ཀུན་མཁྱེན་ཕར་ཕྱིན་ལས་སྦྱོར་ལམ་རྩེ་སྦྱོར།
གཉིས་པ་ལ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་བཞི། དང་པོ་ལ། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་གི་རྩེ་སྦྱོར་བཞི། དང་པོ་སྟོན་པར། རྩ་བར། རྨི་ལམ་ན་ཡང་ཞེས་སོགས་ཚིགས་བཅད་གཅིག་བྱུང། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། རབ་འབྱོར་གལ་ཏེ་བྱང་ཆེན་རྨི་ལམ་གྱི་ནང་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་བ་དང། ནས། གང་དེ་ལྟར་སྤྱོད་པའི་རྣམ་མཁྱེན་ཉིད་དང་ཉེ་བར་འགྱུར་བ་ལགས་སོ། །ཞེས་སོགས་ཀྱི་དོན་འཆད་པར་འདི་བྱུང། གཉིས་པ་ནི། འདིར་བསྟན་དབང་རྣོན་གྱི་ཕྱིར་མི་ལྡོག་པའི་རྩེ་སྦྱོར་གྱི་རྟགས་ཆོས་ཅན། བཅུ་གཉིས་ཡོད་དེ། དྲོད་རྩེའི་དེའི་རྟགས་དང་པོ་དྲུག་རྨི་ལམ་གྱི་སྐབས་དང་དེ་ནས་སད་རྨི་གཉིས་ཀའི་གནས་སྐབས་ཀྱི་གཉིས་དང་ཐ་མ་བཞི་སད་པའི་གནས་སྐབས་ཀྱི་རྟགས་སུ་རིགས་པའི་ཕྱིར། དང་པོ་བརྒྱད་འབྲས་རྟགས་དང་ཕྱི་མ་བཞི་རང་བཞིན་གྱི་རྟགས་ཡིན་ཏེ། དང་པོ་བརྒྱད་རྩེ་སྦྱོར་ཐོབ་རྗེས་སུ་དེ་དཔོག་བྱེད་དང། ཐ་མ་བཞི་རྩེ་སྦྱོར་དང་དུས་གཅིག་པའི་དཔོག་བྱེད་ཡིན་པའི་ཕྱིར།
མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། རྩེ་སྦྱོར་དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། ཁྱོད་ལ་རྨི་ལམ་མེད་པར་ཐལ། ཁྱོད་ལ་གཉིད་མེད་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར། མཛོད་ལས། དེ་ལ་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་སས་བསྡུས་ཀྱི་དེ་མེད་པའི་དོན་ཡིན་ཞིང་དེ་ལ་མི་དགེ་བའི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་པས་མི་འགལ་བའི་ཕྱིར་ཏེ། གསེར་འཕྲེང་ལས། གཉིད་ཡུལ་ལ་འཇུག་པའི་ཤེས་པ་རང་དབང་མེད་པར་བྱེད་པ་ཉོན་མོངས་ཅན་དང་ལུས་བརྟས་པར་བྱེད་པ་དགེ་བར་བགྲང་བ་གཉིས་ཡོད་པས། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྦྱོར་ལམ་དུ་མ་ཟད་ས་བཅུ་ལའང་རྨིས་ལྟས་གསེར་འོད་སོགས་ལས་བཤད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྩ་བར། བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང། །ཞེས་སྦྱོར་ལམ་དྲོད་ཕྱིར་མི་ལྡོག་པའི་རྟགས་ལ་གཉིད་རྨུགས་སོགས་སྒྲིབ་པ་དང་མི་ལྡན་པར་བཤད་པ་མི་འཐད་པར་ཐལ། བྱང་སེམས་དབང་རྣོན་གྱི་དྲོད་པ་བར་རྨི་ལམ་ཡོད་པའི་ཕྱིར་ཟེར་ན་ཡང་མ་ཁྱབ་སྟེ། མི་དགེ་བའི་སྒྲིབ་པ་ལྔ་དང་མི་ལྡན་ཡང་དགེ་བའི་རྨི་ལམ་ཡོད་པ་སར་གནས་ལའང་མི་འགལ་བའི་ཕྱིར། གསེར་འཕྲེང་ལས། འདི་དག་རྨིས་ལྟས་ཀྱི་རྟགས་ཡིན་ན་དྲོད་ནས་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་དང་མི་འགྲོགས་པ་ཅི་ཞེ་ན། ཞེས་པ་ནས། དགེ་བར་བགྲང་བའི་གཉིད་ཡོད་པས་སྔ་མ་མེད་ཀྱང་ཕྱི་མ་ཡོད་པས་སྐྱོན་མེད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཤེས་པ་གློ་བུར་བའི་སྣང་བ་ལ་རྨི་ལམ་བརྟགས་ཟེར་བ་མི་འཐད་པར་ཐལ། དེ་བརྟགས་པ་ལ་དགོས་པ་ཅི་ཡང་མེད་པའི་ཕྱིར། ཡང་ཁ་ཅིག །དྲོད་པ་དབང་རྣོན་གྱི་བྱང་སེམས་ཡིན་ན་རྟགས་བཅུ་གཉིས་དང་ལྡན་པས་ཁྱབ་ཟེར་ན། དབང་རྣོན་གྱི་དྲོད་རྩེ་སྦྱོར་ཡིན་ན་རྟགས་བཅུ་གཉིས་ཐོབ་པས་ཁྱབ་པར་ཐལ། དེའི་བྱང་སེམས་ལ་དེའི་ཕྱིར། འདོད་ན། འོ་ན། དྲོད་རྩེ་སྦྱོར་ཐོབ་མ་ཐག་པའི་སྦྱོར་ལམ་པ་དབང་རྣོན་གཉིད་མ་ལོག་པའི་རྒྱུད་ཀྱི་དྲོད་རྩེ་སྦྱོར་ཆོས་ཅན། རྟགས་བཅུ་གཉིས་ཐོབ་པར་ཐལ། དབང་རྣོན་བྱང་སེམས་ཀྱི་རྒྱུད་ཀྱི་དྲོད་རྩེ་སྦྱོར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྨི་ལམ་གྱི་རྟགས་རྣམས་རྩེ་སྦྱོར་མཚོན་པའི་འབྲས་རྟགས་ཡིན་པའི་ཕྱིར། དེར་ཐལ། རྟགས་བཅུ་གཉིས་ཀྱི་དང་པོ་བརྒྱད་འབྲས་རྟགས་ཡིན་པའི་ཕྱིར་ཏེ། དྲོད་རྩེ་ཐོབ་རྗེས་སུ་བྱུང་བའི་དེ་དཔོག་བྱེད་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། གསེར་འཕྲེང་ལས། དང་པོ་བརྒྱད་འབྲས་རྟགས་དང། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །དང་པོ་བཞི་དྲུག་པ་དང་ལྔ་པོ་རྨི་ལམ་དང། ལྔ་བདུན་གཉིས་གཉིས་ཀ་དང། ཐ་མ་ལྔ་སད་པའི་རྟགས་སུ་བྱེད་ཟེར་ན། རྟགས་བཅུ་གཉིས་ཀྱི་དང་པོ་བརྒྱད་རྨི་ལམ་གྱི་སྐབས་མ་ཡིན་པར་ཐལ། ཐ་མ་ལྔ་སད་པའི་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐ་མ་བཞི་མ་གཏོགས་པ་རྨི་ལམ་ན་ཡང་ཞེས་བཤད་དགོས་པའི་ཕྱིར། གསེར་འཕྲེང་ལས། རྨི་ལམ་ན་ཡང་ཞེས་ཐ་མ་བཞི་མ་གཏོགས་པར་ཐམས་ཅད་ལའོ། །ཞེས་གསུངས་པའི་ཕྱིར།
གཞན་ཡང། གནོད་སྦྱིན་དང་ཤ་ཟ་སོགས་ཀྱིས་ཟིན་པའི་བདེན་ཚིག་གིས་བསྐྲད་པ་སད་པ་ཁོ་ནའི་སྐབས་ཀྱི་རྟགས་ཡིན་པར་ཐལ། ཐ་མ་ལྔ་སད་པའི་སྐབས་ཀྱི་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀའི་སྐབས་ཀྱི་རྟགས་ཡིན་པའི་ཕྱིར། དེར་ཐལ། དང་པོ་དྲུག་རྨི་ལམ་དང། དེ་ནས་གཉིས་གཉིས་ཀའི་དང། ཐ་མ་བཞི་སད་པའི་རྟགས་སུ་བུདྡྷ་ཤྲིས་བཞེད་པ་འཐད་པའི་ཕྱིར། གསེར་འཕྲེང་ལས། བརྒྱད་པ་ནི་རྨི་ལམ་མམ་སད་པའི་ཚེ་གནོད་སྦྱིན་དང་ཤ་ཟ་ལ་སོགས་པའི། ཞེས་གསུངས་པའི་ཕྱིར། འདིའི་སྐབས་ཀྱི་བདུད་ཀྱི་ལུང་བསྟན་སོགས་བཤད་པས་སད་རྨི་གཉིས་ཀའི་སྐབས་ཡོད་པར་བཞེད་པའི་ཕྱིར། གཞན་ཡང་ཐ་མ་ལྔ་མི་རིགས་པར་ཐལ། དགུ་པ་མན་ཆད་ཐ་མ་བཞི་སད་པ་ཞེས་སྦྱར་རིགས་པའི་ཕྱིར། གསེར་འཕྲེང་ལས། དགུ་པ་ནི་སད་པའི་ཚེ་ཞེས་བཞི་ག་ལ་སྦྱར་ལ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྟགས་བཅུ་གཉིས་དང་ལྡན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་དེ། དྲོད་རྩེ་སྦྱོར་གྱི་མཚན་ཉིད་ཟེར་ན། བྱང་སེམས་དབང་པོ་རྟུལ་འབྲིང་གཉིས་ཀྱི་རྒྱུད་ཀྱི་རྩེ་སྦྱོར་རེ་རེ་ནས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡིན་པའི་ཕྱིར། རྩ་བ་འདོན་ན། དེ་ཆོས་ཅན། རྟགས་བཅུ་གཉིས་ཐོབ་པར་ཐལ་ལོ། འདོད་པའི་ཕྱིར། འདོད་ན་དེ་ཆོས་ཅན་ཁྱོད་ཀྱིས་སྦྱོར་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་ཐལ། ཁྱོད་དེའི་རྟགས་བཅུ་གཉིས་གཉིས་ཐོབ་པའི་ཕྱིར། འདོད་ན། ཁྱོད་སེམས་དཔའ་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ཡིན་པར་ཐལ། རྟགས་བཅུ་གཉིས་ཐོབ་པའི་སྦྱོར་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དེེ་འདྲ་བའི་སྦྱོར་ལམ་དེ། སེམས་དཔའ་དབང་རྣོན་གྱི་རྒྱུད་ཀྱི་དྲོད་རྩེ་སྦྱོར་གྱི་མཚན་ཉིད་ཟེར་ན། འོ་ན་དབང་རྣོན་དྲོད་ཐོབ་མ་ཐག་གཉིད་མ་ལོག་པའི་རྒྱུད་ཀྱི་དྲོད་ཆོས་ཅན། རྟགས་བཅུ་གཉིས་དང་ལྡན་པར་ཐལ། དྲོད་རྩེ་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྨི་ལམ་གྱི་རྟགས་དྲུག་ཐོབ་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྦྱོར་ལམ་དྲོད་ཐོབ་ནས་མ་གཉིད་པའི་རྒྱུད་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྨི་ལམ་མམ་སད་པ་གང་རུང་ལ་གྲོང་ཁྱེར་མེས་ཚིག་པ་བདེན་པའི་བྱིན་གྱིས་བརླབས་པས་ལ་ལ་ཚིག་ཅིང་འགའ་ཞིག་མ་ཚིག་ན་སེམས་ཅན་དེ་དག་གིས་ཆོས་སྤངས་པའི་རྣམ་སྨིན་ཡིན་པར་ཐལ། ཉི་ཁྲི་ལས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་ཡུལ་གྱི་སེམས་ཅན་གྱིས་ཆོས་སྤངས་པས་ལ་ལ་ཚིག་པ་གཅིག་ཀྱང་ཡོད། བྱང་སེམས་རང་ཉིད་ཀྱི་དེ་དང་གཉིས་ཡོད་པས་གཅིག་ཏུ་མ་ངེས་པའི་ཕྱིར། ཕྱི་མ་བརྒྱད་སྟོང་པས་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། སེམས་དཔའ་བཞིའི་ངོས་འཛིན་སློབ་དཔོན་རང་ལུགས་ལ་མེད་པར་ཐལ། ངོས་འཛིན་ཐ་དད་པ་གསུམ་བཤད་ཅིང་མ་བཀག་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འགྲེལ་ཆེན་དུ་བཤད་ལུགས་གསུམ་བཀོད་པའི་དང་པོ་རྣམ་རྟོག་བཞིའི་གཉེན་པོ་མཐོང་ལམ་སྒོམ་ལམ་རྟོགས་པ་པོ་བཞི་ལ་གནས་པ་དང། གཉིས་པ་སྦྱོར་ལམ་དྲོད་རྩེ་སྦྱོར་སོགས་བཞི་ལ་གནས་པ་དང། གསུམ་པ་མོས་སྤྱོད་དང་མ་དག་ས་བདུན་དང་དག་པ་ས་གསུམ་དང་ས་བཅུའི་ཁྱད་པར་ལ་གནས་པར་འདོད་པ་གསུམ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ཆེན་ལས། ཁ་ཅིག་ན་རེ། ཅི་རིགས་པར་སྔར་བཤད་པའི་མཐོང་ལམ་དང་སྒོམ་པའི་ལམ་དག་གིས་རྣམ་པར་རྟོག་པ་བཞིའི་གཉེན་པོ་རྟོགས་པ་པོ་རྣམ་པ་བཞི་བསྟན་པས་རྣམ་པ་བཞིར་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདི་འཕགས་པའི་བཞེད་པ་ཡིན་ཏེ། འདིའི་ཐད་ཀྱི་ཉི་སྣང་ལས། ཇི་ལྟར་སྲིད་པར་རྣམ་པར་རྟོག་པ་བཞིའི་གཉེན་པོར་མཐོང་བ་དང་སྒོམ་པའི་ལམ་དག་གི་རྟོགས་པ་པོ་རྣམ་པ་བཞི། ཞེས་པ་ནས། རྣམ་པ་བཞི་པོ་དེ་བསྟན་པ། ཞེས་གསུངས་པའི་ཕྱིར། བཤད་ཚུལ་དེ་ཉི་སྣང་གི་སྐབས་དང་པོ་དང་མཐུན་པར་ཐལ། གསེར་འཕྲེང་ལས། ལུགས་གསུམ་བཤད་པའི་དང་པོ་ནི་འཕགས་པའི་ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འགྲེལ་ཆེན་ལས། གཞན་དག་ནི་རྟགས་དང་རྣམ་པར་འཕེལ་བ་དང་བརྟན་པ་དང་སེམས་ཀུན་ཏུ་གནས་པའི་ཕྱིར་རང་གི་ངོ་བོ་རྟོགས་པའི་དབྱེ་བས་བཤད་པ་ཡིན་ནོ། །ཞེས་འདོད་དོ། །ཞེས་དང། གསེར་འཕྲེང་ལས། རྩེ་སྦྱོར་བཞི་དང། ཞེས་གསུངས་པའི་ཕྱིར། འདིས་རྩ་བར། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་གསུངས་པ་ལ་བསམ་པར་མངོན་ནོ། །རྟགས་གསུམ་པ་གྲུབ་སྟེ། ལུགས་གསུམ་པ་དེ་སློབ་དཔོན་རང་ལུགས་ཡིན་ཞིང་ཉི་སྣང་གི་སྐབས་དང་པོ་དང་མཐུན་པ་ཡིན་པའི་ཕྱིར། འགྲེལ་ཆེན་ལས། དེ་ལ་ཐེག་པ་ལ་དང་པོར་ཞུགས་པ་ནི་མོས་པས་སྦྱོད་པའི་སའོ། །སྤྱོད་པ་ལ་ཞུགས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བདུན་པ་ལ་གནས་པའོ། །ཕྱིར་མི་ལྡོག་པ་ནི་མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་གནས་པའོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་ས་བཅུ་པའོ་ཞེས་གཞན་དག་འཆད་དོ། །ཞེས་དང། གསེར་འཕྲེང་ལས། ཕྱི་མ་ནི་རང་ལུགས་སུ་མངོན་པས་དེ་ཉིད་འཐད་པར་སེམས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྨི་ལམ་གྱི་སངས་རྒྱས་མཐོང་བ་དང་རང་ཉིད་སངས་རྒྱས་པ་སོགས་ཕྱིར་མི་ལྡོག་པའི་སྐབས་མ་ཡིན་ན་བདུད་ལས་ཡིན་པས་ཁྱབ་ཟེར་ནའང་མི་འཐད་པར་ཐལ། སྔགས་ཀྱི་མཐུས་དེ་འདྲ་འབྱུང་བ་སོགས་བཤད་པའི་ཕྱིར། གསེར་འཕྲེང་ལས། མཚན་མ་འདི་དག་སྐབས་མ་ཡིན་པར་བྱུང་ན་སྔགས་སམ་བདུད་གང་རུང་གི་མཐུར་ཤེས་པར་བྱའོ་ཞེས་ཚིག་གསལ་ལོ། །ཞེས་གསུངས་པའི་ཕྱིར།
