ཀུན་མཁྱེན་ཕར་ཕྱིན་ལས་ལམ་ཤེས་ཀྱི་ཡན་ལག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-17 20:22:43     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

296984669509180833.jpg 

    གཉིས་པ་ལ་ལམ་ཤེས་ཀྱི་ཡན་ལག་དང༌། དེའི་རང་བཞིན་གཉིས། དང་པོ་ནི། རྩ་བར། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །སོགས་རྐང་པ་བཞི་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌། ཞེས་པ་ནས། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱའོ། །ཞེས་པའི་བར་གྱིས་ལམ་ཤེས་ཀྱི་ཡན་ལག་བཤད་པ་ལྔར་བྱས་ནས་སྟོན་པར་འདི་བྱུང༌། གཉིས་པ་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འཁོར་གྱི་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ལ་ཆོས་ཅན། དགོས་པ་ལམ་ཤེས་སྐྱེ་བའི་སྣོད་རུང་དུ་སྒྲུབ་ཆེད་ཡིན་ཏེ། སེམས་བསྐྱེད་དང་ལམ་ཤེས་སྐྱེ་བ་ལ་གོང་མ་དོན་དུ་མི་གཉེར་བའི་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལས་སྐྱེ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། མདོ་ལས། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་ནི་ལྷན་ནེ་མ་ཡིན་སོགས་བྱུང༌། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་ངེས་པ་ཡིན་ཏེ། ལམ་གསུམ་ལ་མཁས་པ་དང༌། དེའི་སྔོན་དུ་རིགས་སད་པས་སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་པ་ཡང་དགོས་པའི་ཕྱིར། རྩ་བར། ཡུལ་ངེས་པ་དང༌། ཞེས་པ་དང༌། མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པ། ཞེས་པ་ནས། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་སོ དེ་སྐྱེ་རུང་ཙམ་བྱང་སེམས་ཁོ་ན་ལ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར། རྩ་བར། ཁྱབ་པ་དང༌། ཞེས་དང༌། མདོ་ལས། འོན་ཀྱང་ཡང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱ། ཞེས་སོ། །ལམ་ཤེས་ཆོས་ཅན། ཉན་རང་གི་ལམ་ལས་རང་བཞིན་གྱིས་ཁྱད་པར་འཕགས་ཏེ། ཉན་རང་ལྟར་ཉོན་མོངས་གཙོ་བོར་མི་སྤོང་བར་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། རྩ་བར། རང་བཞིན་དང་ནི། ཞེས་དང༌། མདོ་ལས། ཁོ་བོ་ནི་དེ་དག་གི་དགེ་བའི་རྩ་བའི་ཕྱོགས་ལ་བར་ཆད་མི་བྱེད་དེ། ཞེས་སོ། །དེ་ཆོས་ཅན། ཉན་རང་གི་ལམ་ལས་བྱེད་ལས་ཀྱང་ཁྱད་པར་འཕགས་ཏེ། དུས་མ་ཡིན་པར་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་སེམས་ཅན་མཐའ་ཡས་སྨིན་གྲོལ་བྱེད་པའི་བྱེད་པ་ཅན་ཡིན་པའི་ཕྱིར། རྩ་བར། དེ་ཡི་ལས། །ཞེས་དང༌། མདོ་ལས། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་ཐོབ་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདི་ལེ་བརྒྱད་མ་ལྟར་ཡིན་པས་འཁྲུལ་བ་མེད་དོ། །

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། ལམ་ཤེས་ཀྱི་ཡན་ལག་ཡིན་ན་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། དེའི་ཡན་ལག་ཏུ་གྱུར་པའི་སེམས་བསྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་དང་ཚོགས་ལམ་གྱི་གཞི་མཐུན་སོགས་ཡོད་པའི་ཕྱིར། མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་བསྐྱེད་མ་ཐག་ཅིག་བྱུང་བའི་ཕྱིར། གཞན་ཡང་དེའི་ཡན་ལག་རིགས་སད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་རིགས་སད་པ་དེ་ཐེག་ཆེན་གྱི་ཚོགས་ལམ་ནས་འཇོག་པའི་ཕྱིར། དེར་ཐལ། ཉན་རང་དགྲ་བཅོམ་ལྟ་བུ་ཡང་རིགས་སད་ནས་སེམས་བསྐྱེད་ན་ལམ་ཤེས་ཀྱི་སྣོད་རུང་དུ་གསུངས་པའི་ཕྱིར། ཉི་སྣང་ལས། ཁྱབ་པ་ནི་ལམ་ཤེས་ཉིད་ཀྱི་དབང་དུ་བྱས་ཏེ། སེམས་བསྐྱེད་པ་ནས་བརྩམས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་གཅིག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་སེམས་དཔའི་ཡོན་ཏན་དེ་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། དབྱེ་ན་རྟེན་རང་ཡིན་གྱི་ང་རྒྱལ་དང་བྲལ་བ་དང༌། དེར་གྱུར་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེར་གྱུར་པའི་ཉེར་ལེན་རིགས་སད་པ་དང༌། དེར་གྱུར་པའི་འཁོར་བ་མི་འདོར་བའི་རང་བཞིན་དང༌། དེར་གྱུར་པའི་བྱེད་ལས་དང་ལྔ་ཡོད། ས་མཚམས་བྱང་སེམས་ཀྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་དེ། བྱང་སེམས་ཁོ་ན་ལ་བཤད་པའི་ཕྱིར། ཉི་སྣང་ལས། ཡུལ་སོ་སོར་ངེས་པ་ནི། ཇི་སྐད་དུ། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་སྟོན་པའི་སྐལ་བ་མེད་པ་ཉིད་ཀྱིས་ན་ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་ཡིན་གྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལམ་ཤེས་ཀྱི་ཡན་ལག་ལ་དགོངས་པའི་ཕྱིར།

