ཀུན་མཁྱེན་ཕར་ཕྱིན་ལས་སྐབས་གཉིས་པའི་མཆོད་བརྗོད།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་དཔྱོད་ནོར་བུའི་ཕྲེང་མཛེས་མཁས་པའི་མགུལ་རྒྱན་ལས་སྐབས་གཉིས་པ་བཞུགས་སོ། །
མཆོད་བརྗོད།
བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
འགྲོ་བའི་དུས་ནའང་བརྩེ་བའི་སྙིང་སྟོབས་རྫོགས་པའི་སེམས་བསྐྱེད་ཅིང༌། །
ལམ་གྱི་རྣམ་པའི་ཚོགས་ཀུན་རབ་བཞེས་ཚོགས་གཉིས་ཕ་རོལ་ཕྱིན། །
སྐུ་བཞིའི་གོ་འཕང་མཐོར་འཛེགས་མཚན་གྱི་སྒྲས་ཀྱང་འགྲོ་འདྲེན་པའི། །
པད་དཀར་ལྟར་བསྔགས་མགོན་པོ་ཉི་མའི་གཉེན་ལ་ཕྱག་བྱས་ཏེ།
སྲིད་པའི་དུག་འབྱིན་ཞི་བའི་རྡུལ་སེལ་བའི། །ལམ་གསུམ་ཤེས་པའི་སྲིད་ལ་མྱང་འདས་བཞིན། །རོལ་མཛད་རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་མཆོག །རབ་དང་ཕུལ་དེ་རྒྱལ་ཚབ་གསུང་བཞིན་འགོད། །འཇིག་རྟེན་འདུ་འཛི་བླུན་པོའི་ཟོལ་སྦྱོར་དང༌། །དམན་པའི་བདེར་ཆགས་སྙོམས་ལས་ཙམ་མིན་པའི། །ངལ་མེད་ངལ་བརྒྱས་དུབ་ཀྱང་རྒས་གྱུར་ཀྱང༌། །སེམས་ཀྱི་སྤྲོ་བ་འབུམ་གྱིས་འཇུག་ལ་སྤྲོ། །
མཚམས་སྦྱར།
གཉིས་པ་རྣམ་མཁྱེན་དེར་བགྲོད་པའི་ལམ་ཤེས་བཤད་པ་ལ་མཚམས་སྦྱར་བ་དང༌། ཆོས་བཅུ་གཅིག་གིས་ལམ་ཤེས་མཚོན་ཏེ་བསྟན་པ་དང༌། སྐབས་བསྡུ་བ་གསུམ། དང་པོ་ནི། འགྲེལ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི། ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད། ཅེས་བྱུང༌། འདི་ལ་འཕྲོས་སྦྱོར་བ་མཐའ་དཔྱད་པ་གསུམ། དང་པོ་ནི། རབ་འབྱོར་གྱི་ལེའུ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ལམ་ཤེས་གཉིས་པས་བཤད་པ་ལྟ་བུ་ཉམས་སུ་ལེན་དགོས་ཚུལ་འཆད་པར་འདི་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པའི་རྗེས་སུ་ལམ་ཤེས་བཤད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་དེ་ཐོབ་པ་ལ་ལམ་ཤེས་ཉམས་སུ་ལེན་པ་སྔོན་དུ་འགྲོ་དགོས་པས་འདིར་བཤད་པའི་ཕྱིར། མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། སྐབས་གཉིས་པའི་བསྟན་བྱའི་གཙོ་བོའི་ལམ་ཤེས་ཡིན་ན་རྒྱུ་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། ལམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐབས་དང་པོའི་བསྟན་བྱའི་གཙོ་བོ་དང༌། འབྲས་བུ་ཆོས་སྐུ་སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་འབྲས་བུ་ལམ་ཤེས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། ལམ་ཤེས་སྐབས་གཉིས་པའི་བསྟན་བྱའི་གཙོ་བོ་མ་ཡིན་པར་ཐལ། སྐབས་གཉིས་པའི་བསྟན་བྱའི་གཙོ་བོ་ཡིན་ན་རྒྱུ་ལམ་ཤེས་ཡིན་དགོས་