ཀུན་མཁྱེན་ཕར་ཕྱིན་ལས་ངེས་འབྱུང་སྒྲུབ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 20:10:31     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 865315979266556060.jpg

    བཞི་པ་ངེས་འབྱུང་སྒྲུབ་པ་ནི། རྩ་བར། ཆེད་དུ་བྱ་དང་མཉམ་ཉིད་དང༌། །སོགས་ཚིགས་བཅད་གཉིས་བྱུང༌། དེ་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར། ནས། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་ཡང་སེམས་ཅན་གྲངས་མེད་ཚད་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ཞེས་པའི་བར་གྱིས་གསུངས་པའི་བྱང་སེམས་ཀྱི་སྦས་དོན་མངོན་རྟོགས་རྣམས་བསམ་པའི་གོ་བགོས། དངོས་སུ་འཇུག །ཚོགས་བསགས་པས། མི་མཐུན་ཕྱོགས་ལས་རྒྱལ་ཚུལ་བརྒྱད་ཀྱི་སྒོ་ནས་བཤད་པ་ལ་འདི་བྱུང་སྟེ། ཉི་སྣང་ལས། གོ་བགོས་པ་ནི་འཇུག་གོ། ཞུགས་པ་ནི་དཔུང་གི་ཚོགས་བསོག་གོ །དཔུང་གི་ཚོགས་བསགས་པ་ནི་མ་རྒྱལ་པ་ལས་རྒྱལ་བ་ཐོབ་པའི་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས། གཉིས་པ་ནི། མདོ་དེ་ཆོས་ཅན། ཁྱོད་ཀྱིས་ངེས་འབྱུང་སྒྲུབ་པ་བསྟན་ཚུལ་ཡོད་དེ། ཡུལ་གྱི་སྒོ་ནས་མི་མཐུན་ཕྱོགས་ལས་རྒྱལ་ཚུལ་གྱི་ཆེད་དུ་བྱ་བ་ལ་ངེས་པར་འབྱིན་པ་ནས། ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་བརྒྱད་ཀྱི་སྒོ་ནས་བཤད་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་སེམས་དཔའི་རྣལ་འབྱོར་ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། ཐེག་ཆེན་གྱི་མཐོང་སྒོམ་གང་རུང་ཡིན་པའི་ཕྱིར། འདོད་ན། དག་སའི་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ངེས་འབྱུང་སྒྲུབ་པའི་མ་མཐའ་ས་བརྒྱད་པ་ནས་འཇོག་པའི་ཕྱིར་ཏེ། རྣམ་བཤད་ལས། ཁྱད་པར་གྱི་ལམ་ས་བརྒྱད་པ་ཡན་ཆད་ལ་བྱས་ན་ངེས་འབྱུང་སྒྲུབ་པ་ཡང་དེ་ན་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མཐོང་ལམ་ཡང་ངེས་འབྱུང་སྒྲུབ་པ་ཡིན་པར་ཐལ། དེ་ཡིན་པར་ཨ་བྷྱས་གསུངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཐུབ་དགོངས་ལས། འདིར་མཐོང་བ་དང་སྒོམ་པའི་ལམ་གཉིས་གསུངས་ཏེ་སེམས་བསྐྱེད་པ་ཉི་ཤུའི་བར་ནི་ངེས་པར་འབྱུང་བའི་སྒྲུབ་པའོ། །ཞེས་གསུངས་པའི་ཕྱིར། འདི་ངེས་འབྱིན་གྱི་དབང་དུ་བྱས་སོ། །རྩ་བར་འདོད་མི་ནུས་ཏེ། ཐོགས་མེད་ཀྱིས་སྒོམ་ལམ་ཡིན་པར་བཤད་པའི་ཕྱིར་ཏེ། རྒྱན་སྣང་དུ་ཐོགས་མེད་ཀྱི་ལུང་དྲངས་པ་ལས། ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ས་བཅུ་བ་ཁོ་ན་ལ་ཡོད་པར་ཐལ། ཀ་མཱ་ལ་ཤི་ལས། ངེས་པར་འབྱུང་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ངེས་འབྱུང་སྒྲུབ་པ་མཐར་ཐུག་པའི་དབང་དུ་བྱས་པའི་ཕྱིར རྩ་བར་འདོད་མི་ནུས་ཏེ། ཐོགས་མེད་ཀྱིས་སྒོམ་ལམ་དང་སློབ་དཔོན་གྱིས་ཁྱད་པར་གྱི་ལམ་དུ་བཤད་པའི་ཕྱིར། ངེས་འབྱུང་སྒྲུབ་པ་དང༌། སྲིད་ཞི་མཉམ་ཉིད་ཀྱི་སྒྲུབ་པ་དང༌། ཞིང་དག་སྦྱོར་བ་དང༌། ཐབས་མཁས་སྦྱོར་བ་དང༌། དག་སའི་ཡེ་ཤེས་རྣམས་དོན་གཅིག་པའི་ཕྱིར་ཏེ། དེ་དག་གིས་བཤད་པས་ཤེས་པའི་ཕྱིར།