    རྩོད་པ་སྤོང་བ་ལ་ཁོ་ན་རེ། རྣམ་མཁྱེན་ཆོས་ཅན། སེམས་དཔའི་ཡོན་ཏན་ཡིན་པར་ཐལ། ལམ་ཤེས་ཀྱི་ཡན་ལག་ཡིན་པའི་ཕྱིར། དེར་ཐལ། ལམ་ཤེས་ཀྱི་རྒྱུ་འབྲས་ངོ་བོའི་ཆོས་གསུམ་གང་རུང་གིས་བསྡུས་པའི་ཕྱིར་ན་མ་ཁྱབ་སྟེ། རྗེ་ཡབ་སྲས་སོགས་སུས་ཀྱང་ལམ་ཤེས་ཀྱི་ཡན་ལག་ལ་འབྲས་བུ་རྣམ་མཁྱེན་མ་བཤད་པའི་ཕྱིར་ཏེ། ཡན་ལག་ལྔ་ག་བྱང་སེམས་ལ་སྦྱར་ནས་བཤད་པའི་ཕྱིར་དང༌། དོན་བདུན་ཅུ་རིན་ཆེན་ཕྲེང་བ་ལས། འདིར་དངོས་སུ་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། ལམ་ཤེས་སྐྱེ་བའི་གེགས་མངོན་པའི་ང་རྒྱལ་མངོན་གྱུར་དང་བྲལ་བ་སོགས་ལམ་ཤེས་རྫོགས་བྱེད་ཀྱི་ཆ་ཤས་སུ་གྱུར་པའི་སེམས་དཔའི་རྒྱུད་ཀྱི་ཡོན་ཏན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་དེ་ཡིན་པར་ཐལ། སངས་རྒྱས་ཀྱི་ས་ན་ལམ་ཤེས་ཀྱི་ཡན་ལག་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ས་ན་ཡན་ལག་ཅན་གྱི་ལམ་ཤེས་ཡོད་པའི་ཕྱིར་ན་མ་ཁྱབ། ཁོ་ན་རེ། ལམ་ཞུགས་ཀྱི་ཐེག་ཆེན་གྱི་རིགས་སད་པ་ཆོས་ཅན། ལམ་ཤེས་ཀྱི་ཡན་ལག་ཡིན་པར་ཐལ། དེའི་ཡན་ལག་གསུམ་པ་ཡིན་པའི་ཕྱིར། དེར་ཐལ། གསུམ་པར་གྱུར་པའི་དེ་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་དགྲ་བཅོམ་པ་ལ་ཡང་ལམ་ཤེས་ཀྱི་ཡན་ལག་མེད་པའི་ཕྱིར། དེར་ཐལ། སེམས་བསྐྱེད་པ་ན་སྣོད་རུང་དུ་མདོ་དང་འགྲེལ་བ་དག་གིས་བཤད་ཟིན་པ་དེའི་ཕྱིར།

སྨྲས་པ།

གནད་པོར་བྱིས་པའི་རྡོལ་གཏམ་སྣ་ཚོགས་དང༌། །

མཚུངས་མིན་རྣམ་དཔྱོད་བྱེ་བའི་འོད་ཟེར་གྱིས། །

ལུགས་ངན་བློ་གྲོས་ངན་པ་མོག་མོག་པོར། །

ལམ་ཤེས་འཁོར་གྱི་འོད་བཞིན་རབ་བཅོམ་སྟེ། །

ཡབ་སྲས་གཉིས་དང་རྗེ་བཙུན་འཕགས་སེང་ལུགས། །

ལྷམ་མེ་ལྷན་ནེ་ས་གསུམ་གསལ་འདི་ལྟོས། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

                                                                                                                       རྩོམ་སྒྲིག་པ། མང་ར་བ།

           གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།