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། དེ་ཉིད་ཀྱིས་རྒྱུ་ཙམ་ཞིག་དྲངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་བཞག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེར་རབ་དགའ་ལ་སོགས་པ་ས་བཅུའི་ལྡོག་ཆ་ནས་བཤད་པ་དེ་ལས་འདིར་མཐོང་སྒོམ་གྱི་ལམ་ཤེས་ཀྱི་ལྡོག་ཆ་ནས་སྟོན་ཞེས་པའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་གྱི་མངོན་རྟོགས་དེ་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་འཕགས་ལམ་ཡིན་པར་ཐལ། ལམ་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་གྱི་འཕགས་ལམ་ཐོབ་དགོས་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ལམ་ཤེས་ལ་ཐེག་ཆེན་འཕགས་ལམ་གྱིས་མ་ཁྱབ་པར་ཐལ། བྱང་སེམས་ཀྱི་ལམ་རྣམས་ལམ་ཤེས་ཡིན་པའི་ཕྱིར། དེར་ཐལ། ཡུམ་གསུམ་གནོད་འཇོམས་ཀྱིས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གནོད་འཇོམས་ལས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ནི་འདི་ལ་བྱང་ཆུབ་སེམས་དཔའི་དང་པོ་སེམས་བསྐྱེད་པ་ནས་མོས་པའི་སྤྱོད་པའི་ས་ནས་བཟུང་སྟེ། ཆོས་ཀྱི་སྤྲིན་ལ་ཐུག་གི་བར་དུ་ཞེས་གསུངས་པའི་ཕྱིར། གསེར་ཕྲེང་ལས་ཀྱང༌། འདིའི་ལུགས་ཙམ་བཤད་དོ། །རྩ་བར་འདོད་ན། མཁྱེན་གསུམ་འཕགས་ལམ་མ་ཡིན་པར་ཐལ། གཞི་ཤེས་ལམ་ཤེས་ལ་ཚོགས་ལམ་སོགས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གསུམ་གང་རུང་རྒྱུད་ལྡན་གྱི་སོ་སྐྱེ་མེད་པའི་ཕྱིར། ཉི་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་འགོད་པ་སྔོན་དུ་འགྲོ་བས། ཞེས་གསུངས་པའི་ཕྱིར།
ཡང་ཁ་ཅིག་ན་རེ། སྐབས་གཉིས་པ་འདིར་ལམ་ཤེས་དང་པོ་གཉིས་དང་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་ནས། ལམ་ཤེས་གསུམ་གའི་རྒྱུ་ངེས་འབྱེད་ཆ་མཐུན་མི་སྟོན་པ་མི་འཐད་པར་ཐལ། ལམ་ཤེས་གསུམ་གའི་རྒྱུ་སོགས་ཚང་བར་སྟོན་དགོས་པའི་ཕྱིར་ཞེ་ན་སྐྱོན་མེད་པར་ཐལ། སྐབས་དང་པོར་བཤད་ཟིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་འདིར་སྟོན་མི་དགོས་པར་ཐལ། དང་པོར་རབ་དགའ་སོགས་ས་བཅུ་བཤད་པ་དེར་བྱང་སེམས་ཀྱི་མཐོང་ལམ་སོགས་བཤད་པའི་ཕྱིར་ཞེ་ན་དེའི་སྐྱོན་ཡང་མེད་པར་ཐལ། དང་པོར་སེམས་བསྐྱེད་སོགས་ཆོས་བཅུ་རྣམ་མཁྱེན་གྱི་ཡུལ་དུ་བཤད་པས་དེ་རྟོགས་ཀྱི་མཁྱེན་པ་མཐར་ཐུག་རྣམ་མཁྱེན་དུ་གོ་ཡང་དེའི་རྒྱུར་མི་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། དེས་དེང་དུས་འགའ་ཞིག་ལྟར་རྣམ་མཁྱེན་གྱིས་ཐམས་ཅད་མི་མཁྱེན་སྙམ་པའི་ལོག་རྟོག་སེལ་བའི་ཕྱིར། འགྲེལ་ཆེན་ལས། 446རྒྱུ་དང་འབྲས་བུ་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་པ་ཡིན་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་མཁྱེན་དེར་བགྲོད་པའི་ལམ་རྣམས་དེ་སྐབས་སུ་མ་གསུངས་སྙམ་པའི་ལོག་རྟོག་སེལ་བའི་ཕྱིར། འགྲེལ་ཆེན་ལས། རྒྱལ་བའི་སྲས་རྣམས་ཀྱི་ལམ་ནི་དེ་ལས་གསུངས་པ་མ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར། ཞེས་སོ། ། དེ་ལ་ཁོ་ན་རེ། རྣམ་མཁྱེན་ཐོབ་པ་ལ་ཐེག་པ་གསུམ་གྱི་ལམ་ཤེས་རྫོགས་པར་སྒོམ་མི་དགོས་པར་ཐལ། དེ་ཐོབ་པ་ལ་གནས་ལུགས་གཅིག་པུ་སྒོམ་པས་ཆོག་སྙམ་པ་དང༌། དེ་ལ་སྐྱབས་འགྲོ་ཙམ་གྱིས་ཀྱང་ཆོག་སྙམ་པ་དང༌། བྱང་སེམས་ཀྱི་འཁོར་བར་སྐྱེ་བ་ལེན་དགོས་པས་སྐྱོ་བ་མི་མཛེས་ཉན་ཐོས་ལ་མཛེས་སྙམ་པའི་ལོག་རྟོག་རྣམས་ཡོད་པའི་ཕྱིར་ཟེར་ན། དང་པོ་མི་འཐད་པར་ཐལ། ཐབས་ཤེས་གཉིས་ཚང་བར་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་བྱེ་མདོ་དབུ་སེམས་ཀུན་མཐུན་པའི་ཕྱིར། མཛོད་ལས། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ༌། །ཞེས་དང༌། ཉན་ཐོས་སྡེ་བའི་མདོ་ལས། ཕ་རོལ་ཕྱིན་བཅུ་རྫོགས་གྱུར་ནས། །སངས་རྒྱས་ཆོས་རྣམས་མངོན་གྱུར་པ། །ཞེས་དང༌། ཐེག་ཆེན་གྱི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བ། ཞེས་གསུངས་པའི་ཕྱིར། གཉིས་པ་ཡང་མི་འཐད་པར་ཐལ། ཤེས་རབ་སོགས་ཕར་ཕྱིན་དྲུག་མ་ཚང་བར་སངས་རྒྱས་པ་མེད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་སར་འཁྲིད་པ་ཤེས་རབ་ལ་ལྟོས་པའི་ཕྱིར། མདོ་ལས། ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བ། ཞེས་དང༌། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་དང༌། དབུ་མ་སྙིང་པོ་ལས། རིག་པ་སྐྱེས་པས་མ་རིག་སོགས། །ཀུན་སྦྱོར་ལྡོག་པར་འགྱུར་བའི་ཕྱིར། །ཆགས་སོགས་འཆིང་བ་ལས་གྲོལ་བར། །གྲོལ་བ་ཞེས་ནི་བརྗོད་པ་ཡིན། །ཞེས་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡང་མི་འཐད་པར་ཐལ། བྱང་སེམས་ཀྱིས་ཉན་ཐོས་ལས་སྡུག་བསྔལ་དང་སྐྱོ་བ་འབུམ་འགྱུར་དུ་སྒོམ་པའི་ཕྱིར་ཏེ། བྱང་སར་སྡུག་བསྔལ་བརྒྱ་རྩ་བཅུ་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་བསྒོམ་ན་སྙིང་རྗེ་ཡོངས་སུ་དག་པ་དང༌། བྱང་ས་ལས་ཉན་རང་སོགས་ལས་འཕགས་པར་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། དེ་ལྟར་ན་འཁོར་བ་ལ་སྐྱོན་དུ་ལྟ་དགོས་པས་འཁོར་བར་སྐྲག་ན་ཉན་ཐོས་ཀྱི་ལམ་དུ་ལྟུང་བས་དེ་བྱང་སེམས་ལ་བཀག་པའི་ཕྱིར། གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་དེ་ཉིད་ཉེ་བར་བཟུང་ནས་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ལམ་ལགས་སོ། །ཞེས་དང༌། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་པ་ལ་སྐྲག་ན་ནི་སྤྱོད་ཡུལ་མ་ལགས་པར་ལྟུང་ངོ༌། །ཞེས་དང༌། བཅོམ་ལྡན་འདས་ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པར་འགྱུར་ལགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སླར་ཡང་འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འགྱུར་ལགས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེ་དག་གི་དོན་ཟླ་བས་བྱང་སེམས་གཞན་དོན་དུ་འཁོར་བར་གནས་ཚེ་འགྲོ་བའི་སྡུག་བསྔལ་ཐམས་ཅད་བསྡོམས་ནས་རང་གི་སེམས་ཐོག་ཏུ་བབས་ཀྱང་སྐྱོ་བ་དང་བྲེད་པ་མེད་པར་གཞན་དོན་ལ་དགའ་བའི་ཤེས་བྱེད་དུ་དྲངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱང་སེམས་འཁོར་བར་ལུས་ངག་ཡིད་གསུམ་གནས་ཀྱང་སེམས་འཁོར་བར་ཆགས་པས་མི་གནས་པའི་ཕྱིར། དེར་ཐལ། དེའི་མི་གནས་ཐབས་འཁོར་བའི་སྐྱོན་མཐོང་བའི་བློ་ཡིན་པར་ལེགས་ལྡན་འཕགས་གྲོལ་སོགས་བཞེད་པའི་ཕྱིར། བྱང་སེམས་ཀྱི་དབང་དུ་བྱས་ནས། བཞི་བརྒྱ་བ་ལས་ཀྱང༌། མཁས་པ་རྣམས་ལ་མཐོ་རིས་ཀྱང༌། །དམྱལ་བ་དང་མཚུངས་འཇིགས་སྐྱེད་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་སྐྱེད་དཀོན། །ཞེས་གསུངས་པའི་ཕྱིར་དང༌། ཉི་སྣང་ལས་ཀྱང༌། སྐྱོན་མཐོང་ཕྱིར་ན་སྲིད་པ་མིན། །ཞེས་གསུངས་པའི་ཕྱིར།
(446) པར་ཐེངས་གཉིས་པ། རྒྱུ་དང་འབྲས་བུ་གཉིས་ལས།
རང་ལུགས་ལ། མཐའ་གཉིས་འགོག་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ལམ་ཤེས་ཀྱི་མཚན་ཉིད། རྟོགས་རིགས་ཀྱིས་དབྱེ་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སོགས་གསུམ་དང༌། ངོ་བོའི་སྒོ་ནས་རྒྱུ་ལམ་ཤེས་དང་འབྲས་བུ་ལམ་ཤེས་གཉིས། དང་པོ་དང་བྱང་འཕགས་ཀྱི་ལམ་དོན་གཅིག །གཉིས་པ་དང་རྣམ་མཁྱེན་དོན་གཅིག །ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །
རྩོད་པ་སྤོང་བ་ལ་ཁོ་ན་རེ། བྱང་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། སྟོང་ཉིད་རྟོགས་པར་ཐལ། སྟོང་ཉིད་འཛིན་སྟངས་སུ་དམིགས་པའི་ཕྱིར། དེར་ཐལ། དམིགས་མེད་ལ་དམིགས་པའི་ཕྱིར། དེར་ཐལ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་ལ་ཚིག་བསྡུས་པ་ཡིན་པའི་ཕྱིར།
སྨྲས་པ།
འཁོར་བའི་ཉེས་པ་མཐོང་བའི་སྤྱན་རས་སྟོང༌། །བརྩེ་བའི་འགྲོ་ལ་གཟིགས་པ་མི་དམན་པས། །འཁོར་བ་དགའ་ཚལ་བཞིན་གཟིགས་འགྲོ་བ་རྣམས། །སྐྱོང་མཛད་བྱམས་འཇམ་སྙིང་རྗེའི་གཏེར་སོགས་རྨད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