    རང་ལུགས་ནི། ཚོགས་གཉིས་ཀྱི་སྟོབས་ཀྱིས་རྣམ་མཁྱེན་དུ་ངེས་པར་འབྱུང་བའི་དག་སའི་ཡེ་ཤེས་དེ། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡིན་ཏེ། རྒྱལ་ཚབ་རིན་པོ་ཆེའི་དོན་བདུན་ཅུའི་རྣམ་གཞག་རིན་ཆེན་ཕྲེང་བ་ལས། ཚོགས་གཉིས་ཀྱི་སྟོབས་ཀྱིས་རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་རྣལ་འབྱོར། ཞེས་གསུངས་པའི་ཕྱིར། དབྱེ་ན་བརྒྱད་ཡོད་དེ། ཁྱོད་ངེས་པར་འབྱུང་བའི་གཞི་བརྒྱད་ཡོད་པའི་ཕྱིར། དེ་བརྒྱད་ཡོད་དེ། ཆེད་དུ་བྱ་བ་ཆེན་པོ་གསུམ་གཅིག་ཏུ་བྱས་པ་དང༌། བདེན་སྟོང་མཉམ་པ་ཉིད་མཁྱེན་པའི་ཐུགས་རྗེ་ཆེན་པོ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཡེ་ཤེས་དང༌། འབད་མེད་གཞན་དོན་ལྷུན་གྲུབ་དང༌། སྲིད་ཞིའི་མཐའ་སྤངས་པའི་སྤང་བྱ་ཟད་པ་ཐོབ་པ་དང༌། སྤང་བྱ་ཟད་པས་ཐེག་པ་གསུམ་གྱི་རྟོགས་བྱའི་དོན་ཐམས་ཅད་རྟོགས་པ་ཐོབ་པ་དང༌། སེམས་བསྐྱེད་སོགས་ཆོས་བཅུ་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མཁྱེན་པ་དང༌། རྣམ་མཁྱེན་དེའི་ཁྱད་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་བརྒྱད་ཡོད་པའི་ཕྱིར་ཏེ། དང་པོ་སྤྱིའི་དམིགས་པའི་དབང་དུ་བྱས་པ་དང༌། དེ་ནས་གསུམ་སེམས་ཆེན་པོའི་དབང་དུ་བྱས་པ་དང༌། དེ་ནས་གཉིས་སྤོང་བ་ཆེན་པོ་དང༌། དེ་ནས་གཉིས་རྟོགས་པ་ཆེན་པོའི་དབང་དུ་བྱས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། ཆེད་དུ་བྱ་དང༌། ཞེས་དང༌། འགྲེལ་བར། ཆེད་དུ་བྱ་བ་ཇི་སྐད་བཤད་པ་དང༌། ཞེས་སོ། །གཉིས་པ་གྲུབ་སྟེ། རྩ་བར། མཉམ་ཉིད་དང༌། སེམས་ཅན་དོན་དང་འབད་མེད་དང༌ ཞེས་དང༌། འགྲེལ་བར། ཆོས་ཐམས་ཅད་མཉམ་པ་ཉིད་དང༌། སེམས་ཅན་གྱི་དོན་ཁྱད་པར་བྱེད་པ་དང༌། མཚན་མ་མེད་པར་བྱེད་པ་ཉིད་ཀྱི་ལྷུན་གྱིས་གྲུབ་པ་དང༌། ཞེས་སོ། །གསུམ་པ་གྲུབ་སྟེ། རྩ་བར། མཐའ་ལས་འདས་པར་ངེས་འབྱུང་དང༌། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །ཞེས་དང༌། འགྲེལ་བར། རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་དང༌། ཐེག་པ་གསུམ་གྱི་དོན་ཐམས་ཅད་ཐོབ་པ་དང༌། ཞེས་སོ། །བཞི་པ་གྲུབ་སྟེ། རྩ་བར། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །ཞེས་དང༌། འགྲེལ་བར། ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། དེའི་ཁྱད་པར་གྱི་ལམ་སྟེ། ཞེས་གསུངས་པའི་ཕྱིར། ས་མཚམས་ས་བརྒྱད་པ་ནས་རྒྱུན་མཐའི་བར་དུ་ཡོད། །

