ཀུན་མཁྱེན་ཕར་ཕྱིན་ལས་ཐེག་པ་གསུམ་དང་གཅིག་ལ་དཔྱད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-17 20:26:29     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

477653986319307543.jpg

    དེ་དག་གི་དཀའ་གནས་འགྲེལ་བའི་སྟེང་ནས་དཔྱད་པ་ལ། ཡུལ་ངེས་ཁྱབ་པ་གཉིས་ཀྱི་ཐེག་པ་གསུམ་དང་གཅིག་ལ་དཔྱད་པ་དང༌། རང་བཞིན་གྱི་ཉོན་མོངས་མི་སྤོང་ཚུལ་ལ་དཔྱད་པ་དང་གཉིས། དང་པོ་ནི་འགྲེལ་པ་ལས། ཐེག་པ་གསུམ་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་ལུགས་ལས་འབྱུང་བའི་ཞེས་སོགས་ལ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང༌། གསུམ་དུ་འདོད་པའི་ལུགས་གཞན་འགོད་པ་དང༌། འཁོར་མཐའ་ཡོད་མེད་དཔྱད་པ་དང༌། ཉན་རང་དགྲ་བཅོམ་རྣམས་ཐེག་ཆེན་གྱི་ལམ་གང་ནས་འཇུག་དཔྱད་པ་དང་བཞི། དང་པོ་ནི། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་མཁན་ཡོད་དེ། ཀླུ་སྒྲུབ་ཀྱི་རྗེས་འབྲང་དབུ་མ་བ་རྣམས་དེ་ལྟར་བཞེད་པའི་ཕྱིར། འགྲེལ་ཆེན་ལས། འཕགས་པ་ནཱ་ག་ཛུ་ནའི་ཞལ་སྔ་ནས་དང་དེའི་རྗེས་སུ་འབྲང་བ་447ཐེག་པ་ནི་ཚུལ་གཅིག་ཏུ་སྨྲ་བ་རྣམས་ཀྱི། ཞེས་གསུངས་པའི་ཕྱིར། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཐལ། ཉན་རང་ལ་མཐར་ཐུག་གི་ཐེག་པ་མེད་པའི་ཕྱིར་ཏེ། ཉན་རང་ལྷག་བཅས་ལྷག་མེད་ཀྱི་བར་ཐམས་ཅད་ཀྱང་ད་གདོད་ཐེག་ཆེན་ལམ་གྱི་མཐར་ཐུག་པར་བགྲོད་དགོས་ཡིན་པའི་ཕྱིར། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ནི་ཉན་ཐོས་ཀྱི་ཐེག་པས་གྲོལ་བ་མིན་གྱི་འོན་ཀྱང་དེ་དག་ནི་ཐེག་པ་ཆེན་པོའི་མཐར་ཐུག་པ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཞེས་པའི་ཉན་ཐོས་ལ་ལྷག་བཅས་ལྷག་མེད་ཀྱི་བར་ཀུན་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་ལྷག་བཅས་ཐེག་ཆེན་དུ་འཇུག་པར་སེམས་ཙམ་ཡང་འདོད་དེ། ལྷག་མེད་ཉན་རང་ཡང་འཇུག་པར་དབུ་མ་བས་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་ཆུབ་ཡོངས་འགྱུར་གྱི་ཉན་ཐོས་དགྲ་བཅོམ་ཡོད་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་ལ་ཞི་བ་བགྲོད་པ་གཅིག་པུ་བས་མ་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་སངས་རྒྱས་ཀྱིས་བསྐུལ་ན་འཚང་རྒྱ་བའི་ཕྱིར། དགོངས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལང་གཤེགས་ལས། ཟག་མེད་དབྱིངས་གནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་གསུངས་པའི་ཕྱིར།

(447) པར་ཐེངས་གཉིས་པ། ཐེག་པ་གཅིག་གི་ཚུལ་དུ།