རང་ལུགས་ལ། རྩེ་སྦྱོར་རྟགས་ཀྱིས་མཚོན་ནས་བསྟན་པའི་ཆ་ནས་བཞག་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་དེ། དྲོད་རྩེ་སྦྱོར་གྱི་མཚན་ཉིད། ཆ་བཞག་གིས་རྟགས་མ་ཐོབ་པའི་དེ་སྡུད། དབྱེ་ན་སྦྱོར་ལམ་དྲོད་པ་དབང་པོ་རབ་འབྲིང་ཐ་གསུམ་གྱི་རྒྱུད་ཀྱི་གསུམ་ཡོད། བསོད་ནམས་འཕེལ་བས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་དེ། རྩེ་མོའི་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་གསུམ། ཐབས་ཤེས་རྟོགས་པ་བརྟན་པོས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་དེ། བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་བ་འདྲ། སེམས་ཀུན་ནས་གནས་པས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པ་དེ། ཆོས་མཆོག་གི་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་གསུམ་ཡོད།
རྩོད་པ་སྤོང་བ་ལ་ཁོ་ན་རེ། རྩེ་མོའི་རྩེ་སྦྱོར་ཡིན་ན་རྣམ་འཕེལ་བཅུ་དྲུག་ཚང་བས་ཁྱབ་པར་ཐལ། དོན་བསྡུས་སྒྲོན་མེ་ལས། བཅུ་དྲུག་ཉིད་ནི་རྩེ་མོ་ཞེས། །ཁ་ཅིག་དེ་སྐད་འདོད་པ་ཡོད། ཅེས་གསུངས་པའི་ཕྱིར་ན་མ་ཁྱབ། འོ་ན་རྣམ་འཕེལ་དང་པོ་ཐོབ་ལ་ཕྱི་མ་རྣམས་འཐོབ་དགོས་མེད་པར་ཐལ། རྩེ་མོའི་རྩེ་སྦྱོར་ཡིན་ན་རྣམ་འཕེལ་བཅུ་དྲུག་ཚང་བར་ཐོབ་པས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། འདིའི་རྣམ་འཕེལ་བཅུ་དྲུག་གོང་ནས་གོང་དུ་འཕེལ་བའི་གནས་སྐབས་བཅུ་དྲུག་དང་སྦྱར་ནས་བཤད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྔ་ཕྱིའི་གནས་སྐབས་བཅུ་དྲུག་དང་སྦྱར་དགོས་པའི་ཕྱིར། འགྲེལ་པ་ལས། གོང་ནས་གོང་དུ་ཁྱད་པར་འཕགས་པ་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནི་རྣམ་པར་འཕེལ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། གནས་སྐབས་བཅུ་དྲུག་འབྱེད་ཚུལ་ཡོད་པའི་ཕྱིར། གསེར་འཕྲེང་ལས། བསོད་ནམས་དེ་ལས་དང་པོ་དང་དེ་ལས་ཕྱི་མ་རྣམས་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཉིད་ཀྱི་ཚུལ་གྱིས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལས་ཀྱང་གསལ་བར་རྒྱལ་ཚབ་ཀྱིས་གསུངས་པའི་ཕྱིར། རྣམ་བཤད་ལས། རྩེ་མོའི་རྩེ་སྦྱོར་བཅུ་དྲུག་ཐོབ་པའི་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནི་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་ཡིན་ནོ། །ནས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཐོབ་པ་ཉིད། ཅེས་གསུངས་པའི་ཕྱིར། རྟོགས་དཀའི་གནས་ཡིན་པས་ལེགས་པར་བཤད་དོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn