞིང་འགུགས་དཀའི་ཡུམ་དོན་གནམ་རུ་དེ། །

འཕགས་སེང་དགོངས་པས་བཀུགས་ཀྱང་བོད་མ་རྙེད། །

ཡབ་རྗེས་འདོམས་སུ་བཀང་བའི་རྒྱུད་ཀྱི་སྒྲས། །

ལོག་སྨྲའི་ལྷ་མིན་ཀླད་འགེམས་ས་གསུམ་གྲགས། །

     མཐར་གྱིས་སྦྱོར་བའི་མེ་ན་ཀ་ཡི་གླུ། །སྙན་ཅིང་བཀྲ་བར་འདོད་ན་ལེགས་བཤད་ཀྱི། །མཁོ་དགུའི་ཚིག་སྦྱོར་ལོ་འདབ་སྣ་ཚོགས་ཅན། །རྣམ་སད་མེ་ལོང་དགའ་བའི་ཚལ་འདིར་ཞུགས། །

     ཞེས་ཕར་ཕྱིན་མཐའ་དཔྱོད་མཁས་པའི་མགུལ་རྒྱན་ནོར་བུའི་འཕྲེང་མཛེས་ལས། སྐབས་དྲུག་པའི་ཚིག་དོན་ལེགས་པར་བཤད་ཟིན་ཏོ།། །། དགེའོ།། བཀྲ་ཤིས།

                                                                                                                    རྩོམ་སྒྲིག་པ། མང་ར་བ།

 

             གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                                                                         དྲ་བའི་སྦྲེལ་ཐགhttp://www.tb1025.cn  

བརྒྱུད་འགོད།