    གཞན་ཡང༌། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་ཐལ། དེ་ལྟར་བཀར་མ་ཟད་བསྟན་བཅོས་དུ་མས་ཀྱང་བཤད་པའི་ཕྱིར། དེར་ཐལ། ཉན་རང་གི་ཐེག་པ་རེ་ཞིག་ངལ་བསོ་བའི་དྲང་དོན་ཡིན་པའི་ཕྱིར། དཔེ་མེད་བསྟོད་པ་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་དབྱེར་མ་མཆིས་ཀྱང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཐར་ཐུག་གམ་གཙོ་བོ་ཐེག་པ་ཐ་དད་དབྱེར་མེད་པར་བཤད་པའི་ཕྱིར། མདོ་ཏིང་ངེ་འཛིན་རྒྱལ་པོ་སོགས་ཀྱིས་བདེ་གཤེགས་སྙིང་པོས་སེམས་ཅན་ཀུན་ལ་ཁྱབ་པར་བཤད་པའི་ཕྱིར། ཁྱབ་ཅིང༌། རྟགས་གྲུབ་སྟེ། དེས་སེམས་ཅན་ཐམས་ཅད་འཚང་རྒྱ་རུང་དུ་བཤད་པའི་ཕྱིར། དབུ་མ་སྣང་བ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་འདིས་ཀྱང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་བ་ཉིད་དུ་བསྟན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། དགོངས་འགྲེལ་གྱིས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་དགོངས་གཞི་དང་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བའི་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དགོངས་གཞི་ཡོད་དེ། གནས་སྐབས་ཀྱི་རིགས་ལ་ཁམས་མི་འདྲ་བ་གསུམ་དང་མོས་པ་མི་འདྲ་བ་དང་སྒྲུབ་པ་བྱེད་ཚུལ་མི་འདྲ་བ་གསུམ་ཡོད་ཙམ་ལ་དགོངས་ནས་གནས་སྐབས་ཀྱི་ཐེག་པ་གསུམ་བསྟན་པའི་ཕྱིར། གསེར་ཕྲེང་ལས། ཐང་ཅིག་ཙམ་རིགས་སོ་སོར་ངེས་པ་ལ་དགོངས་ནས་ཐེག་པ་གསུམ་དུ་གསུངས་ཀྱི། ཞེས་དང༌། རྣམ་བཤད་ལས། དགོངས་གཞི་ནི་གནས་སྐབས་མོས་པ་མི་འདྲ་བ་དང་ཁམས་མི་འདྲ་བ་རྣམས་ལ་ཐེག་པ་སོ་སོའི་ལམ་ནས་འཁྲིད་དགོས་པ་ལ་དགོངས། ཞེས་གསུངས་པའི་ཕྱིར། དགོས་པ་ཡོད་དེ། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་ཙམ་བདེན་མེད་རྟོགས་རུང་མ་ཡིན་པའི་ཐེག་ཆེན་རིགས་ཅན་རྗེས་སུ་གཟུང་བའི་ཆེད་ཡིན་པའི་ཕྱིར། རྣམ་བཤད་ལས། དགོས་པ་ནི། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་བདེན་པར་གྲུབ་པ་མ་བཀག་པར་ཐེག་པ་ཆེན་པོའི་ལམ་ལ་དཀྲི་བར་བྱ་བའི་རིགས་ཅན་རྗེས་སུ་གཟུང་བར་བྱ་བའི་ཆེད་ཡིན་ལ། ཞེས་སོ སྒྲས་ཟིན་ལ་གནོད་བྱེད་ཡོད་དེ། ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་པའི་རིགས་པས་ཀྱང་ཁེགས་ཤིང་ཉན་རང་དགྲ་བཅོམ་སྐྱེ་བ་ལེན་པ་སོགས་ཀྱིས་ཀྱང་གནོད་པའི་ཕྱིར། རྣམ་བཤད་ལས། སྒྲས་ཟིན་ལ་གནོད་བྱེད་ནི་ཆོས་ཐམས་ཅད་བདེན་སྟོང་དུ་སྒྲུབ་པའི་རིགས་པ་རྣམས་དང་འོག་ནས་ཀྱང་མཐའ་གཞན་འགོག་པའི་རིགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་ཐེག་པ་གསུམ་དུ་འདོད་པ་ནི། སེམས་ཙམ་པ་ན་རེ། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པ་ཡིན་ཏེ། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་རང་དགྲ་བཅོམ་འཚང་རྒྱ་མི་སྲིད་པ་གང་ཞིག བྱང་ཆུབ་ཏུ་ཡོངས་སུ་འགྱུར་བའི་ཉན་རང་དགྲ་བཅོམ་པ་འཚང་རྒྱ་བ་ཡང་ཡིན་ལ། གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་དག་སྙིང་རྗེ་ཆུང་བ་དང༌། འཁོར་བས་འཇིགས་པ། རིགས་དམན་པ་གསུམ་གྱིས་འཚང་རྒྱ་མི་ནུས་པའི་ཕྱིར། དགོངས་འགྲེལ་ལས། ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་མེད་བྱང་ཆུབ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང་འཁོར་བའི་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་རིགས་ཅན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དགོངས་འགྲེལ་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན་ཤེས་བྱའི་སྒྲིབ་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། མདོ་ལས། ལོག་སྲེད་ཅན་གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྒྲ་ཇི་བཞིན་པར་རང་ལུགས་སུ་བྱེད་པའི་ཕྱིར། རྣམ་བཤད་ལས། ལུགས་འདི་ལ་ནི་གཏན་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་བཤད་པ་ཡང་རང་ལུགས་སུ་མཛད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པ་ཡང་དྲང་དོན་ཡིན་པའི་ཕྱིར་ཏེ། དགོངས་གཞི་བདུན་ལ་དགོངས་ནས་མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པའི་ཕྱིར། དགོངས་གཞི་བདུན་ཡོད་དེ། ཐེག་པ་གསུམ་གྱི་ཆོས་དབྱིངས་ནམ་མཁའ་ལྟར་གཅིག་པ་དང༌། ཐེག་པ་གསུམ་གྱི་གང་ཟག་རྣམས་བདག་མེད་རྟོགས་པར་མཚུངས་པ་དང༌། སྡུག་བསྔལ་ཀུན་སྤངས་པའི་རྣམ་གྲོལ་རྣམས་མཚུངས་པ་དང༌། མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་རྣམས་ཐེག་ཆེན་དུ་ཞུགས་ནས་འཚང་རྒྱ་བས་རིགས་ཐ་དད་པ་གཉིས་ཀྱང་ལམ་གཅིག་ཏུ་ཞུགས་པ་དང༌། དེ་བཞིན་གཤེགས་པས་བདག་གིས་སྔོན་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་སངས་རྒྱས་སོ། །ཞེས་གསུངས་པ་ན་བྱང་སེམས་ཉན་ཐོས་ལམ་ལ་ཞུགས་པ་འགའ་ཞིག་ལ་ཡང་བདག་གིས་ཀྱང་སྔོན་བྱང་སེམས་ཀྱི་སྤྱོད་པ་སྤྱད་པས་བདག་ཀྱང་འཚང་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་མཚུངས་པ་ཐང་གཅིག་ཙམ་སྐྱེ་བ་དང༌། སྤྲུལ་པའི་ཉན་ཐོས་འགའ་ཞིག་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་ཚུལ་ལན་དུ་མར་སྟོན་པ་དང༌། ཐེག་པ་གསུམ་གྱི་མཆོག་ཐེག་ཆེན་ཡིན་པ་དང་བདུན་ལ་དགོངས་པའི་ཕྱིར། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་རྣམ་གྲོལ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་བའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཅེས་གསུངས་པའི་ཕྱིར།

    མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་ཡོད་དེ། ཉན་ཐོས་མ་ངེས་པ་ཁ་ཅིག་ཐེག་ཆེན་ལ་དྲངས་པ་དང༌། གཞན་ཐེག་ཆེན་རིགས་ཅན་གྱི་བྱང་སེམས་ཐེག་ཆེན་ལས་མི་ལྡོག་པར་རྗེས་སུ་བཟུང་བའི་ཆེད་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། ཁ་ཅིག་དག་ནི་དྲངས་ཕྱིར་དང༌། །གཞན་དག་རྗེས་སུ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་པའི་ཕྱིར། དངོས་ཟིན་ལ་གནོད་བྱེད་ཡོད་དེ། ལུང་རིགས་གཉིས་ཀྱིས་གནོད་པའི་ཕྱིར། དགོངས་འགྲེལ་གྱི་ལུང་དང༌། གཞན་དབང་ཡོངས་གྲུབ་བདེན་གྲུབ་ཏུ་སྒྲུབ་པའི་རིགས་པས་གནོད་པའི་ཕྱིར། དེ་ལྟར་འདོད་མཁན་ཡོད་དེ། སེམས་ཙམ་པ་ཐེག་པ་སྣ་ཚོགས་ཏེ་གསུམ་དུ་སྨྲ་བ་རྣམས་དེ་ཡིན་པའི་ཕྱིར། རྒྱན་སྣང་ལས། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་དང་དེའི་གཞུང་གི་རྗེས་སུ་འབྲང་བ་ཐེག་པ་སྣ་ཚོགས་སུ་སྨྲ་བ་རྣམས་ནི་གཞན་དུ་འཆད་དེ། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག་ན་རེ།.....རོང་ཊཱིཀ སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་སུ་ལྟ་ཞོག་འཚང་རྒྱ་རུང་ཙམ་ཡང་མིན་ཟེར་ན། སྒྲིབ་པ་ཐམས་ཅད་གཉེན་པོས་འཇོམས་རུང་མ་ཡིན་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་རུང་ཙམ་ཡང་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ནས་འབྲལ་མི་རུང་བར་ཐལ། གཉེན་པོས་གཞོམ་མི་རུང་བའི་སྒྲིབ་པ་ཡོད་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་མི་ནུས་ཏེ། སྒྲིབ་པ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པས་སེམས་ཀྱི་རང་བཞིན་འོད་གསལ་བ་དང་དྲི་མ་གློ་བུར་བ་སྤྲིན་ལྟ་བུ་ཡིན་པའི་ཕྱིར། འཁོར་གསུམ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ།.....རོང་ཊཱིཀ སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ལྟ་ཞོག་འཚང་རྒྱ་རུང་ཡང་སྒྲུབ་མི་ནུས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་ཚང་ན་ཐར་ལམ་ལ་མ་ཞུགས་པའི་སེམས་ཅན་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་ཟེར་ན། འོ་ན། འབྲས་བུ་སྐྱེ་རུང་ཡིན་ན་རྒྱུའི་ཚོགས་པ་ཚང་བས་ཁྱབ་པར་ཐལ། སེམས་ཅན་ཐམས་ཅད་འཚང་རྒྱ་རུང་ཡིན་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱ་བའི་རྒྱུའི་ཚོགས་པ་ཚང་བས་ཁྱབ་པའི་ཕྱིར། རྟགས་ཁས། འཁོར་གསུམ། འདོད་ན། བང་མཛོད་ཀྱི་ནས་སྐམ་ཡར་བ་ཆོས་ཅན། ནས་ཀྱི་མྱུ་གུ་སྐྱེ་བའི་རྒྱུ་ཚོགས་ཚང་བར་ཐལ། ནས་ཀྱི་མྱུ་གུ་སྐྱེ་རུང་ཡིན་པའི་ཕྱིར། འཁོར་གསུམ། རྟགས་ཁས། དེར་ཐལ། ནས་ཀྱི་ས་བོན་ཡིན་པའི་ཕྱིར། ཁྱབ་སྟེ། ས་བོན་གྱི་དོན་ཡོད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། རླན་ཞིང་གཤེར་བ་དང་ལྡན་པར་ཐལ་ལོ། །འདོད་ན། ཆོས་ཅན་དེ་མ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། རྒྱུའི་ཚོགས་པ་ཚང་ན་འབྲས་བུ་སྐྱེ་རུང་གིས་ཁྱབ་པ་རིགས་པའི་དབང་ཕྱུག་བཞེད་ཀྱང་སྐྱེ་རུང་ལ་རྒྱུ་ཚོགས་ཚང་མི་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། །རྗེས་སུ་དཔོག་པ་གང་ཡིན་ཏེ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། ཁ་ཅིག.....