    རྩོད་སྤོང་ལ་ཁོ་ན་རེ། རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཟེར་ན། འདོད་པ་ཁོ་ན་ཡིན་ནོ། །ཁོ་རང་ལ། སངས་འཕགས་ཀྱི་འབྲས་བུ་བྱང་སེམས་ཆོས་ཅན། སངས་རྒྱས་ཀྱི་གོ་འཕང་མངོན་དུ་མི་བྱེད་པར་ཐལ། ངེས་འབྱུང་སྒྲུབ་པ་ལ་རྣམ་མཁྱེན་དུ་ངེས་པར་འབྱུང་བས་མ་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། འཚང་རྒྱ་ངེས་ཡིན་པའི་ཕྱིར་ཏེ། སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པའི་ཕྱིར་རོ། །

 

སྨྲས་པ།

མངར་བའི་རོ་མཆོག་ཀུན་མཁྱེན་བཱ་ཀུ་ལ་ཡི་འབྲས་བུའི་ཁུར་དུ་དུད། །

ཆོས་བཅུའི་འདབ་མ་རབ་རྒྱས་ཁྱད་འཕགས་རི་མོ་འབུམ་འཆར་མདོ་རྒྱན་འཕྲོས། །

ཕན་ཚུན་སྤེལ་བའི་ཡལ་འདབ་ཕང་ཕུང་རིན་ཆེན་རྒྱན་གྱི་ཚོགས་འཕྱང་འཕྲུལ། །

ལུང་རིགས་བྱེ་བའི་དྲི་བཟང་ངད་འཐུལ་སྔོན་མེད་མཆོད་སྤྲིན་སྟོན་མཆོག་ལའོ། །

    ཟབ་དོན་ཤེར་ཕྱིན་བྲང་འགྲོའི་སྙིང་པོ་ནི སྔོན་སྦྱངས་མ་ལ་ཡ་ཡི་ངོགས་སྐྱེས་པ། །མ་སྦྱངས་སྟོང་པའི་དགག་སྒྲུབ་བྲང་འགྲོའི་འཇིགས། །བློ་གྲོས་ལག་ལྡན་ཚོགས་ཀྱི་དགའ་བསྐྱེད་ཡུལ། །ཕྲ་ཞིབ་བཤད་ན་མཁས་པའང་འཁྲུལ་བསྐྱེད་ལ། །རྒྱ་ཆེར་སྤྲོས་ན་ནམ་མཁའ་དོག་བྱེད་མཁན། །རྒྱ་བོད་ལུགས་བཟང་བློ་གྲོས་གྲྭར་གནས་པའི། །ལེགས་བཤད་འགྲོ་བློར་འཚམས་སྤྲོས་རྗེ་བཙུན་བཞིན། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་དང་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་མཐའ་དཔྱོད་ལེགས་པར་བཤད་ཟིན་ཏོ།། །།

                                                                                                                       རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།