རོང་ཊཱིཀ སེམས་ཅན་ཐམས་ཅད་འཚང་རྒྱ་ཡང༌། སེམས་ཅན་ཐམས་ཅད་སངས་རྒྱས་པ་མི་སྲིད་ཟེར་ན། སེམས་ཅན་ཐམས་ཅད་སངས་རྒྱས་པ་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་ཡོད་པའི་ཕྱིར། དེར་ཐལ། སེམས་ཅན་ཐམས་ཅད་རྒྱུན་མཐའི་བར་ཆད་མེད་ལམ་ནམ་ཐོབ་པ་ན་འཚང་རྒྱ་བའི་ཕྱིར། འཁོར་གསུམ། བྱས་པ་ལ་ཁོ་ན་རེ། དངོས་པོ་ཐམས་ཅད་མེད་པ་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་པ་སྲིད་པའི་ཕྱིར། འདོད་ན། འདི་ཚུན་དུ་དངོས་པོ་ཡོད་ལ་འདི་ཕན་ཆད་དུ་དངོས་པོ་མི་སྲིད་པའི་དུས་ཀྱི་ཡིན་པ་འཛིན་ཐུབ་པར་ཐལ། འདོད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེ་འདྲའི་དུས་ཀྱི་ཡིན་པ་མེད་པའི་ཕྱིར། འོ་ན། འདི་ཚུན་ཆད་དུ་སྔོན་པོ་ཡོད་ལ་འདི་ཕན་ཆད་དུ་སྔོན་པོ་མེད་པའི་དུས་ཡིན་པ་འཇོག་རིགས་པར་ཐལ། སྔོན་པོ་ཞིག་པ་སྲིད་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། དེ་ཆོས་ཅན། རྟག་དངོས་ཡིན་པར་ཐལ། རང་རྒྱུ་ལས་སྐྱེས་ཀྱང་ཞིག་པ་མི་སྲིད་པའི་ཕྱིར། རྟགས་ཁས། འཁོར་གསུམ།

    ཡང་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་ཆོས་ཅན། འཚང་རྒྱ་བ་ལ་འགལ་རྐྱེན་གྱི་གེགས་མེད་པར་ཐལ། ཁྱོད་འཚང་རྒྱ་ངེས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། རྟགས་གྲུབ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར། །ཞེས་དང༌། རྒྱུད་བླ་མའི་འགྲེལ་བ་ལས། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་རྣམ་པར་དག་པར་མི་འགྱུར་བ་ནི་འོས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། ཁྱོད་འཚང་རྒྱ་བ་ལ་འགལ་རྐྱེན་གྱི་གེགས་མེད་པར་ཐལ། ཁྱོད་འཚང་རྒྱ་ངེས་ཡིན་པའི་ཕྱིར། ཁྱབ་པ་ཁས། འཁོར་གསུམ། དེར་ཐལ། ཕྱིར་མི་ལྡོག་པའི་ས་ཐོབ་པའི་བྱང་འཕགས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། འཚང་རྒྱ་བ་ལ་ཤེས་སྒྲིབ་ཀྱི་གེགས་དང་བཅས་ཤིང་དེ་སྤོང་དགོས་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་ཡོད་ངེས་མ་ཡིན་པར་ཐལ། བུམ་པ་ཡོད་པ་ལ་འགལ་རྐྱེན་གྱི་གེགས་སྲིད་པའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། དེ་ཡོད་པ་འཇིག་པའི་ཐོ་བ་སོགས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་ཡོད་པ་ཚད་མས་གྲུབ་པའི་ཕྱིར། གཞན་ཡང༌། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པར་ཐལ། སྒྲིབ་བཅས་ཀྱི་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པའི་ཕྱིར། དེར་ཐལ། དེ་དག་གི་རྒྱུད་ཀྱི་སྒྲིབ་པ་རྟག་པ་ཡིན་པས་སྤངས་མི་རུང་བ་ཡང་མ་ཡིན། མི་རྟག་པ་ཡིན་ཡང་སྤོང་བྱེད་ཀྱི་ཐབས་མེད་པ་ཡང་མ་ཡིན། གཉེན་པོ་ཡོད་ཀྱང་ཤེས་མཁན་མེད་པ་ཡང་མ་ཡིན། ཤེས་མཁན་ཡོད་ཀྱང་སྟོན་པ་མི་སྲིད་པ་ཡང་མ་ཡིན། གདུལ་བྱ་ལ་དོན་གཉེར་མི་སྲིད་པ་ཡང་མ་ཡིན་པའི་ཕྱིར། དེ་སྐད་དུ་རྣམ་འགྲེལ་ལས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོགས་གྲང་ན། །ཞེས་གསུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་དག་གི་རྒྱུད་ཀྱི་སྒྲིབ་པའི་རྒྱུ་ཡོད་པས་མི་རྟག་པ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། རྒྱུ་ཡོད་ཕྱིར་དང༌། ཞེས་སོ། །རྟགས་གཉིས་པ་གྲུབ་སྟེ། རྒྱུ་བདག་འཛིན་གཉིས་ཀྱི་གཉེན་པོ་གོམས་པས་ཟད་པར་བྱེད་པའི་ཕྱིར། རྣམ་འགྲེལ་ལས། རྒྱུ་ཡི་ནི གཉེན་པོ་གོམས་པས་ཟད་ཕྱིར་དང༌། །ཞེས་སོ། །རྟགས་གསུམ་པ་གྲུབ་སྟེ། ཆོས་ཐམས་ཅད་མཁྱེན་པའི་བདེ་གཤེགས་ཡོད་པའི་ཕྱིར། རྣམ་འགྲེལ་ལས། དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་སོ། །རྟགས་བཞི་པ་གྲུབ་སྟེ། སྟོན་པས་ཐུགས་བརྩེ་བས་གཞན་ལ་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར། རྣམ་འགྲེལ་ལས། ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་སོ། །རྟགས་ལྔ་པ་གྲུབ་སྟེ། སངས་རྒྱས་ཀྱི་མཐུས་དེ་ལྟར་དོན་དུ་གཉེར་བ་འབྱུང་བའི་ཕྱིར། སྤྱོད་འཇུག་ལས། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་གསུངས་པའི་ཕྱིར་རོ། །

    ཡང་ཁོ་ན་རེ།.....རོང༌། མངོན་པའི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་སེམས་བསྐྱེད་དང་ལམ་ཤེས་སྐྱེ་རུང་ཡིན་པར་ཐལ། ཁྱོད་ཀྱིས་རྣམ་བཤད་ལས། ཕྱིས་ཀྱང་མངོན་པའི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལས་སེམས་བསྐྱེད་དང་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྐྱེ་དུས་དེ་འདྲ་དགོས་པར་བཤད་པའི་ཕྱིར། འགྲེལ་ཆེན་ལས་ཀྱང༌། མོག་མོག་པོར་མཛད་པ་ནི་མངོན་པའི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་རྟོགས་པ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་མཛད་དོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ལམ་ཤེས་སྐྱེ་རུང་གི་སེམས་ཅན་ཡིན་ན་ལམ་ཤེས་རང་རྒྱུད་ལ་སྐྱེ་དུས་ཀྱི་སེམས་ཅན་ཡིན་པས་ཁྱབ་པར་ཐལ། ལམ་ཤེས་རང་རྒྱུད་ལ་སྐྱེ་དུས་ཀྱི་སེམས་ཅན་ལ་མངོན་པའི་ང་རྒྱལ་བཅོམ་པ་མི་དགོས་པའི་ཕྱིར། རྟགས་ཁྱབ་ཁས། འཁོར་གསུམ། མ་གྲུབ་ན། མངོན་པའི་ང་རྒྱལ་བཅོམ་པ་ཁོ་ནའི་རྒྱུད་ལ་སྐྱེ་བར་ཐལ། མ་གྲུབ་པ་དེའི་ཕྱིར། འཁོར་གསུམ། གོང་དུ་འདོད་ན། ངན་འགྲོ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། རྟགས་གྲུབ་སྟེ། ལམ་མ་ཞུགས་ཀྱི་སེམས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་བ་འདི་ལས་ཀྱང༌། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། འཕགས་པ་དང་ངན་འགྲོ་བའི་གཞི་མཐུན་ཡོད་པར་ཐལ། ལམ་ཤེས་རང་རྒྱུད་ལ་སྐྱེ་དུས་ཀྱི་ངན་འགྲོ་བ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་ལས། བཟོད་ཐོབ་ངན་སོང་ཡོངས་མི་ལྟུང༌། །ཞེས་གསུངས་པའི་ཕྱིར། དེ་སོགས་ཀྱི་རིགས་པ་དུ་མ་སྤྲོ་ལ། ལྷག་མེད་པ་ལ་རྣམ་ཤེས་མེད་པར་འདོད་པ་འོག་ཏུ་འགོག་པར་བྱའོ། ། 

                                                                                                                             རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།